Sunday, October 5, 2014

འཕགས་ལམ་ཡན་ལག་བརྒྱད།

༡ཡང་དག་པའི་ལྟ་བ། ༢ཡང་དག་པའི་རྟོག་པ། ༣ཡང་དག་པའི་ངག ༤ཡང་དག་པའི་ལས་ཀྱི་མཐའ། ༥ཡང་དག་པའི་འཚོ་བ། ༦ཡང་དག་པའི་རྩོལ་བ། ༧ཡང་དག་པའི་དྲན་པ། ༨ཡང་དག་པའི་ཏིང་ངེ་འཛིན།
(Eight Fold noble paths- Right view, right thought, right speech, right action, right livelihood, right effort, right mindfulness and right meditative stabilization)
༡༽ ཡང་དག་པའི་ལྟ་བ་འདི་གཞི་ག་ཅི་ལུ་ཡང་སྦྱར་བཏུབ་ཨིན། ད་ལྟོ་ཆོས་དང་འབྲེལ་བའི་གནས་སྟངས་ལུ་སྦྱར་བའི་སྐབས་ལུ། ཀུན་འབྱུང་ལས་བརྟེན་ཏེ་སྡུག་བསྔལ་གྱི་འཁོར་བ་འཁོར་ཚུལ་དང་། ལམ་ལུ་བརྟེན་ཏེ་སྡུག་བསྔལ་འགོག་པའི་ཐར་པ་འཐོབ་ཚུལ་གྱི་བདེན་བཞིའི་གཞི་འབྱམས་ཀྱི་མནོ་བསམ་གཏང་ཐངས་གཅིག་ལུ་ཡང་དག་པའི་ལྟ་བ་ཟེར་གོ་ནི་ཨིན།
༢༽ ཆོས་དང་འཇིག་རྟེན་གྱི་བྱཱ་བ་ག་ཅི་གི་ཐད་ལུ་འབད་རུང་ དགོཔ་ངེས་བདེན་ག་ཅི་ཨིན་ན། མ་དགོཔ་ག་ཅི་ཨིན་ན། འབད་དགོཔ་ག་ཅི་དང་། འབད་མ་དགོཔ་ག་ཅི་ཨིན་ན་ཚུ་ཤེས་ཞིནམ་ལས་ གཞན་ལུ་གནོད་འཚེ་སྤོང་སྟེ་རང་གཞན་བདེ་སྐྱིད་ཀྱི་ངང་ལུ་གནས་ཐབས་ཀྱི་མནོ་བསམ་གཏང་ཐངས་(right understanding)གཅིག་ལུ་ཡང་དག་པའི་རྟོག་པ་ཟེར་སླབ་ནི་ཨིན།
༣༽ དེ་ལས་གཞན་དང་གཅིག་ཁར་བློ་ཅིག་སླབ་རུང་མཐོ་ས་ལུ་ངོ་བསྟོད་འབད་ནི། དམའ་ས་ལུ་དམའ་འབེབས་འབད་ནི་མེན་པར་ དོན་དང་འབྲེལ་བའི་བློ་དེ་ཚུ་ཞི་འཇམ་བག་ཕེབས་ཀྱི་སྒོ་ལས་སླབ་ནི་གཅིག་ལུ་ཡང་དག་པའི་ངག་ཟེར་སླབ་ཨིན།
༤༽ ཡང་དག་པའི་ལས་ཀྱི་མཐའ་ཟེར་མི་འདི་ འབད་བཞག་བཅའ་བཞག་ལུ་གོ་ནི་ཨིན། གཞན་གྱི་མིག་ཁར་གཟེན་པའི་འབད་བཞག་དེ་ཚུ་སྤངས་ཞིནམ་ལས་ དུས་དང་རྣམ་པ་ཀུན་རང་གཞན་གཉིས་ལུ་ཕན་པའི་ཆོས་དང་མཐུན་པའི་སྤྱོད་ལམ་ཟབ་དགོཔ་ཨིན།
༥༽ ཡང་དག་པའི་འཚོ་བ་ཟེར་མི་འདི་རང་གི་མི་ཚེའི་འཚོ་སྐྱོང་འབད་ཐངས་ཨིན། རང་གི་མི་ཚེ་སྐྱོང་ནི་གི་དཔལ་འབྱོར་དེ་མགོ་བསྐོར་དང་གཡོ་སྒྱུ་གི་སྒོ་ལས་བསྒྲུབས་སྒྲུབ་མེན་པར་ ལྷག་བསམ་རྣམ་དག་དང་འབད་རྩོལ་གྱི་ཐོག་ལས་བསྒྲུབས་པའི་དཔལ་འབྱོར་ལོངས་སུ་སྤྱོད་ནི་དང་། ལོངས་སྤྱོད་ལག་ལེན་འཐབ་པའི་སྐབས་ལུ་ཡང་། བེད་མེད་ཆུས་ཟོས་འབྱོརཔ་འབྱོར་ལྷུག་ལྷུག་གཏང་ནི་དང་། ད་ལྟོ་ཟ་བའི་ལྟོ་ཡང་ཆད་པའི་དཀའ་ངལ་གྱི་འོག་ལུ་གནས་ནི་མེན་པར་ མང་ཉུང་རན་ཐོག་ལས་མི་ཚེ་སྐྱོང་ནི་གཅིག་ལུ་ ཡང་དག་པའི་འཚོ་བ་ཟེར་སླབ་ནི་ཨིན།
༦༽ དེ་ལས་ཡང་དག་པའི་རྩོལ་བ་ཟེར་མི་འདི་ ལཱ་གི་འབད་རྩོལ་དང་བརྩོན་འགྲུས་ལུ་གོ་ནི་ཨིན། ལཱ་ག་ཅི་འབད་རུང་སྒྱིད་ལུགས་དང་ལེ་ལོའི་ངང་ལས་འབད་ནི་མེན་པར་ དེ་ལུ་དྭངས་འདོད་བསྐྱེད་ཞིནམ་ལས་ལྷག་བསམ་རྣམ་དག་གི་ཐོག་ལས་བསྒྲུབ་པ་ཅིན་མ་འགྲུབ་བྱ་བ་ག་ནི་ཡང་མེད།
༧༽ ཡང་དག་པའི་དྲན་པ་ཟེར་མི་འདི་ སེམས་རྒྱུད་ཀྱི་རྣམ་རྟོག་དང་ཉོན་མོངས་བསལ་བའི་ཐབས་ལམ་དང་པ་དྲན་པ་མ་ཡེངས་པར་སྡོད་ནི་དེ་ཨིན། ང་བཅས་ག་ར་གི་མནོ་བསམ་གཏང་ཐངས་འདི་ ཡང་ཅིན་འདས་པའི་ལཱ་ལུ་མནོ་བསམ་གཏང་ནི་དང་། ཡང་ཅིན་མ་འོངས་པའི་འཆར་གཞི་གུ་ལུ་མནོ་བསམ་གཏང་ནི་དེ་གིས་ སེམས་མ་ཡེངས་པར་ད་ལྟ་བའི་ངང་ལུ་སྡོད་ཚུགས་མི་དཀོན་སུ་གཅིག་ལས་མེད། སེམས་ཀྱི་དྲན་ཤེས་འདི་འདས་པ་དང་མ་འོངས་པའི་ཕྱོགས་ལུ་མ་གཏང་པར་བཞག་ཚུགས་པ་ཅིན་ ལུས་ལུ་ཞི་བདེ་དང་སྟོབས་ཤུགས་འོང་ནི་དང་། སྟབས་མ་བདེ་བའི་གནས་སྟངས་དེ་ཚུ་ཡང་མི་འབྱུང་པའི་ཁར། དེ་ལས་སེམས་ཀྱི་རྣམ་རྟོག་དང་ཉོན་མོངས་པ་ཚུ་རང་བཞིན་གྱིས་ཞི་སྟེ་འགྱོཝ་ཨིན།  རྣམ་རྟོག་དང་ཉོན་མོངས་ཞི་སོང་པ་ཅིན་ སྡུག་བསྔལ་གསརཔ་མི་འབྱུང་ནི་དེ་གིས་ ཐར་པ་ཟེར་རུང་དེམ་ཅིག་ཨིན། དྲན་པ་ད་ལྟ་བའི་ངང་ལུ་བཞག་ནི་གི་དོན་ལུ་ ཐབས་ལམ་དང་པ་འདི་དབུགས་འབྱུང་རྔུབ་བསྒོམ་ནི་གི་དང་། དེ་ལས་རིམ་པ་བཞིན་དུ་ ལུས་ལུ་བརྟེན་ཏེ་དྲན་པར་ཉེ་བར་བཞག་པ། དེ་ལས་ཚོར་བ། སེམས། ཕྱིའི་ཆོས་དེ་ཚུ་ལུ་བརྟེན་ཏེ་དྲན་པ་རྩེ་གཅིག་ཏུ་བཞག་ནི་གི་དབྱེ་བ་ལེ་ཤ་ཡོད། དེ་འབདཝ་ལས་ལཱ་དང་བྱ་བ་ག་ཅི་འབད་རུང་ དྲན་པ་མ་ཡེངས་པར་ད་ལྟ་བའི་ངང་ལུ་སྡོད་དགོཔ་འདི་ ཁག་ཆེ་ཤོས་ཅིག་ཨིན་མས།
༨༽ ཡང་དག་པའི་ཏིང་ངེ་འཛིན་ཟེར་མི་འདི་ལུ་ཞི་གནས་དང་ལྷག་མཐོང་གཉིས་ཡོད། རང་སེམས་ཕྱི་རོལ་ཡུལ་ལུ་གཡེང་སྟེ་འགྱོ་ནི་དང་། ལྗིད་ཐིབ་ཐིབ་སྦེ་ནང་ལུ་འཐུམ་སྟེ་སྡོད་པའི་སྐྱོན་དེ་ཚུ་བསལ་ཏེ་ རང་སེམས་རྩེ་གཅིག་པའི་བརྟན་ཏོག་ཏོ་གཅིག་ལུ་ཞི་གནས་ཟེར་སླབ་ནི་དང་། དེ་ལས་བསྒོམ་བྱ་ག་ཅི་བསྒོམ་རུང་ གསལ་རིལ་རིལ་སྦེ་ཤར་ཚུགས་པའི་སེམས་ཀྱི་གསལ་ཆ་ཅིག་འོང་ནི་ཡོད་མི་དེ་ལུ་ལྷག་མཐོང་ཟེར་སླབ་ཨིན། ཞི་གནས་ཀྱི་བརྟན་པ་དང་ལྷག་མཐོང་གི་གསལ་ཆ་གཉིས་གཅིག་ཁར་འདྲེས་མི་དེ་ལུ་ཞི་ལྷག་ཟུང་འབྲེལ་ཟེརཝ་ཨིན། དེ་བཟུམ་གྱི་ཞི་ལྷག་ཟུང་འབྲེལ་གྱི་ཐོག་ལས་ བདེན་བཞིའི་གནས་ལུགས་དང་། སྟོང་པ་ཉིད། ལྷ་སྐུ་ལ་སོགས་བསྒོམ་བྱའི་དོན་དེ་ཚུ་བསྒོམ་པའི་ཚེ་ ནམ་ཅིག་འབདཝ་ད་ དོན་དེ་ཚུ་ག་ར་མིག་ཏོ་གིས་མཐོང་དོ་བཟུམ་སྦེ་ སེམས་ཁར་གསལ་རིལ་ཤར་བའི་ཚེ་འཕགས་པའི་ལམ་ཟེར་མི་འདི་ཐོབ་ཨིནམ་དང་། དེ་ལུ་གོམས་འདྲེས་འབད་དེ་འགྱོ་བའི་བསྒང་ལས་ རང་རྒྱུད་ཀྱི་ཉོན་མོངས་བག་ཆགས་དང་བཅས་པ་ཞི་ཞིནམ་ལས་ཐར་པའི་གོ་འཕང་འཐོབ་ཨིན།


No comments: