Saturday, August 16, 2014

དུས་འཁོར་རྩོད་ལན་རིག་པའི་འོད་སྟོང་།

དུས་འཁོར་རྩོད་ལན་རིག་པའི་འོད་སྟོང་བཞུགས་སོ།
༼སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བརྩམས།༽
ན་མོ་གུ་རུ་ཤྲཱི་ཀཱ་ལ་ཅ་ཀྲཱ་ཡ།
ཁྱབ་བདག་དཔལ་ལྡན་འགྱུར་མེད་བདེ་བའི་མཆོག རྣམ་ཀུན་མཆོག་ལྡན་ཕྱག་བརྒྱའི་གཟི་འབར་ཞིང༌།
སྲིད་དང་སྲིད་མིན་དབྱེར་མེད་མགོན་དེ་དང༌། མི་གཉིས་བླ་མ་མཆོག་ལ་གུས་ཕྱག་འཚལ།

གངས་ཅན་འདི་ན་དུས་འཁོར་ལ། །དམིགས་པའི་ལོག་རྟོག་ཆུ་འཛིན་ལས། །འོངས་པའི་ཉེས་སྤྱོད་གློག་ཕྲེང་དང༌། །ལོག་སྨྲའི་སེར་བ་མི་བཟད་པས། །ཕན་བདེའི་ལོ་ཏོག་འཇོམས་བྱེད་པའི། །མཁས་རློམ་དུ་མ་འདི་སྐད་དུ། །རྒྱུད་འདི་རྩོད་བཅས་ཡིན་པས་ན། །མཁས་པས་བླང་བྱ་མ་ཡིན་ལོ། །འདི་ནི་དཔལ་ལྡན་ཞི་བ་ལྷས། །ཐེག་ཆེན་རྩོད་བཅས་ཕྱིར་ཞེ་ན། །ལུང་ལ་མུ་སྟེགས་པ་རྣམས་དང༌། །ལུང་གཞན་ལ་ཡང་རང་གཞན་དག །རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར། །ཞེས་པའི་རིགས་པས་ལེགས་པར་བཅོམ། །གཞུང་ལུགས་གཞན་ལ་མཁས་རྣམས་ཀྱིས༌། །བློར་མ་ཆུད་པས་སྐྱོན་བཅས་སོ། །ཐེག་ཆེན་དབུ་མ་ཆེན་པོ་དེ། །དབྱིག་གཉེན་ཐུགས་སུ་མ་ཆུད་ཕྱིར།། དབུ་མ་སྤོང་བར་ཅིས་མི་བྱེད། །ཐེག་ཆེན་ཉན་ཐོས་ཉན་ཐོས་སྡེ་པ་ཡིས། །སངས་རྒྱས་གསུང་དུ་མི་འདོད་པས། །བྱམས་པ་ཀླུ་སྒྲུབ་ཞི་བ་ལྷ། །ལེགས་ལྡན་འབྱེད་སོགས་མཁས་པ་ཡིས། །ཐེག་ཆེན་བཀར་སྒྲུབ་རིགས་པའི་ཚོགས། །མང་དུ་བཀོད་ཕྱིར་ཐེག་ཆེན་ཀུན། །རྩོད་བཅས་ཆོས་སུ་ཅིས་མི་འདོད། །ཁྱད་པར་གསང་སྔགས་རྡོ་རྗེའི་ཐེག །རྒྱལ་བའི་གསུང་དུ་མི་འདོད་པ། །འཕགས་ཡུལ་དུ་ཡང་དུ་མ་བྱུང༌། །དེ་ཕྱིར་མཁས་མཆོག་ཤཱནྟི་པ། །སོགས་ཀྱིས་གསང་སྔགས་བཀར་སྒྲུབ་མཛད། །སྤྱིར་ཡང་དམན་པ་མི་མོས་པས། །མཆོག་ཏུ་གྲུབ་ཅེས་བྱམས་པས་གསུངས། །དེ་ཕྱིར་མཁས་པ་གཞོན་བློ་ཡིས། །དུས་ཀྱི་འཁོར་ལོའི་རྩོད་ཡིག་ཏུ། །བཀོད་པའི་རིགས་པ་མ་ལུས་པ། །ལྟར་སྣང་ཁོ་ནར་ཁོ་བོས་མཐོང༌།།དེ་ཡང་ལེགས་པར་བཤད་ཀྱིས་ཉོན།། ཨེ་ཝཾ་ཡི་གེ་མེད་པས་ན། །རྩ་རྒྱུད་རྣམ་དག་མིན་ཟེར་བ། །ཨེ་ཝཾ་གཟུགས་སམ་དོན་མེད་ཟེར། །དང་པོ་ཁྱབ་པ་མ་གྲུབ་སྟེ། བདེ་མཆོག་ལ་སོགས་སྐྱོན་དུ་འཇུག། གཉིས་པ་གཏན་ཚིགས་མ་གྲུབ་སྟེ༌། །སངས་རྒྱས་སེང་གེའི་ཁྲིར་བཞུགས་ཕྱིར། །ཁྱབ་སྟེ་བཤད་རྒྱུད་རྡོར་ཕྲེང་ལས། །ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་པདྨ་ཆོས་འབྱུང་དང༌། །ཆོས་ཀྱི་དབྱིངས་དང་སེང་གེའི་ཁྲི། །མཆོག་ཏུ་རྨད་བྱུང་བརྗོད་པར་བྱེད། །ཝཾ་ནི་རྡོ་རྗེ་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་ཆེ། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་པས་གསལ་བར་གསུངས་ཕྱིར་རོ། །འདིས་ནི་དུས་ཀྱི་འཁོར་ལོའི་མཚན། །རྒྱུད་སྡེ་གཞན་དུ་མ་སྨོས་ཞེས་མུ་ཅོར་སྲ་བ་དེ་ཡང་བསལ། །དེ་ཕྱིར་ཨེ་ཝཾ་མ་སྨྲོས་ཞེས། །རྩ་རྒྱུད་སོགས་སུ་བཤད་པ་ནི། །ཨེ་ཝཾ་གཟུགས་ལ་དགོངས་པ་ཡིན། །འདིས་ནི་དུས་འཁོར་བདེ་མཆོག་གི། །གཞལ་ཡས་ཁང་ལ་ཆོས་འབྱུང་གི། །གྲུ་གསུམ་དབྱིབས་ཅན་མི་བྱེད་པའི། །རྒྱུ་མཚན་དེ་ཡང་གསལ་བར་བཤད། །མངོན་ཤེས་མེད་པས་རྩ་རྒྱུད་ཀྱི། །དང་པོའི་འགྲེལ་པ་བྱ་མི་རུང༌། །ཞེས་གསུངས་པ་ལ་འཆད་པོ་ཡང༌། མངོན་ཤེས་དགོས་པ་མཚུངས་ཟེར་བ། །དང་པོའི་འཆད་པོར་སྦྱོར་ན་འདོད། །མི་སྦྱར་ཁྱབ་པ་ཇི་ལྟར་མཚུངས། །སྐྱེས་བུ་ཉི་ཤུ་རྩ་ལྔ་དང༌། །འབྱུང་བ་འགྲོ་བའི་སྐྱེ་གནས་དང༌།། ལྗོན་ཤིང་དུད་འགྲོའི་སྐྱེ་བར་བསྡུས༌། །སྟོང་པའི་རྡུལ་གྱིས་འཇིག་རྟེན་རྩོམ། །འདི་རྣམས་མུ་སྟེགས་གཞུང་ལུགས་དང༌། ཐུན་ཕྱིར་དམ་ཆོས་མིན་ནོ་ལོ། །དེས་འདུས་དྲང་སྲོངས་རྗེས་བཟུང་ཕྱྀར༌། དེ་ལྟའི་ཐ་སྙད་ཁས་ལེན་ཀྱང༌། །དོན་རྣམས་ཅུང་ཟད་མི་བཞེད་དེ། །རྟག་དངོས་ཁས་མི་ལེན་ཕྱིར་དང༌། །འབྱུང་བ་ཉེར་ལེན་མིན་པའི་ཕྱིར། །ལྗོན་ཤིང་སྐྱེ་གནས་བཞིར་བསྡུས་པས། །དུད་འགྲོར་བསྡུས་པར་མི་འགྱུར་ཕྱིར། །འཇིག་རྟེན་བསྟན་བཞག་མངོན་པ་དང༌། །འགལ་བའི་ཕྱིར་ན་མི་འཐད་དོ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣམས། །རྣག་ཁྲག་ཤེས་པ་སྐྱེ་བ་བཞིན།། སེམས་ཅན་སོ་སོའི་ལས་དང་ནི། །བགཆགས་སྟོབས་ཀྱིས་དངོས་པོ་གཅིག། །ཚད་དབྱིབས་འགལ་བར་སྣང་བ་འདི། །ལུང་རིགས་དུ་མས་གྲུབ་བཞིན་དུ། །ཚུལ་འདི་སྡང་སྨྲས་བྱེད་པའི་རྒྱུ། །བག་ཆགས་ངན་པ་ཅིས་མ་ཡིན། །འོན་ཀྱང་ཚངས་པའི་འཇིག་རྟེན་ལ། །དཔག་ཚད་བྱེ་བའི་ཁྱོན་ཡཽད་པ། །འགོག་པ་ལྟ་བུར་མཛད་པ་ནི།། དེས་འདུལ་དྲང་སྲོང་བཟུང་ཕྱིར་ཡིན། །སྒྲ་མི་སྙན་དུ་ཀླ་ཀློ་དང༌། །རིགས་ལྡན་འབྱུང་ཕྱིར་དགེ་སྡེག་གཉིས༌། །འབྱུང་ལའང་མངོན་པས་གནོད་ཟེར་བ། །འདུ་ཤེས་མེད་པའི་སེས་ཅན་རྣམས། །ཤེར་ཕྱིན་འཆད་པར་འོང་འགྱུར་ཞེས༌། །ཤེར་ཕྱིན་མདོ་ལས་བཤད་པ་དང༌། །སྲོག་དབང་ཆད་པ་སླར་འཐུད་པར། །སྨན་ལྷའི་མདོ་ལས་བཤད་པ་དང༌། །བུད་མེད་རྟེན་ལ་འཚང་རྒྱ་བར། །གསང་འདུས་སོགས་ལས་བཤད་རྣམས་ལ། །མངོན་པའི་ལུང་གིས་ཅིས་མི་གནོད། །གླིང་བཞི་མཐའ་དག་མངོན་པ་དང༌། །མི་བསྟུན་པ་ཉིད་ངེས་བཞིན་དུ། །སྒྲ་མི་སྙན་ལ་དོགས་གཅོད་པའི། །བློ་གྲོས་འདི་འདྲ་ཨེ་མ་མཚར། །འདུལ་བ་ལུང་ལས་རྒྱལ་བ་ཡིས༌། །རྟ་ཆག་རུལ་པ་བཞེས་པ་དང༌། །སེང་ལྡེང་ཚལ་པ་ཟུག་པ་དང༌། །སྒྱོགས་ཀྱིས་སྐུ་རྒྱབ་བསྣད་པ་དང༌།། འཁོར་ལོའི་དབྱེན་གྱིས་གཙེས་པ་སོགས། །ལས་ཀྱི་ལྷག་མར་བཤད་པ་དང༌།། དབང་པོ་གཉིས་སྦྱོར་སོགས་བཀག་ཅིང༌། །ཐེག་ཆེན་ལུང་ལས་སྣང་བ་དང༌། །ལས་སྒྲིབ་ཟད་པར་སྤངས་པ་སོགས། །འགལ་བ་སྤོང་ཡང་མི་ཤེས་སམ། །འཛག་བདེ་འཁོར་བའི་རྒྱུར་བཤད་པས། །ཚ་དམྱལ་ཁམས་གོང་ལ་སོགས་ན། །འཛག་བདེ་མེད་པས་མི་འཐད་དོ། །འཛག་བདེ་ཡིན་ན་ཁམས་དྲུག་ཅན། །རགས་པ་ཡིན་པས་མ་ཁྱབ་སྟེ། །དེ་ལ་ཡོན་ཏན་ལྔ་ལྡན་ནས། །གཅིག་ལྡན་བར་གྱི་ཕྲ་རགས་སུ། །ཕྱེ་ནས་མི་དང་ལྷ་སོགས་ལ། །རིམ་པར་སྦྱར་ནས་གསུངས་ཕྱིར་རོ། །དེས་ན་དེ་ནི་འགྱུར་བདེ་ཡིན། །མི་འགྱུར་བདེ་ལ་ཐར་ལམ་གྱི། །རྩ་བར་ངེས་བཞིན་འགྱུར་བདེ་ནི། འཁོར་བའི་རྩ་བར་ཅིས་མི་འདོད། །དེས་ན་དོན་དེ་དྲང་དོན་དུ། །བཤད་པའང་རྒྱུད་ལ་སྐུར་འདེབས་ཡིན། །ཀུན་ད་བྱང་ཆུབ་སེམས་སྤོང་བ། །རྩ་ལྟུང་ཡིན་ན་ཁྱིམ་པ་ཡི། །རྡོ་རྗེ་འཛིན་པ་མི་འཐད་དོ། །རྡོ་རྗེ་འཛིན་པ་འཐད་ལྡན་གྱིས། །ཀུན་ད་སྤོང་བ་མི་སྲིད་དེ། །གསང་དབང་སོགས་ལ་འབྱིན་སྲིད་ཀྱང༌། །བདེ་ཆེན་རྟེན་དུ་མི་དགོས་ཞེས། །སྤོང་སེམས་སྐྱེ་བ་ག་ལ་སྲིད། །སྐྱེས་ན་རྩ་ལྟུང་འབྱུང་ངེས་ཏེ། །ལམ་གྱི་རྩ་བའི་རྟེན་ཡིན་ཕྱིར། །དཔེར་ན་སྨོན་སེམས་གཏོང་བ་བཞིན། །རིག་བྱེད་བཞི་དང་གྲུབ་མཐའ་བཞི། །མི་རིགས་བཞི་སོགས་དུས་འཁོར་གྱི། །ཞལ་བཞི་པོ་ལས་འབྱུང་བཤད་པས། །ཚངས་པའི་གཞུང་དང་འདྲ་ཟེར་བ། །འབྲས་བུུ་དུས་འཁོར་ལྷ་ཀླུ་ཡི།། ཞལ་ལས་འབྱུང་བ་མི་འདོད་ཀྱི། །ངེས་དོན་གཞི་ཡི་དུས་འཁོར་གང༌། །གཉུག་མའི་ཐིག་ལེ་གཞོམ་མེད་ལ། །གནས་སྐབས་བཞི་པོ་བསྐྱེད་པ་ཡི། །ནུས་པའི་སྒོ་བཞི་ཡོད་པ་དེ། ལུས་ཀྱི་སྙིང་ཁ་ལ་སོགས་པའི༌། །འཁོར་ལོ་བཞི་ལ་གནས་པ་ཡི། བག་ཆགས་སད་པས་ཕྱི་རོལ་གྱི། །སྣང་བ་བཞི་ཚན་འཆར་བས་ན། །གཞི་ཡི་དུས་འཁོར་ཞལ་བཞི་ལས།། འབྱུང་བར་གསུངས་ཕྱིར་སྣང་བ་ཀུན། ཕྱི་ན་ཚུགས་ཐུབ་མེད་ཚུལ་ལ། །ངེས་པ་སྟེར་བས་མཆོག་ཏུ་གྲུབ། །གཟུང་འཛིན་གོམས་པས་འདི་མི་གོ། བརྗོད་དུ་མེད་པའི་གང་ཟགནི། །བྱེ་བྲག་སྨྲ་བས་འདོད་པ་དང༌། །ཁ་ཆེའི་གཞུང་གིས་བདག་མེད་པར། །འདོད་པ་ཁས་བླངས་འགལ་ཟེར་བ། །བྱེ་བྲག་སྨྲ་བ་ཁ་ཆེ་བས། །ཁྱབ་པར་འདོད་པ་བབ་ཅོལ་ཡིན། །དེ་ལ་ཐམས་ཅད་ཡོད་སྨྲ་ཡིས། །ཁྱབ་ཅེས་ཟེར་བའང་དེ་དང་འདྲ། །གནས་མ་བུ་སོགས་སྡེ་པ་ལྔ༌། །བདག་འདི་འདོད་ཅེས་སྨྲ་བ་དང༌། །གྲུབ་མཐའ་བཞི་རུ་མ་གཏོགས་ན། །ནང་པ་མིན་པར་སྨྲ་བ་དང༌།། སྡེ་པ་བཅོ་བརྒྱད་ཐུབ་བསྟན་ལ། །གྱེས་པར་སྨྲས་རྣམས་ཅིས་མི་འགལ། །རང་གི་ནང་འགལ་མི་རིག་པར། །ས་བཅུ་པ་ལ་ནང་འགལ་འཛིན། །མདོ་སྡེ་པ་ཡིས་རྣམ་རིག་མིན།  །ལས་གཞན་ཐོགས་མེད་གཟུགས་འདོད་ཅེས། །ཟེར་བའང་ཤིན་ཏུ་མི་རིགས་ཏེ། །ཡང་ན་དབང་དོན་གང་རུང་ཞིག །ཐོགས་མེད་ཉིད་དུ་འདོད་པའམ།། དབང་དོན་རིག་བྱེད་མིན་པ་ལས། །གཞན་པའི་ཐོགས་མེད་གཟུགས་འདོད་པའི། དོན་སྨྲ་དེ་འདྲ་ཨེ་མ་མཚར། །སྡུས་པོས་ཐག་གསུམ་བསྡུས་པ་དང༌། །གླེགས་བམ་ཡི་གེར་བྲིས་པ་དང༌། །བོད་དུ་བོད་སྐད་བྲིས་པ་སོགས༌། །བྱིས་པའི་དོགས་པ་བཀོད་པར་ཟད། །མཁས་ལ་འོས་པའི་དོགས་མི་སྣང༌། །དེ་ཕྱིར་འདི་ལན་རྒྱས་མི་སྤྲོ། །ལྭ་བ་པ་ཡིས་ཨུ་རྒྱན་ནས། །བླངས་པའི་རྒྱུད་རྣམས་ཚད་ལྡན་དུ། །ངེས་ནས་དུས་ཞབས་ལ་སོགས་ལ། །སྡང་བའང་སྡང་ཞུགས་ཙམ་དུ་ཟད། །མཁས་པ་ནཱ་རོ་པཎ་ཆེན་གྱིས། །ཀྱེ་རྡོར་ངེས་དོན་འཛད་པ་ན། །རྒྱུད་སྡེ་འདི་ཉིད་གཙོར་མཛད་པས། །ཚད་མའི་སྐྱེས་བུ་འདི་བཟུང་ངོ༌། །ཤེས་རབ་རིན་ཆེན་ལོ་ཙཱ་བའི། །རྣམ་དཔྱོད་མཁར་ཤར་ཉི་མ་འོ། །དེས་ན་ལོག་ལྟའི་རབ་རིབ་རྣམས། །ཡང་དག་རིགས་པ་འདིས་སེལ་ཤོག། །།མངྒ་ལཾ།


No comments: