Wednesday, August 13, 2014

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི།

 ཆོས་བརྒྱུད་ཆེན་པོ་བཞི་ལས་རྙིང་མ་པ།
རྙིང་མ་ཟེར་མི་འདི་དུས་རབས་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལུ་ གུ་རུ་རིན་པོ་ཆེ་གིས་གསུངས་པའི་ཆོས་དེ་ཚུ་ ལོ་ཙྰ་བ་ཀ་སྐྱོག་ཞང་གསུམ། ༼ཀ་བ་དཔལ་བརྩེགས། སྐྱོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ།༽  ལ་སོགས་པ་ཚུ་གིས་ བསྒྱུར་མི་ཆོས་འདི་ལུ་ གསང་སྔགས་རྙིང་མ་ཟེར་སླབ་ནི་དང་། ཆོས་དེ་ཉམས་ལེན་འབད་མི་དེ་ཚུ་ལུ་རྙིང་མ་པ་ཟེར་སླབ་ཨིན།
རྙིང་མ་ཟེར་མི་འདི་གཙོ་བོ་རང་ གུ་རུ་རིན་པོ་གི་སྐབས་ལུ་བྱུང་པའི་ཆོས་འདི་ལུ་གོ་ནི་ཨིན་རུང་། ཡོངས་གྲགས་འབད་བ་ཅིན། ཆོས་རྒྱལ་སྲོང་བཙན་གྱི་སྐབས་ལས་འགོ་བཙུགས་ཏེ་ བཙན་པོ་གླང་དར་མ་གི་དུས་ཚོད་ཚུན་ཚོད་བྱུང་མི་ཆོས་འདི་ལུ་རྙིང་མ་ཟེར་གོཝ་ཨིན། དེ་གི་རྒྱུ་མཚན་འདི་ཡང་ རྙིང་མ་གསར་མ་ཟེར་མི་འདི་ གསརཔ་དང་རྙིངམ་གྱི་དོན་དག་ཨིནམ་ལས་ སྲོང་བཙན་ལས་འགོ་བཙུགས་ཏེ་བྱུང་པའི་ཆོས་ལུ་རྙིང་མ་དང་། དེ་ལས་གླང་དར་གྱི་སྐབས་ལས་བསྟན་པ་ནུབ། ཤུལ་ལས་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་སོགས་པ་ཚུ་གི་སྐབས་ལུ་ རྒྱ་གར་ལས་གསར་བསྒྱུར་འབད་དེ་བྱུང་མི་ཆོས་དེ་ལུ་གསར་མ་ཟེར་སླབ་ནི་དེ་གིས་ཨིན་པས།
རྙིང་མའི་དབྱེ་བ་ལུ་ བཀའ་མ་དང་གཏེར་ཟེར་གཉིས་དང་། གཏེར་མ་ལུ་ཡང་གཏེར་རྙིང་དང་གཏེར་གསར་ཟེར་ཁག་གཉིས་ཡོད། བཀའ་མ་ཟེར་མི་འདི་སྙན་ལས་སྙན་ལུ་བརྒྱུད་པའི་ཆོས་ལུ་གོ་ནི་དང་། གཏེར་མ་ཟེར་མི་འདི་ དེ་སྦེ་བརྒྱུད་དེ་འོང་འོངམ་མེན་པར་ཤུལ་ལས་གཏེར་ལས་ཐོན་པའི་ཆོས་ལུ་གོ་ནི་ཨིན།
དེ་ཡང་བོད་ལུ་བསྟན་པ་ཉམས་པའི་སྐབས་ སྐུ་གསུང་ཐུགས་རྟེན་བསྒྲུབས་བཞག་མི་ཚུ་ འབག་པ་ནི་འབག་མ་ཐེག  བཞག་པནི་ཕངསམ་ལས་བརྟེན་ ས་རྡོ་རི་བྲག་ཚུ་ནང་གཏེར་སྦེ་སྦ་སྟེ་བཞག་མི་དེ་ཚུ་ ཤུལ་ལས་བསྟན་པ་ཕྱི་དར་གྱི་སྐབས་ལུ་ ཁ་བྱང་དང་འཁྲིལ་ཏེ་བཏོནམ་ལས་བརྟེན་ གཏེར་མའི་ཆོས་དེ་ཚུ་ཡང་མང་ཤོ་རྙིང་མའི་ཁུངས་གཏོགས་གི་ཆོས་གཅིག་ཨིན།  ཨིན་རུང་ཧེ་མ་ཆོས་རྒྱལ་སྲོང་བཙན་དང་ཁྲི་སྲོང་གི་སྐབས་ལུ་བོན་ཆོས་བསྣུབས་ཡོདཔ་དང་། དེ་སྒང་བོན་པོ་ཚུ་གིས་སྦ་མི་གཏེར་དེ་ཚུ་ལུ་བོན་གཏེར་ཟེར་བོན་ཆོས་ཀྱི་ཁོངས་སུ་གཏོགསཔ་ཨིན།

ས་སྐྱ་པ།
དུས་རབས་བཅུ་གཅིག་པའི་ནང་༼༡༠༣༤༽ འཁྲུངས་པའི་འཁོན་དཀོན་མཆོག་རྒྱལ་པོ་ཟེར་མི་འདི་གིས་ རྙིང་མའི་ཆོས་ལུ་སྦྱངས་བརྩོན་མཛད། གསང་སྔགས་གསར་མའི་གྲུབ་ཆེན་མར་པ་ལོ་ཙཱ་དང་། འགོས་ལོ་ཙཱ་སོགས་ལ་སོགས་པ་དང་། གཙོ་བོ་རང་ འབྲོག་མི་ལོ་ཙཱ་བ་ལས་རྒྱུད་གསུམ་གྱི་དབང་ལུང་མན་ངག་གསན་ཞིནམ་ལས་ཉམས་ལེན་མཛད། དེ་ལས་རབ་བྱུང་དང་པོའི་ཆུ་གླང་༼༡༠༧༣༽གི་ལོ་ལུ་ རི་གླང་ཆེན་ཉལ་བ་དང་འདྲ་བའི་གུ་ལུ་ གདན་ས་བཏབ། གདན་ས་དེ་གི་ས་ཆའི་ཁ་དོག་སྐྱ་བོ་སྦེ་ཡོདཔ་ལས་བརྟེན་ཏེ་གདན་ས་གི་མཚན་ཡང་ས་སྐྱ་ཟེར་བཏགས།  དེ་ལས་འཁོན་གྱི་གདུང་རྒྱུད་ས་ཆེན་ཀུན་དགའ་སྙིང་པོ་སོགས་ལས་བརྒྱུད་པའི་ཆོས་བརྒྱུད་ཚུ་ལུ་ས་སྐྱ་པ་ཟེར་སླབ་ཨིན། ས་སྐྱ་པའི་དབྱེ་བ་ལུ་ ས་ངོག་ཚར་གསུམ་ཟེར་དབྱེ་བ་ཁག་གསུམ་ཡོད།

 བཀའ་བརྒྱུད།
བཀའ་བརྒྱུད་པ་ཟེར་སླབ་དགོ་པའི་རྒྱུ་མཚན་འདི་། སྟོན་པ་བཅོམ་ལྡན་འདས་དང་ རྡོ་རྗེ་འཆང་གི་བཀའི་བརྒྱུད་པ་ཟམ་མ་ཆད་པར་གནས་ནི་དེ་གིས་བཀའ་བརྒྱུད་པ་ཟེར་སླབ་ཨིན་མས། བཀའ་བརྒྱུད་ལུ་ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་ཟེར་དབྱེ་བ་གཉིས་ཡོད། རྣལ་འབྱོར་མ་ ནི་གུ་མ་དང་མཁས་གྲུབ་ཁྱུང་པོ་ལ་སོགས་པ་ལས་བརྒྱུད་དེ་གཡུས་ཤངས་ཕྱོགས་ལུ་དར་བའི་ཆོས་དེ་ལུ་ཤངས་པ་བཀའ་བརྒྱུད་ཟེར་སླབ་ཨིན།
དྭགས་པོ་བཀའ་བརྒྱུད།
དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་སྒྲ་སྒྱུར་གྱི་རྒྱལ་པོ་མར་ལོ་ཙཱ་བ་ལས་བརྒྱུད་པའི་ཆོས་དེ་ལུ་དྭགས་པོ་བརྒྱུད་ཟེར་སླབ་ནི་ཨིན། ཨིན་རུང་མར་པ་ལོ་ཙཱ་བའི་སྐབས་དང་རྗེ་བཙུན་མི་ལཱའི་སྐབས་ལུ་བཀའ་བརྒྱུད་ཟེར་མི་གཅིག་མ་གཏོགས་ དྭགས་པོ་བཀའ་བརྒྱུད་ཟེར་མེད། དེ་ལས་རྗེ་བཙུན་མི་ལའི་སློབ་མ་ རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་ ༼༡༡༢༡༽ཤར་དྭགས་པོ་གི་ས་གནས་དྭགས་ལྷ་སྒམ་པོ་ཟེར་སར་གདན་ས་ཆགས་ནི་དེ་གིས་ དྭགས་པོ་བཀའ་བརྒྱུད་ཟེར་ཆགས་ཆགསཔ་ཨིནམ་དང་། དྭགས་པ་བཀའ་བརྒྱུད་འདི་ལུ་ཆེ་བཞི་ཆུང་བརྒྱད་དཔལ་ལྡན་འབྲུག་པ་དང་བཅས་པ་བཅུ་གསུམ་ཡོད།[1]
དགེ་ལུགས་པ། ༼དགའ་ལྡན་པའི་ལུགས༽
དགེ་ལུགས་པ་ཟེར་མི་འདི་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་བརྒྱུད་པའི་བཀའ་གདམས་པའི་ཆོས་ལུགས་ཅིག་ཨིན་རུང་། ཤུལ་ལས་རྗེ་ཙོ་ཁ་པ་སློབ་བཟང་གྲགས་པ་གིས༼༡༤༠༩༽རི་བོ་དགའ་ལྡན་ཟེར་བའི་དགོན་པ་ཕྱག་བཏབ་ཡོདཔ་དང་། དེ་ལས་བརྒྱུད་པའི་ཆོས་བརྒྱུད་ཚུ་ལུ་དགའ་ལྡན་པ་ཟེར་སླབ་ཨིན། ཨིན་རུང་ཤུལ་ལས་དགའ་ལྡན་གྱི་ཚབ་ལུ་དགེ་ལུགས་པ་ཟེར་ཆགས་ཆགསཔ་ཨིན་མས།

ཁྱད་པ་འདྲཝ་དང་མ་འདྲཝ།
རྙིང་མ་པ་ཚུ་གིས་དཔེ་ཆ་གི་མཐའམ་ཁ་དོག་དམརཔ་གཏང་སྲོལ་ཡོདཔ་དང་། དགེ་ལུགས་པ་གིས་སེརཔ། བཀའ་བརྒྱུད་པ་ཚུ་གིས་རང་བཞིན་གྱི་ཁ་དོག་དཀརཔ། ས་སྐྱ་པ་གིས་ཁྲ་བོ། བོན་པོ་གིས་ཧོནམ་གཏང་སྲོལ་ཡོད། དེ་བཟུམ་སྦེ་ཆོས་ལུགས་སོ་སོ་ལུ་ཞྭམོ་མ་འདྲཝ་རེ་ཡང་ཡོད། ཨིན་རུང་ཆོས་ལུགས་བཞིཔ་དེ་ རང་རང་སོ་སོ་གི་ས་གནས་དང་། དགོན་པ་གི་མིང་། ལ་ལོ་གཅིག་བླམ་རང་གི་མིང་ལས་བརྟེན་ཏེ་དབྱེ་བ་སོ་སོར་ཆགས་ཆགསཔ་མ་གཏོགས། ཆོས་བརྒྱུད་ངོ་མ་འདི་རྒྱ་གར་གི་པཎ་གྲུབ་ཚུ་ལས་བརྒྱུད་དེ་འོང་འོངམ་ཅིག་ཨིན་ནི་དེ་གིས་ སྟོན་པ་བཅོམ་ལྡན་འདས་ལས་བརྒྱུད་པའི་ནང་པའི་ཆོས་གཅིག་ཨིནམ་ཅོག་རང་འཐད།




[1] རྗེ་སྒམ་པོ་པའི་སློབ་མ་གཙོ་བོ་བཞི་ལས། ༡ རྡོ་རྗེ་རྒྱལ་པོ་གིས་༼༡༡༥༨༽ཕག་མོ་གྲུ་ཟེར་བའི་དགོན་པ་ཕྱག་བཏབ་གནངམ་ལས་བརྟེན་ཏེ་ཕག་ཁྲུ་བཀའ་བརྒྱུད། ༢ ཀརྨ་པ་དུས་གསུམ་མཁྱེན་པ་གིས་༼༡༡༨༠༽སྟོད་ལུང་མཚུར་ཕུའི་དགོན་པ་ཕྱག་བཏབ་གནངམ་ལས་བརྟེན་ཏེ་མཚུར་ཕུ་བཀའ་བརྒྱུད།༼ཀརྨ་བཀའ་བརྒྱུད། ཀམ་ཚང་བཀའ་བརྒྱུད༽ ༣ དར་མ་དབང་ཕྱུག་གིས་༼༡༡༥༣༽འབའ་རོམ་དགོན་པ་ཕྱག་བཏབ་གནངམ་ལས་བརྟེན་ཏེ་འབའ་རོམ་བཀའ་བརྒྱུད། ༤ ཞང་འགྲོ་བའི་མགོན་པོ་གིས་༼༡༡༧༥༽ཚལ་གྱི་དགོན་པ་ཕྱག་བཏབ་གནངམ་ལས་བརྟེན་ཏེ་ཚལ་པ་བཀའ་བརྒྱུད་ཟེར་བའི་བཀའ་བརྒྱུད་ཆེན་པོ་བཞི་དང་།
ཆུང་བ་བརྒྱད་ཟེར་མི་འདི་ ཁོང་བཞི་གི་སློབ་མ་ལས་བརྒྱུད་དེ་མིང་སོ་སོར་ཆགས་མི་དེ་ཚུ་ཨིན་མས། ཕག་གྲུ་གི་སློབ་མ་སྐྱོབ་པ་འཇིག་རྟེན་མགོན་པོ་གིས་༼༡༡༧༩༽འབྲི་གུང་མཐིལ་གྱི་དགོནཔ་བཏབ་ལས་འབྲི་གུང་བཀའ་བརྒྱུད། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་༼༡༡༨༠༽སྟག་ལུང་དགོན་པ་བཏབ་ལས་སྟག་ལུང་བཀའ་བརྒྱུད།  རིན་ཆེན་མགོན་གྱིས༼༡༡༧༡༽ཁྲོ་ཕུ་གི་དགོན་པ་བཏབ་ལས་ཁྲོ་ཕུའི་བཀའ་བརྒྱུད།  རྨར་བ་ཤེས་རབ་ཡེ་ཤེས་ཀྱིས་༼༡༡༦༧༽ཁམས་སུ་ཤོ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་རྨར་བ་བཀའ་བརྒྱུད། སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་༼༡༡༧༡༽ཁམས་ལུ་ཡེལ་ཕུག་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཡེལ་ཕུག་བཀའ་བརྒྱུད། སྙི་ཕུ་གྱེར་སྒམ་ཆེན་པོས་སྙི་ཕུ་ཤུག་གསེབ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཤུག་གསེབ་བཀའ་བརྒྱུད། འདི་ཡན་ཆད་བདེ་གཤེགས་ཕག་མོ་གྲུབ་པ་ལས་དངོས་སུ་བརྒྱུད་བརྒྱུདཔ་ཨིནམ་དང་། ཕག་གྲུའི་སློབ་མ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་གི་སློབ་མ་གཡའ་བཟང་ཆོས་རྗེ་གིས་༼༡༢༠༦༽གཡའ་བཟང་གི་དགོན་པ་བཏབ་ལས་གཡའ་བཟང་བཀའ་བརྒྱུད།  ཕག་གྲུབ་སློབ་མ་གླིང་རས་པ་པདྨ་རྡོ་རྗེ་ལ་གླིང་རས་བཀའ་བརྒྱུད་དེ་དང་། གླིང་རས་པའི་སློབ་མ་འགྲོ་འགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་གིས་༼༡༡༩༣༽འབྲུག་ར་ལུང་གི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་མི་དེ་ལུ་འབྲུག་པ་བཀའ་བརྒྱུད་ཟེར་སླབ་ཨིན།
མདོར་ན་ཤངས་པ་བཀའ་བརྒྱུད་མ་གཏོགས་བཀའ་བརྒྱུད་པ་ཐམས་ཅད་དྭགས་པོ་བཀའ་བརྒྱུད་ལས་བྱུང་བྱུངམ་ཨིནམ་དང་། དྭགས་པོ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་གཉིས་ཆ་རང་ནྰ་རོ་པ་དང་། མེེ་ཏྲི་པ་གཉིས་ལས་བརྒྱུད་དེ་འོང་འོངམ་ཨིན་མས།


No comments: