Friday, January 2, 2015

སྐྱེས་རྩིས་ཀྱི་དཔེ། ༼བུ་མོ་སངས་རྒྱས་ཆོས་འཛོམས་ཀྱི་སྐྱེས་རྩིས།༽



༄༅།   །ཀུན་རྫོབ་བསླུ་མེད་རྟེན་འབྱུང་འབྲས། །སྣ་ཚོགས་ལམ་ནས་གསལ་མཛད་པ།།
ས་བཅུའི་དབང་ཕྱུག་འཇམ་པའི་དཔལ། །ལུང་བསྟན་འཆད་ལ་གཤིས་པ་སྩོལ།།
འཕེན་བྱེད་རྣམ་དག་ཚུལ་ཁྲིམས་གཙང་མ་ཡིས། །བདེ་འགྲོ་མི་ཡི་ལུས་རྟེན་འདིར་འཕངས་པ།།
སངས་རྒྱས་ཆོས་འཛོམས་ཁྱོད་ལ་རྫོགས་བྱེད་གང་། །སྐྱེས་པའི་རྟེན་འབྲེལ་ལས་ནི་བརྟག་པར་བྱ།།

༼༡༽ རེས་གཟའ་མིག་དམར་ལ་སྐྱེས་པས། །ཤེས་རྒྱུད་རྩུབ་ཅིང་ང་རྒྱལ་ཆེ། །དབྱེན་དང་སྡིག་ལ་དགའ་བ་དང་། །ཟས་ནོར་དམར་པོའི་རིགས་རྣམས་འཕྲོད།། ༼༢༽ ཡར་ངོ་རྫོགས་པ་དང་པོའི་འབྲས། །ཆོས་ལ་དགའ་ཞིང་འཆི་བའི་ཉན།། ༼༣༽ རྒྱུ་སྐར་ལྷ་མཚམས་ལ་སྐྱེས་པས། །དཀར་པོའི་ཆོས་ལ་སྤྱོད་པ་དང༌།། ནོར་ལྡན་ཚིག་འཇམ་བྱེས་འགྲོ་བཟང༌། །ཁྲིམས་གཙང་ཤེས་ལྡན་གཟུགས་བཟང་ཞིང༌། །ཉེར་བརྒྱད་ལས་བརྒལ་ཡུན་དུ་གནས།། ༼༤༽ ཉི་ཟླ་བསྲེས་པའི་རྣམ་སེལ་གྱིས། །གཞན་ལ་ཕན་པའི་བྱ་བར་བརྩོན།། ༼༥༽ ཕྱི་ཆའི་བྱེད་པ་བྱིས་པ་ཡིས། །རྒན་ལ་བསྙེན་བཀུར་ཞབས་ཏོག་བཟང་།།

༈  ད་ནི་ལོ་ཟླ་ཞག་སོགས་ཀྱི། །འབྱུང་རྩིས་འགྲེལ་བཤད་མདོར་ཙམ་འཆད།། ༼༡༽ རྟ་ཡི་ལོ་ལ་སྐྱེས་པས་ན། །རྫུ་འཕྲུལ་ཤུགས་ལྡན་བརྩོན་འགྲུས་ཆེ། །གཞན་གྱི་དབང་དུ་མི་འགྲོ་ནའང་། །རང་དོན་བཞག་ནས་གཞན་དོན་གཉེར། །ནད་གཞི་རླུང་དང་བད་ཀན་ལྡང་། །ཚེ་སྨད་ཤིན་ཏུ་སྐྱིད་པ་འོང་།། ༼༢༽ དགུན་ར་ཕག་ལ་སྐྱེས་པས་ན། །གཉིད་ཆེ་ཁ་ཟས་ཕྲན་ལ་དགའ། །སྨྲ་ཚིག་གྱོང་ལ་བཞིན་འཛུམ་ནག །ཁ་གསག་ཆེ་ལ་བཟོད་བསྲན་ཆུང་།། ༼༣༽ ཕག་གི་ཞག་སྐྱེས་དྲིན་ལན་ཆུང་། །ངོ་ནག་ཁོག་གྱོང་ཚིག་མི་བཙན།། ༼༤༽ ལུག་གི་དུས་སྐྱེས་ཁ་སྨྲས་མང་། །གཞན་དང་འཐབ་རྩོད་མང་བ་ཡིན།། ༼༥༽ སྐྱེས་སྤར་ཁམ་སྐྱེས་ཞེ་འཁོན་བྱུང་། །ཕ་མར་མཐུན་དཀའ་ན་ཚ་མོད།། ༼༦༽ བཞི་ལྗང་སྐྱེས་པ་ཚེ་སྔོན་ཀླུ། །གདོང་དང་ལག་གཡོན་སྨེ་ཞག་ཡོད། །བྱོལ་སོང་སྐྱེ་དོགས་ཕྱག་རྡོར་བཞེངས། །ས་ཚྪ་བཏབ་ན་ཕྱུག་པོར་སྐྱེ། །མི་གཙང་ཟས་གོས་འཛེམ་པ་དང་། །ཀླུ་ལ་མཆོད་ན་དངོས་གྲུབ་འབྱུང་།།

 གཞུ་ཁྱིམ་ལ་སྐྱེས་ལོ་ཟླ་ཞག །བཅོ་བརྒྱད་གྲངས་ལ་ཆག་ཐལ་ན། །བདུན་ཅུ་འཚོ་ཞིང་དབྱར་འབྲིང་ངམ། །དགུན་རའི་བཅོ་ལྔ་སྐར་བར་ཆད་འོང་། །དེ་མིན་ཚུལ་ཁྲིམས་ལྡན་པ་དང་། །ལོངས་སྤྱོད་ཆེ་ཞིང་གཏོང་ལ་དགའ།།  



༈ དུར་སར་ཕུར་བུ་ཤར་བ་ན། །དུར་སྒོ་ལངས་པས་བསང་བསུར་གཏོང། །རྙེད་དང་སྟོར་བའི་ས་ལ་ནི། །ཞི་དྲག་འདྲེས་པས་གང་སྟོང་མེད། །གྲོགས་སར་དུས་མེ་གནས་པ་དང་། །དྲག་གཟའ་གཉིས་ཀྱིས་དེ་ལ་མཐོང་། །གཞན་ལ་ཕན་པ་ཅི་བྱས་ཀྱང་། །དགྲ་བོའི་གནོད་པ་རྒྱུན་མི་ཆད། །ལས་སར་སྡིག་ཅན་དྲག་པོས་འཁྱུད། །གློ་བུར་དགྲ་འོང་དོན་མི་འགྲུབ། གཏོར་བཟློག་དྲག་པོ་བྱ་བ་དང་། །ཕྱྭ་འགུག་གཡང་འགུག་བྱ་བར་གཅེས།། སྐྱེས་རྟགས་དཔུང་པར་གནས་པ་ན། །ཁུར་པོར་འགྱུར་ཞེས་གསུངས་ན་ཡང། །བྱ་བ་ལྷོད་ཡངས་མི་ཤོར་བར། །གང་བརྩམ་མཐར་འཁྱོལ་འོང་བར་འགྱུར།།

 ༈  ད་ནི་ཀུན་གཟིགས་དབྱངས་འཆར་ལས། །སྐྱེས་བུའི་ཚེ་ལོ་བརྒྱ་ཉི་ཤུ། །འཆད་ཚུལ་རྒྱ་བོད་ལུགས་གཉིས་ལས། །འདིར་ནི་འཕགས་ཡུལ་ལུགས་ལྟར་འཆད། །གཟའ་དགུས་རང་རང་དབང་བའི་དུས། །མཆན་བཀོད་ལྟར་དུ་ཡིན་པ་དང་། །སོ་སོས་དབང་བའི་དུས་དེ་ལ། །དགེ་སྡིག་གང་འབྱུང་མདོ་ཙམ་འཆད།།

སྤེན་པས་ལོ་བདག་བྱེད་པའི་རིང༌།། (29-09-2014           To      17-01-2023) བློ་གྲོས་མི་གསལ་ལེ་ལོ་ཆེ། །མི་མཐུན་ཕྱོགས་ཀྱིས་འཚེ་བ་དང༌།། ཡམས་རིམས་ཀླུ་ནད་གཞོག་ཕྱེད་ན། །དེར་དམིགས་ལམ་བཅོས་ཚ་ཚ་འདབ།། ལན་ཆགས་གཏོར་མ་བརྒྱ་རྩ་དང༌། །ཀླུ་བསངས་ཀླུ་གཏོར་ཡང་ཡང་གཏོང༌། །རྒྱལ་བའི་གསུངས་རབས་ཀློག་པ་དང༌། །འདུས་པའི་སྡེ་ལ་བསྙེན་བཀུར་ཕུལ། །ལྷོ་ཕྱོགས་ཆུ་ཡི་འགྲམ་ཉིད་དུ། །ཟངས་ཀྱི་སྣོད་ལ་ཆུས་བཀང་ཞིང༌། །ཤ་སྣ་ཁྲག་སྣ་སྦྱར་ནས་ནི། །བྱ་རོག་རྣམས་ལ་སྦྱིན་པ་གཏོང༌།།
ལྷག་པས་ལོ་བདག་བྱེད་པའི་རིང༌།། (17-01-2023 To 17-01-2040) ལུས་ལ་རླུང་ཁྲག་རིམས་ཀྱིས་གནོད།  །འོན་ཀྱང་གནོད་སྐྱོན་མི་ཆེ་ཞིང༌། །ཤེས་རབ་འཕེལ་ཞིང་གཞན་མགོ་ནོན། །ལོངས་སྤྱོད་འཕེལ་ཁ་རྒྱས་པ་དང༌།། སྐལ་བཟང་ཕུན་སུམ་ཚོགས་པར་འགྱུར།།
ཀེ་ཏུས་ལོ་བདག་བྱེད་པའི་རིང༌།། (17-01-2040   To      17-01-2047) ནོར་རྣམས་ཟད་ཅིང་དགྲ་དང་ཕྲད། །ལས་དང་བྱ་བ་འགྲུབ་དཀའ་ཞིང༌། །དོན་མེད་སྡུག་བསྔལ་འབྱུང་ངོ་ཡོད། །ངན་འབྲས་ཞི་ཐབས་གདུགས་དཀར་དང༌། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདོན། །འདུས་སྡེར་བསྙེན་བཀུར་འབུལ་བ་དང༌། །རང་ལུས་གོས་ཀྱི་སྤོང་ཐག་འབུལ། །རི་མགོར་དར་འཛུགས་ཀླུང་རྟ་བསགས། །སྲུང་མའི་བསྐང་གསོ་དྲག་ཏུ་བྱ།།

པ་སངས་ལོ་བདག་བྱེད་པའི་རིང༌།། (17-01-2047           To      17-01-2067) དཀར་པོའི་ཆོས་དང་བུད་མེད་འཐོབ། །བསམ་པའི་དོན་འགྲུབ་དགེ་བ་འཕེལ། །དབྱིག་སོགས་ནོར་འཐོབ་གྲགས་པ་རྒྱས། །ཕུན་སུམ་ཐམས་ཅད་འབྱུང་བ་དང༌། །ཁྱད་པར་དགའ་བའི་གྲོགས་ཀྱིས་བརྩེ།།
ཉི་མས་ལོ་བདག་བྱེད་པའི་རིང༌།། (17-01-2067   To      17-01-2073) གོང་མ་སོགས་ནས་རྙེད་པ་འབྱུང༌།། ལུས་ལ་དམར་ཁྲག་ཆམ་རིམས་དང༌། །ཚད་མཁྲིས་ནད་ཀྱི་ངོ་ཡང་ཆེ། །འདོད་དོན་སྒྲུབ་དཀའ་བསྒྲུབས་ན་ཡང༌། །ཕན་ཐོགས་ཆེ་བར་མི་འབྱུང་ངོ༌། །དེར་དམིགས་སྦྱིན་བསྲེག་བྱ་བ་དང༌། །ཕྱོགས་བཅུ་མུན་སེལ་སྒྲོལ་མ་འདོན། །རབ་བྱུང་སྡེའམ་སྔགས་འཆང་ལ། །བསྙེན་བཀུར་ཟངས་དང་དར་དམར་འབུལ། །ཁང་སྟེང་ཉི་ཁྱིམ་བཅུ་གཉིས་ཀྱི། །བྱད་གཟུགས་བཟོས་ནས་དར་དམར་བརྒྱན།།
ཟླ་བས་ལོ་བདག་བྱེད་པའི་དུས།། (17-01-2073 To         17-01-2083) གཉིད་ཆེ་མཛའ་གྲོགས་གོས་རྒྱན་འཐོབ།། དྲག་ལས་མི་དགེ་ཕྱི་ཐལ་ཆེ།། གཞན་གང་སྒྲུབ་ཀྱང་འགྲུབ་པར་འགྱུར། །དགྲ་ལས་རྒྱལ་ཞིང་བདེ་ཞིང་སྐྱིད། །མངལ་ཆགས་བུ་མོ་སྐྱེ་བར་འགྱུར།།
མིག་དམར་ལོ་བདག་བྱེད་པའི་རིང༌།། (17-01-2083        To 17-01-2090) དགྲ་དང་གྱོད་ཁའི་མེ་ལྕེ་མཆེད།། ལོངས་སྤྱོད་ཉམས་ཞིང་དོན་མི་འགྲུབ། །གཞན་གྱི་བུད་མེད་རྣམས་དང་འགྲོགས། །ལུས་ལ་ཁྲག་མཁྲིས་དམར་ངོ་ཆེ། །ཁྱིམ་ལའང་མེ་ཡིས་འཇིག་ཉེན་ཡོད། །དེ་ཚེ་ཏོག་གཟུངས་གདུགས་དཀར་དང༌། །ཤེར་ཕྱིན་དཀོན་མཆོག་བརྩེགས་པ་འདོན།། གསེར་སྦྱང་ལ་ནི་རང་གི་མིང༌། །བྲིས་ཏེ་ཤར་ལྷོའི་ཕྱོགས་སུ་འཛུགས།།
སྒྲ་གཅན་ལོ་བདག་བྱེད་པའི་དུས།། (17-01-2090 To 17-01-2108) ནོར་ཟད་གཉེན་བྲལ་སྡུག་བསྔལ་འབྱུང༌། །དེ་ཚེ་འདུས་སྡེར་བསྙེན་བཀུར་དང༌། །ལྕགས་དང་རགས་གན་དག་ཀྱང་འབུལ། །བཅོས་ཀ་སྐྱེས་པར་ཆང་སྦྱིན་ཞིང༌། །རྒྱལ་མཚན་རྩེ་ལ་གོས་རྒྱན་བཏགས། །དེ་ལྟར་བྱེད་ན་ཚེ་སྲིངས་ཞིང༌། །འདོད་དོན་ངང་གིས་འགྲུབ་པར་འགྱུར།།
ཕུར་བུས་ལོ་བདག་བྱེད་པའི་རིང༌།། (17-01-2108           To      17-01-2124) ཆོས་ནོར་གོས་འཕེལ་འདོད་དོན་འགྲུབ། །རིགས་སྔགས་འགྲུབ་ཅིང་མཁས་པ་དང༌། །ཉམས་དང་རྟོགས་པའི་ཡོན་ཏན་རྒྱས།།

ལུས་ལ་ལོག་འཚོ་མེད་པའི་བཀྲ་ཤིས་ཤོག །ངག་ལ་རྫུན་མེད་དྲང་པོའི་བཀྲ་ཤིས་ཤོག།
སེམས་ལ་གཡོ་སྒྱུ་མེད་པའི་བཀྲ་ཤིས་ཤོག །ཀུན་ལ་དམ་ཚིག་གཙང་བའི་བཀྲ་ཤིས་ཤོག།
དེ་ལྟར་འབད་པའི་དགེ་བ་ཡིས། །བུ་མོར་ཚེ་རིང་ནད་མེད་ཅིང་།།
ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་ཤོག།
ཅེས་པ་འདི་ཡང་དུས་རབས་ཉེར་གཅིག་པའི་རྩིས་པ་བསམ་གཏན་བྱ་བས་རབ་བྱུང་བཅུ་བདུན་པའི་ཤིང་རྟ་མགོ་ཟླ་ཡར་ངོ་བཟང་པོ་གཉིས་པའི་ཉིན་བྲིས་པའོ།།      །།

No comments: