Monday, January 19, 2015

ཀ་རྩོམ།


འཁོར་བའི་བུ་ཆུང་གི་ཀ་རྩོམ།
ཀ་ལ་རྫམ་ནང་བླུགས་ཏེ་འཐུང་རུང་ར།།ཁ་ལུ་ཚིམ་ནི་མེད་པའི་ཨ་རག་འདི།།
ག་དེ་འབད་རུང་སྤང་ར་སྤང་དགོ་པས། །ང་ལུ་སྤང་ནིའི་ཐམས་ལམ་སྟོན་གནང་མས།།


ཅ༌ཅོ་ཟང་ཟིང་ཆེ་བའི་ཆང་ཁང་ནང་།།ཆ་རོགས་གཞན་ཚུ་གསོལ་ཇ་འཐུང་པའི་སྐབས།།
ཇ་ལས་ཆང་རང་གདམ་ཁ་རྐྱབ་མི་ང་།།ཉ་སྐམ་བཟུམ་སྦེ་གཟུགས་ཡང་བསྐམ་ཚར་དོ།།

ཏ་བག་འདྲ་བའི་བུ་ངིའི་ཕོ་བའི་ནང་།།ཐ་གྲུ་མེད་པར་སྨྱོ་ཆང་འདེགས་བཞག་སྟེ།།
ད་ཆའི་མི་ཚེ་སྟོང་ལོག་གཏང་མི་ང་།།ན་འཐན་དཔྱད་ན་ང་ལས་སྐྱོཝ་ཅིག་མེད།།

པ་ལང་ནང་གི་ཆང་ལུ་སེམས་ཆགས་ཏེ།།ཕ་མ་སྤུན་ཆ་སེམས་ཁར་མ་དྲན་པའི།།
བ་གླང་འདྲ་བའི་འཁོར་བའི་བུ་ཆུང་ང་།།མ་བཟང་བུ་བརྒྱུད་ཨིན་རུང་དོན་མིན་འདུག།

ཙ་ཀ་ཙི་ཀི་ཐོབ་མིའི་དངུལ་བཀྲམ་ཚུ།།ཚ་གྱང་མེད་པར་ཆང་རིན་སྤྲོད་ཚརཝ་ད།།
ཛ་རག་འདྲ་བའི་ཕོཝ་ནང་ལྟོ་མེད་པར།།ཝ་མོ་བཟུམ་སྦེ་བཟའ་འཐུང་འཚོལ་དགོ་པས།།

ཞྭ་གོས་ཉོ་ནིའི་དངུལ་ཡང་ཆང་རིན་སྤྲོད།།ཟ་ནིའི་རིགས་ལས་འཐུང་ནི་དེ་རང་འཚོལ།།
འ་རི་འུ་རི་ཚབ་ཚུབ་ཐབ་ཐོབ་སྦེ།།ཡ་མཚན་ཆེ་བས་བུ་ངེའི་འབད་གཞག་འདི།།

ར་བཟི་སེམས་ཁམས་དཀྲུགས་པའི་རྫད་ངན་ཚུ།།ལ་ལུང་རྒྱབ་ལུ་ཡོད་རུང་འཚོལ་ཐབས་སྟོན།།
ཤ་ཞེན་མེད་པའི་མི་ངན་ང་བཟུམ་ཅིག།ས་སྟེང་འདི་ནང་གཞན་ཡང་ཡོད་ག་སྨོ།།

ཧ་བེ་ཧོབ་བེ་བུ་ངེའི་འབད་གཞག་འདི།།ཧ་ཧ་མི་རྣམས་དགོད་བྲོའི་གཞི་ཅིག་མས།།
ཨ་ཁའི་ང་བཟུམ་མི་ངན་བཀྲ་ངན་འདི།།ཨ་ཧོ་ཤི་རུང་སྡོད་རུང་དོན་མིན་འདུག།

སྤྲང་འཁྱམས་པོ་འཁོར་བའི་བུ་ཆུང་གིས་དགོད་བྲོའི་ཚུལ་དུ་ ༢༣/༡༢/༢༠༡༤ ལ་བྲིས་པ་དགེ།

1 comment:

Unknown said...

ཀ་ཁ་ག་ང་ཡོན་ཏན་ལྷབ་པའི་བསྒང་།།
ཁ་ལས་སྨྱོ་རྫས་གཏམ་ཁུ་སྨྱོ་ཆང་ཚུ།།
ག་ལས་བསྐོར་རུང་བཟའ་སྤྱོད་མ་འབད་ཟེར།།
ང་གིས་ཧིང་ལས་གསོལ་བ་བཏབ་ནི་ཨིན།།

ཅ་ལ་གསེར་དངུལ་རིན་གོང་ཆེ་མི་ཚུ།།
ཆ་རོགས་གཞན་ལུ་ཤོར་ནིའི་ཉེན་ཁ་ཡོད།།
ཇ་ཡུན་ཙམ་ལུ་ལྷབ༌མིའི༌ཡོན༌ཏན༌འདིནི།།
ཉ༌མོ༌ཆུ༌དང༌བྲལ༌བ༌མེདཔ༌བཟུམ༌ཨིན།།

ཏ༌སི༌ཤོ༌ཚུ༌ལང༌ཤོར༌ཚུད༌པ༌ཅིན།།
ཐ༌ལ༌རྒྱུ༌དངུལ༌ཤོར༌ནིའི༌ཉེན༌ཁ༌ཡོད།།
ད༌འབདན༌ལཱ༌ངན༌དེ༌བཟུམ༌སྤང༌སྟེ༌གིས།།
ན༌ཆུང་ཁྱེད་ཚུ་ཤེས་ཡོན་རྩ་འགེངས་ལྷབ།།

པ༌ལང༌ནང༌ལས༌ཆང༌ར༌འཐུང༌སྟེ༌གིས།།
ཕ༌མ༌བཟང༌པོར༌ཞབས༌ཏོག༌མེད༌པ༌ཅིན།།
བ༌གླང༌ཚུ༌དང༌དབྱེ༌བ༌མེདཔ༌ཨིནམ༌ལས།།
མ༌བཟང༌ཕ༌བརྒྱུད༌ལེགས༌པའི༌རིགས༌ཅིག༌མེན།།

ཙཱ༌རིའི༌གནས༌ཆེན༌འདྲ༌བའི༌འབྲུག༌ཡུལ༌ནང༌།།
ཚ༌གྱང༌སྡུག༌བསྔལ༌མེད༌པར༌སྡོད༌པ༌ཅིན།།
ཛཱ༌ཏི༌སྨན༌དང༌འདྲ༌བའི༌ཁ༌ཟས༌ཚུ།།
ཝ༌སྐད༌བཟུམ༌སྦེ༌རྐྱབ༌རུང༌འཐོབ༌མི༌ཚུགས།།

ཞ༌བོ༌ཐང༌ན༌ལྷོདཔ་བཟུམ༌སྡོད༌པ༌ཅིན།།
ཟ༌བའི༌ལྟོ༌ཡང༌ཐོབ༌པར༌ལ༌ཁག༌འོང༌།།
འ༌མོ༌བཟུམ༌སྦེ༌རིག༌རྩོལ༌མ༌བཏོན༌ན།།
ཡ༌ཅིག༌འབད༌མི༌མེད༌པར༌ལུས༌འོང༌མས།།

ར༌ལུག༌བཟུམ༌སྦེ༌མནོ༌ཡུལ༌མ༌གཏང༌ན།།
ལ༌ལུང༌བརྒལ༌རུང༌རང༌དོན༌གྲུབ༌མི༌ཚུགས།།
ཉ༌མོ༌ཆུ༌ནང༌འཁྱུག༌རྩོལ༌ངོམས༌དོ༌བཟུམ།།
ས༌སྟེང༌ལུང༌པར༌མཁས༌པའི༌ལས༌ལུ༌བརྩོན།།

ཧ༌སག༌ལོང༌སྟེ༌ཆོས༌ལུ༌བརྩོན༌པ༌ཅིན།།
ཨ༌མའི༌བུ༌ལུ༌ཡོན༌ཏན༌ལེགས༌ཤོམ༌ཐོབ།།
ཨ༌མའི༌བུ༌ལུ༌ཡོན༌ཏན༌ཡོད༌པ༌ཅིན།།
ཨ་ཧོ་དགའ༌ལྡན༌ཁྲི༌ལུ༌བདག༌པོ་མེད།།