ལུང་ནར་ནང་གི་གནས་ ལྷས་ལྡིང་གི་ལོ་རྒྱུས།
ལུང་ནག་ན་གི་གནས་གནས་དེ་ དང་པ་རང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཕྱག་ཞུ་མི་བྱ་བཏང་པ་པད་དཀར་བཀྲ་ཤིས་མཆོག་གིས་
དུས་རབས་བཅུ་བདུན་པ། སྤྱི་ལོ་གཅིག་སྟོང་དྲུག་བརྒྱ་རེ་བཞི་ལོ་ལུ་ཞབས་ཀྱིས་བཅག་ཡོདཔ་དང་།
དེ་ལས་སྤྱི་ལོ་༡༦༦༥ལོ་ལུ་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་གནང་སྟེ་ཕྱག་བཏབ་གནང་ཡོད་ཨིན་མས།
དུས་ཚོད་གཏན་འབེབས་ཀྱི་དོན་ལུ་ལོ་རྒྱུས་མདོར་བསྡུས་ཅིག་
གྲུབ་ཆེན་ཁོ་རང་གི་རྣམ་མཐར་ལྟར་དུ་ཞུ་བ་ཅིན། དེ་ཡང་ཁོ་རང་ཡོངས་འཛིན་མཁས་གྲུབ་ལྷ་དབང་བློ་གྲོས་དང་གཅིག་ཁར་འབྲུག་ལུ་བྱོན་ཞིནམ་ལས་
ཞབས་དྲུང་ལོ་གསུམ་མཛད་པའི་སྐབས་ལུ་ཕྱག་ཞུ་སྟེ་བཞུགས།[1]
དེ་གི་ཤུལ་ལས་ བོད་ལུ་ཐེངས་དག་པ་གཅིག་འགྱོ་བའི་ཐ་མ། ཙ་རི་གནས་སྐོར་བྱོན་པའི་སྐབས་ལུ་
བོད་ལུ་དམག་འཁྲུགས་ལངས་ཏེ་སྡེ་སྲིད་གཙང་པའི་དབང་ཚད་དགེ་ལུགས་པའི་ཕྱག་ལུ་ཤོར་ནུག་ཟེར་ཨིནམ་དང་།[2]
དེ་ལས་ལྷོ་བྲག་དང་ཙ་རི་ལ་སོགས་པའི་གནས་ཚུ་ནང་ཡང་བཞུགས། དེ་གི་ཤུལ་ལས་རྐྱང་མོ་ཁའི་གདུང་འཛིན་པ་ཚུ་གིས་གསོལཝ་བཏབ་པའི་ངོ་ལུ་ས་གནས་དེ་ཁར་ལོ་བཅོ་བརྒྱད་བཞུགས།[3]
དེ་ལས་ལྷས་བདག་ཟེར་བའི་རི་ཁྲོད་གཅིག་ནང་བཞུགས་པའི་མཐའ་མར། དཔོན་སློབ་དྲུག་བདུན་ཙམ་གཅིག་གོང་ལ་ལ་ཟེར་མི་འདི་བརྒྱུད་དེ་ལུང་ནག་ན་བྱོན།
དེ་ལས་རིམ་པ་བཞིན་དུ་དགོན་ཚལ་ཕུག་བརྒྱུད་དེ་སྤུངས་ན་ཁ་བྱོནམ་ད་ ཆོས་རྗེ་ལག་སྔོན་པ་ཕྱག་མཛོད་ཀྱི་གོ་གནས་བཞེས་ཏེ་བཞུགས་ནུག་ཟེར་ཨིན་མས།[4]
དེ་ལས་འབུལ་མཚོན་ཙམ་ཅིག་ཡོད་མི་འདི་ཞབས་དྲུང་མཆོག་ལུ་ཕུལ་སྦེ་ ལོག་སྟེ་ལུང་ནག་ན་ལོ་གསུམ་བཅད་དེ་བཞུགས་ནུག
ཐུགས་དམ་ལོ་གསུམ་གྲོལ་ཞིནམ་ལས་ལོག་སྟེ་སྤུངས་ན་ཁ་བྱོནམ་ད་ སྡེ་པ་སྨིན་འཁྱུད་པ་༼མི་འགྱུར་བརྟན་པ༽[5]
ཕྱག་མཛོད་ཀྱི་གོ་གནས་བཞེས་ཏེ་ཡོདཔ་དང་། ཕྱག་མཛོད་མཆོག་གི་བཀའ་ལས་ གྲུབ་ཐོབ་ཁོ་རང་བུམ་ཐང་ཆོས་རྗེ་བྲག་གི་བླམ་སྦེ་བྱོན་དགོཔ་སྦེ་གསུངསམ་བཞིན་དུ་ཕྱག་ཕྱིས་ཞུ་ཡི་ཟེར་བཀོད་ནུག[6]
དེ་ཡང་གྲུབ་ཆེན་མཆོག་བོད་ཙ་རི་ལུ་གནས་སྐོར་བྱོན་པའི་སྐབས་ལུ་
སྡེ་པ་གཙང་པ་དང་དགེ་ལུགས་པའི་དམག་གི་སྐོར་ལས་གསལ་རིལ་རིལ་བཀོད་ཡོད་ནི་འདི་གིས་ ལོ་འདི་སྤྱི་ལོ་༡༦༤༢རབ་བྱུང་བཅུ་གཅིག་པའི་ཆུ་རྟ་གི་ལོ་འདི་ཨིན་མས།
དེ་ལས་རྐྱང་མོ་ཁར་ལོ་བཅོ་བརྒྱད་བཞུགས་ཡོདཔ་སྦེ་གསལ་ཡོད་རུང་། ལྷོ་བྲག་དང་། ཙ་རི། ལྷས་བདག་ཚུ་ནང་ལོ་གྲངས་ག་དེམ་ཅིག་བཞུགས་ཡོད་ག་ཁ་གསལ་མིན་འདུག
ཨིན་རུང་ཤུལ་ལས་གི་ལོ་ཚིགས་དང་བསྡུར་སྟེ་བལྟཝ་ད་ ས་གནས་དེ་གསུམ་ན་ལོ་ངོ་བཞི་དེ་ཅིག་བཞུགས་ཡོདཔ་འོང་ནི་མས།
ག་ཅི་སྦ་ཟེར་བ་ཅིན། གྲུབ་ཐོབ་རིན་པོ་ཆེ་ལུང་ནག་ན་ལས་ཐད་ཀར་སྤུངས་ན་ཁ་བྱོནམ་ད་ ལག་སྔོན་པ་བཞུགས་ཡོདཔ་དང།
དེ་ལས་ལོ་གསུམ་བཅད་དེ་ལོག་པའི་སྐབས་ལུ་ སྡེ་པ་སྨིན་འཁྱུད་པ་༼མི་འགྱུར་བརྟན་པ༽ བཞུགས་ཡོདཔ་ཨིན་པ་ཅིན།
མི་འགྱུར་བརྟན་པ་སྡེ་སྲིད་མཛད་པའི་ལོ་དེ་ སྤྱི་ལོ་༡༦༦༧ལོ་ལུ་ཨིནམ་ལས། སྐུ་མཚམས་གྲོལ་བའི་ལོ་དེ་
ཡ་མཐར་སྤྱི་ལོ་༡༦༦༧ཨིན་དགོཔ་དང་། སྐུ་མཚམས་འཛུལ་བའི་ལོ་དེ་༡༦༦༥། བོད་ལས་ལུང་ནག་ན་བྱོན་པའི་ལོ་དེ་༡༦༦༤ཨིན་དགོ་ནི་ཨིན་མས།
དེ་ལས་དོགས་དཔྱོད་འབད་དགོཔ་གཅིག་ཡོད་མི་འདི་ཡང་།
རྣམ་ཐར་ན་ལས་འབད་བ་ཅིན། ཁོ་རང་སྤུངས་ན་ཁ་བྱོནམ་ད་འབུལ་བ་མཚོན་ཙམ་ཅིག་ཡོད་མི་འདི་ཞབས་དྲུང་ལུ་ཕུལ་ཡི་ཟེར།
ཡོད་མི་འདི་ ཞབས་དྲུང་དགོངས་པ་རྫོགས་སོང་རུང་ གསང་རྒྱ་འབད་དེ་བཞག་ཡོད་ནི་འདི་གིས་ ཁོ་གི་ཐུགས་ལུ་
ཞབས་དྲུང་སྐུ་དངོས་བཞུགས་ཡོདཔ་སྦེ་ཐུགས་བཞེད་གནང་གནངམ་འོང་ནི་དང་། སྡེ་པ་ལག་སྔོན་པ་དང་།
སྨིན་འཁྱུད་པ་གཉིས་ལུ་ཕྱག་མཛོད་ཟེར་གསུངས་ཡོད་མི་འདི་ཡང་ ཞབས་དྲུང་སྐུ་དངོས་བཞུགས་ཡོད་པའི་ཐུགས་བཞེད་གནང་ཞིནམ་ལས་
སྡེ་པ་དེ་ཚུ་ཕྱག་མཛོད་བཟུམ་ཅིག་གི་ཐུགས་བཞེད་གནང་གནངམ་འོང་ནི་མས།
ག་དེམ་གཅིག་སྦེ་སྡེ་སྲིད་མེན་པར་ཕྱག་མཛོད་ངོ་མ་ཨིན་པ་ཅིན།
དུས་ཚོད་སྟབས་མ་བདེཝ་གི་དཀའ་ངལ་འདུག དེ་ཡང་ག་དེ་སྦེ་ཟེར་བ་ཅིན། བོད་ལུ་བྱོན་པའི་ལོ་དེ་སྤྱི་ལོ་༡༦༤༢ཨིནམ་བརྟན་འཁེལ་ཨིནམ་དང་།
དེ་ལས་ལོ་ངོ་བཅོ་བརྒྱད་རྐྱང་མོ་ཁར་བཞུགསཔ་ངེས་བདེན་ཨིནམ་ལས། ལོ་དེ་གཉིས་བསྡོམས་པ་ཅིན།
སྤྱི་ལོ་༡༦༦༠གུ་ལྷོད་ནི་ཨིནམ་ལས་ དེ་སྒང་ཞབས་དྲུང་མ་གཤགས་པར་བཞུགས་ཡོད་ཟེར་སླབ་དགོཔ་ཐོན་ནི་ཨིན་མས།
[1] གྲུབ་ཆེན་བྱ་བཏང་པད་དཀར་བཀྲ་ཤིས་ཀྱི་རྣམ་ཐར། ཤོག་གྲངས།
༧ ཀེ་ཨེམ་ཊི་དཔེ་སྐྲུན་ཁང་། ༢༠༡༢
སྐྱབས་རྗེ་དགེ་འདུན་རིན་ཆེན། ལྷོ་འབྲུག་ཆོས་འབྱུང་། ཤོག་གྲངས། ༤༤༩ ཀེ་ཨེམ་ཊི་དཔེ་སྐྲུན་ཁང་། ༢༠༠༤
[2] གྲུབ་ཆེན་བྱ་བཏང་པད་དཀར་བཀྲ་ཤིས་ཀྱི་རྣམ་ཐར། ཤོག་གྲངས།
༢༢ ཀེ་ཨེམ་ཊི་དཔེ་སྐྲུན་ཁང་། ༢༠༡༢
[3] གྲུབ་ཆེན་བྱ་བཏང་པད་དཀར་བཀྲ་ཤིས་ཀྱི་རྣམ་ཐར། ཤོག་གྲངས།
༢༤ ཀེ་ཨེམ་ཊི་དཔེ་སྐྲུན་ཁང་། ༢༠༡༢
[5] སྐྱབས་རྗེ་དགེ་འདུན་རིན་ཆེན། ལྷོ་འབྲུག་ཆོས་འབྱུང་། ཤོག་གྲངས། ༣༨༥ ཀེ་ཨེམ་ཊི་དཔེ་སྐྲུན་ཁང་། ༢༠༠༤
[6] གྲུབ་ཆེན་བྱ་བཏང་པད་དཀར་བཀྲ་ཤིས་ཀྱི་རྣམ་ཐར། ཤོག་གྲངས།
༣༢ ཀེ་ཨེམ་ཊི་དཔེ་སྐྲུན་ཁང་། ༢༠༡༢
No comments:
Post a Comment