༈ མཐའ་མེད་གནམ་གྱི་བསམ་བློ་བཏང་བཏང་ནས། །ཡངས་ཤིང་རྒྱ་ཆེའི་ས་ཡི་གནས་ཚུལ་ཤེས།།
སྐར་རྩིས་རིག་པས་ཚེ་སྲོག་བསྩལ་གྱུར་ཀྱང༌། །དེ་ཡང་གདོད་བཅས་ལུས་ཀྱི་དབང་དུ་གྱུར།།
མཛོད་གནས་གསུམ་པ་མཇལ་ཚེ་སྐར་རྩིས་དྲན། །དེ་ལས་སྦྱངས་པས་རྒྱ་གར་གྲུབ་རྩིས་མཇལ།།
འདི་ཉིད་དངོས་ཡོད་གནས་ཚུལ་མཐུན་པས་ན། །དེ་དང་འགལ་རྣམས་ཕལ་ཆེར་རང་བཟོར་མཐོང་།།
ན་ལནྜ་ཡི་གཙུག་ལག་སློབ་ཁང་སྟེང་། །བརྟག་དཔྱད་ཁང་ནས་བརྟག་པའི་གྲུབ་འབྲས་སུ།།
ས་གཞི་ཉིད་ནི་གཟའ་དང་བཅས་པ་རྣམས། །གཡོན་དུ་འཁོར་ཞེས་ཨརྱ་བྷ་ཊས་གསུངས།།
ཐང་སན་བླ་མ་བརྒྱ་ཕྲག་བདུན་པའི་ནང་། །གནས་དེར་འབྱོར་ཚེ་ཁང་ཐོག་རིང་པོའི་སྟེང་།།
བརྟག་དཔྱད་ཁང་ཞིག་གཟིགས་པའི་ལོ་རྒྱུས་དེ། །ཁོང་གི་རྒྱ་གར་ལམ་ཡིག་ནང་དུ་གསལ།།
མཛོད་གནས་གསུམ་པ་མཇལ་ཚེ་སྐར་རྩིས་དྲན། །དེ་ལས་སྦྱངས་པས་རྒྱ་གར་གྲུབ་རྩིས་མཇལ།།
འདི་ཉིད་དངོས་ཡོད་གནས་ཚུལ་མཐུན་པས་ན། །དེ་དང་འགལ་རྣམས་ཕལ་ཆེར་རང་བཟོར་མཐོང་།།
ན་ལནྜ་ཡི་གཙུག་ལག་སློབ་ཁང་སྟེང་། །བརྟག་དཔྱད་ཁང་ནས་བརྟག་པའི་གྲུབ་འབྲས་སུ།།
ས་གཞི་ཉིད་ནི་གཟའ་དང་བཅས་པ་རྣམས། །གཡོན་དུ་འཁོར་ཞེས་ཨརྱ་བྷ་ཊས་གསུངས།།
ཐང་སན་བླ་མ་བརྒྱ་ཕྲག་བདུན་པའི་ནང་། །གནས་དེར་འབྱོར་ཚེ་ཁང་ཐོག་རིང་པོའི་སྟེང་།།
བརྟག་དཔྱད་ཁང་ཞིག་གཟིགས་པའི་ལོ་རྒྱུས་དེ། །ཁོང་གི་རྒྱ་གར་ལམ་ཡིག་ནང་དུ་གསལ།།
དེ་ཡི་གནད་དགག་མང་པོ་བསམ་བསམ་ནས། །མཛོད་གནས་གསུམ་པའི་གསང་བ་ཞར་ལས་ཤེས།།
ནུབ་ཀྱི་རྩིས་པར་ཆོས་ཀྱི་ཁྲིམས་ཕབ་པ། །བསམ་ནས་ཆུ་ཕྲན་རེ་ཞིག་རྒྱ་མཚོར་ཐིམ།།
ད་དུང་ལྗན་ལྗིན་མང་པོ་སློང་སློང་ནས། །འགྲོ་བ་རིགས་དྲུག་འཕགས་པའི་ཡུལ་ནས་བྱུང༌།།
ནུབ་ཀྱི་རྩིས་པར་ཆོས་ཀྱི་ཁྲིམས་ཕབ་པ། །བསམ་ནས་ཆུ་ཕྲན་རེ་ཞིག་རྒྱ་མཚོར་ཐིམ།།
ད་དུང་ལྗན་ལྗིན་མང་པོ་སློང་སློང་ནས། །འགྲོ་བ་རིགས་དྲུག་འཕགས་པའི་ཡུལ་ནས་བྱུང༌།།
ལྷ་ཀླུ་གནོད་སྦྱིན་སྐད་སོགས་ཡུལ་འདིའི་སྐད། །ཡིན་ཞེས་དགེ་ཆོས་ཉིད་ཀྱིས་གསུངས་པ་བདེན།།
ཇི་ཙམ་ལོ་རྒྱུས་རྙིང་པ་སྔོག་གྱུར་པ། །དེ་ཙམ་ཞིག་གིས་སྐྱུག་བྲོའི་གནས་ཚུལ་བྱུང༌།།
ཡུལ་དང་བློས་བྱས་སྟོང་ཉིད་གཉིས་པོ་དེ། །ནོར་ས་ཡོད་ཅེས་དྭགས་པོས་གསུངས་པ་བདེན།།
༈ བྱ་རྡོ་ལམ་ཕྲད་མིན་ནམ། །མངོན་ཤེས་མཁྱེན་པ་ཡིན་ནམ།།
གླིང་ཆེན་བདུན་པོ་ད་ལྟའི། །ས་གཞི་འདི་ལ་འདུག་གོ།།
དགོས་པའི་དབང་གིས་ཡིན་ནམ། །ཞེན་ཆགས་དབང་གིས་མིན་ནམ། །
རྣམ་གཞག་དེ་དང་འདྲ་བ། །ཕྱི་རོལ་པ་ལའང་འདུག་གོ། །
༈ ལྟ་གྲུབ་རྒྱན་གོས་གཡོགས་པའི། །གསང་བའི་འཇིག་རྟེན་བུ་མོ། །
ཁྱེད་ཀྱི་མདུན་ལ་ཕེབས་ཀྱང༌། །མཐོང་བ་ཞལ་རས་ཙམ་ཞིག །
རྒྱན་གོས་དེ་དག་བཤུབས་ནས། །གྲུབ་རྩིས་གློག་མེ་སྤར་ན། །
དེ་ལས་ལྷག་པའི་གསང་བ། །ལྗེན་པར་མཇལ་རྒྱུ་འདུག་གོ་ །
༈ མནྗུའི་མིང་ཅན་རྒྱལ་པོ། །དུས་སྐབས་ལན་གཅིག་བྱུང་བས། །
ཀུན་ཀྱང་འཇམ་དབྱངས་སྤྲུལ་པའི། །ཁ་འཕོ་བོད་ལ་མི་གཤོང༌། །
རྒྱ་ནག་གསེར་གྱི་རུས་སྦལ། །རྒྱ་གར་ཚངས་པའི་སྒོ་ང༌། །
རྩ་བ་ཅུང་ཟད་ཡོད་ཀྱང༌། །གོ་ནོར་ཆེན་པོ་ཐེབས་འདུག །
རྒྱ་རྩིས་བོད་ལ་བསྒྱུར་བའི། །ལོ་རྒྱུས་བཻ་དཀར་ལྟར་ན། །
གཞུང་ཚན་སྟོང་ལས་ལྷག་ཀྱང༌། །སྟོན་རྒྱུ་གཅིག་ཀྱང་མི་འདུག །
གནམ་ཁྱིའི་གཏོ་ཆོག་ལ་སོགས། །ད་དུང་བསྒྱུར་རྒྱུ་ལྷག་ཟེར། །
དེར་བལྟས་བསྒྱུར་ཟིན་དེ་ཚོ། །ས་ཁྱིའི་ལྟོ་ཆོག་ཡིན་འགྲོ། །
གཏོ་ཆོག་རྩེད་མོ་འདྲ་བ། །ལྷ་ཡིས་ག་ནས་བཞེས་པ། །
ལམ་གསུམ་འཛོམས་སར་གཡུགས་དུས། །ས་འཁྱམས་ཁྱི་ཡི་ལྟོ་རེད། །
རྒྱལ་པོའི་ཁྲི་ལ་བཞུགས་དུས། །རྒྱལ་ཁམས་སྐྱོང་བའི་ཚབ་ཏུ། །
ལྷ་སྒྲུང་ཙམ་ལ་དགའ་བ། །ལྷ་སྲས་སངས་རྒྱས་རྒྱ་མཚོ། །
August 29, 2008
༈
རྒྱ་ཧུང་དི་རྒྱལ་པོའི་དི་དང༌། །སྔགས་ཨ་ར་པ་ཙའི་དྷཱིཿགཉིས།།
སྤྱིར་སྒྲ་མདངས་མཐུན་པ་ཙམ་གྱིས། །རྒྱ་རྒྱལ་པོ་འཇམ་དབྱངས་ཆགས་འདུག།
ཕྱི་རྒྱ་ནག་ལྕགས་རི་བཞེངས་དུས། །ལས་ཉེས་པ་ཅུང་ཟད་ཙམ་ལའང༌།།
ཁྲིམས་སྲོག་ཐོག་གཏོང་བའི་འཇམ་དབྱངས། །ཆོས་ཐེག་པ་ཆེན་པོའི་ཞབས་འདྲེན།།
དཔེ་དེ་དང་འདྲ་བའི་བྱུང་རྐྱེན། །ཡང་གཞན་ཞིག་ཡོད་པས་གསན་དང༌། །
ཕར་རྒྱ་ཡི་མན་ཆུ་དེ་དང༌། །མར་ལེགས་སྦྱར་མནྗུ་གཉིས་པོ། །
རང་བོད་པའི་ཁ་ནས་འདོན་ཚེ། །སྒྲ་མན་ཇུ་གཅིག་ལས་མེད་དུས། །
སྟབས་བདེ་བའི་འགྲེལ་བཤད་གཅིག་གིས། །རྒྱ་རྒྱལ་པོ་འཇམ་དབྱངས་བཟོས་ཚེ། །
ངའི་བློ་མཐུན་རི་སྐྱ་བླ་མ། །སེམས་གདིང་ནས་ཁྲེལ་རྒོད་ཤོར་འདུག །
5/17/2009
༈ ཕྱི་མུ་སྟེགས་བྱེད་ཀྱི་གཞུང་ལུགས། །མི་གཞན་ལ་ཀློག་དབང་མེད་ཟེར། །
ངས་དགོས་པའི་དབང་གིས་བལྟས་པས། །ནང་ཕྱི་རོལ་འདྲེས་པའང་འདུག་སྙམ། །
༈ དགྲ་ལྷ་མིན་འཇོམས་པའི་དཔའ་བོ། །དཔལ་རིགས་ལྡན་དྲག་པོར་ཞུ་ཞིང༌། །
གཞན་ཁྱབ་འཇུག་འཇུག་པ་བཅུ་པའང༌། །མཚན་རིགས་ལྡན་དྲག་པོ་རེད་འདུག །
དགྲ་ལྷ་མིན་དུས་སྐབས་དབང་གིས། །ངོས་འཛིན་ཚུལ་མི་འདྲ་སྣ་ཚོགས། །
དུས་དང་ཐོག་ལྷོ་ཕྱོགས་མི་རིགས། །དེའི་རྗེས་ནས་ཁ་ཆེའི་ཆོས་པ། །
བོད་ཆོས་པའི་སྣང་ངོར་རིགས་དེ། །རི་རྒྱལ་པོའི་ཟོམ་ལ་བཞུགས་མཁན། །
བོད་ལྷ་ཡི་དབང་བྱས་བཤད་ན། །དེ་རྒྱ་ནག་དམར་པོའི་རིང་ལུགས། །
རྗེ་སྲོང་བཙན་སྒ་པོའི་སྐབས་སུ། །དགྲ་ལྷ་མིན་རིང་དུ་དེད་ཀྱང༌། །
དུས་སྙིགས་མར་ལྷ་མིན་དགྲ་བོས། །གནས་སུམ་ཅུ་རྩ་གསུམ་འཕྲོག་སོང༌། །
ཆོས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། །ད་ནུས་པ་ཡོད་ན་སྟོན་ཤོག །
དགྲ་ཧོར་སོག་བཟློག་པའི་དམག་དཔོན། །དོན་དངོས་ལ་ཡོད་ན་ལོངས་ཤོག །
ལྷ་ཁྱབ་འཇུག་སྤྲུལ་པ་ཡིན་རུང༌། །ཡུལ་ཤམ་བྷལ་རྒྱལ་པོ་ཡིན་རུང༌། །
མཚན་རུ་དྲ་ཀལ་ཀི་བྱ་བའི། །ལྷ་རིགས་ལྡན་དྲག་པོ་བཞེངས་ཤོག
།
༈ གནས་གསེར་གླིང་གསེར་གྱི་ས་གཞི། །དོན་ས་རྡོ་དཀྱུས་མ་ཡིན་ཙང༌། །
ཆུ་ལྷག་མ་གསེར་དུ་གྱུར་པའང༌། །དོན་འདི་འདྲ་ཙམ་ཞིག་ཡིན་འགྲོ། །
ཆུས་བརྒྱ་ཆ་དོན་གཅིག་སྐོར་བའི། །ས་བརྒྱ་ཆ་ཉེར་དགུ་ཙམ་ལ། །
གླིང་ཆེན་པོ་བདུན་དུ་གྱེས་པའི། །དབུས་འཛམ་གླིང་ཡངས་པའི་རྒྱལ་ཁབ། །
དེ་རྒྱ་གར་གཙོ་བོར་བྱེད་པའི། །ཨེ་ཤི་ཡའི་ཕྱོགས་གཅིག་རེད་འདག །
གླིང་གཞན་མི་རྒྱ་གར་འགྲོ་དུས། །ཁོང་འཛམ་བུའི་གླིང་ལ་འགྲོ་ཟེར། །
ད་དེ་ལས་ཡ་མཚན་ཆེ་བའི། །རི་རྒྱལ་པོ་རི་རབ་བྱ་བ། །
རི་ཧི་མ་ལ་ཡའི་སྟེང་གི། །གངས་ཆེན་པོ་ཏི་སེ་དེ་རེད། །
ཁྱེད་ལྷ་ཡི་རྒྱལ་ཁམས་འགྲིམས་མཁན། །ངས་བཤད་དེར་ཡིད་ཆེས་མེད་མོད། །
ང་མི་ཡུལ་ས་མཐའ་སྐོར་ནས། །དོན་དེ་ཚོ་ལྗེན་པར་མཇལ་བྱུང༌། །
གཏམ་སྙན་གྲགས་འབྲུག་ལྟར་ལྡིར་ནའང༌། །ངོ་འཕྲོད་ཚེ་དཀྱུས་མའི་གངས་རི། །
ཆོས་ཀུན་རྫོབ་བདེན་པའི་གནས་ལུགས། །མཐར་གཏུགས་ན་དེ་འདྲ་ལོས་ཡིན། །
༈ དཔལ་འཇམ་དཔལ་གྲགས་པའི་བསྡུས་རྒྱུད། །ཆོས་ཚིགས་ཅད་སྟོང་དང་སུམ་ཅུ། །
དེ་ཡོངས་རྫོགས་སྡེབ་སྦྱོར་ཕྲེང་འཛིན། །སེམས་གདིང་ནས་ཧོན་ཐོར་བྱུང་སོང༌། །
ཕྱི་འཇིག་རྟེན་གྲུབ་རྩིས་གཞུང་དང༌། །སྒོས་ཚན་རིག་མཐུན་པ་མེད་ནའང༌། །
དེར་བརྟེན་པ་གཟའ་ཡི་རྣམ་གཞག །མགོ་སེར་པོ་ལས་ཀྱང་སྔོན་ཐོན། །
༈ ༧འཇམ་མགོན་ས་པཎ་མཆོག་དང༌། །པཎ་ཆེན་ཤཱ་ཀྱ་མཆོག་ལྡན། །
རྟོགས་པ་དགུང་ལས་མཐོ་ནའང༌། །གངས་རི་ཏི་སེ་འདི་རེད། །
རྟོག་བཟོའི་གཟུགས་བརྙན་སྤངས་ནས།།དངོས་ཡོད་ར་སྤྲོད་གནང་མཁན།།
ལུགས་གཉིས་མཁྱེན་པའི་བདག་པོ།།༧རྒྱལ་བ་མི་སྐྱོད་རྡོ་རྗེ།།
ཕྱི་ནང་གཉིས་ཀྱི་རི་རབ། །ནམ་མཁའི་མཐོང་ལ་མི་འདུག །
སྲུང་སྐར་རྒྱབ་སྐྱོར་བླངས་ནས། །ས་གཞིའི་སྟེང་ནས་བཙལ་ཡོད། །
ཧིན་དུའི་ལྷ་དབང་ཡབ་ཡུམ། །བོན་པོའི་གཤེན་རབ་མི་བོ། །
རང་རེའི་བདེ་མཆོག་འཁོར་ལོ། །ཀུན་ཀྱང་འདི་ལ་བཞུགས་ཡོད། །
9/1/2008
༈
ལྷ་ཡི་རྒྱལ་ཁབ་སྐྱོང་བས། །མི་ཡི་རྒྱལ་ཁབ་ཤོར་འདུག །
གནམ་ཡིག་གཏེར་ཡིག་མང་བས། །ཐུབ་ཆོས་ངོ་མ་བརླགས་འདུག །
གསང་བ་བསམ་མི་ཁྱབ་དེས། །སྡུག་བསྔལ་བསམ་མི་ཁྱབ་སོང༌། །
ད་དུང་གསང་བ་མང་ན། །མི་བརྒྱུད་གསང་བར་ཆགས་སྲིད། །
ཟབ་ཆོས་གཏེར་གྱི་སྒྲོམ་བུར། །གསར་འགོད་ཁ་གཏད་ལྕོགས་ཀྱི། །
ལུང་གི་ཚད་མ་དེ་ཚོར། །རྫ་མས་ཁ་གཏད་ལྕོགས་ཀྱི། །
༈ རིང་བའི་དག་ཞིང་གཟིགས་ཀྱང༌། །ཉེ་བའི་སྦྲ་གུར་མི་མཐོང༌། །
རོ་བརྒྱའི་ཟས་ལ་རྔམ་པས། །ཙམ་འཐུག་མཐུང་ནས་ལྷག་འདུག །
མ་མཐོང་ལམ་རྒྱགས་བསྒྲུབ་ནས། །མཐོང་བའི་ལྟོ་རྒྱགས་ཆད་དུས། །
ཉམ་ཐག་མི་དམངས་རྩ་ནས། །མ་སློང་རང་སློང་རེད་འདུག །
༈ རང་བྱུང་རྡོ་ཡི་སྐུ་ལ། །བཟོ་ཡི་ལག་རྗེས་ཡོང་གི། །
བྲག་ལ་རྒྱབ་བསྟན་སྐུ་རྗེས། །ཁ་སྣ་མིག་གསུམ་ཡོང་གི། །
གྱེན་དུ་གཟར་བའི་བྲག་ལ། །ཞབས་རྗེས་བཞག་པ་དེ་ཡིས། །
བཞག་མཁན་བླ་མ་དེ་ཚོ། །ཕ་ལའིང་ཀིག་ཀྱང་མཁྱེན་གྱི། །
རྡོ་བརྐོས་མ་མཐོང་མི་ལ། །རྡོ་སྐུ་རང་བྱུང་རེད་འདུག །
ལྷོ་ཕྱོགས་བྲག་བརྐོས་མཐོང་ན། །རང་བྱུང་སེམས་ནས་བརྗེད་ཡོང༌། །
༈ སྐྱབས་དཀོན་མཆོག་གསུམ་ལུ་བཅོལ་དེ་གིས།།ཆོས་སངས་རྒྱས་བསྟན་པའི་སྒོར་ཞུགས་པའི།།
ཁྱེད་དགེ་སློང་སྒོམ་ཆེན་ཨ་ཎིམ་ཚུ། །མཉན་ང་ལུ་ཚར་ཅིག་གསན་གནང་སྨེ། །
ཡངན་ཕྱི་མར་ཕན་པའི་ཆོས་མ་བསྒྲུབས། །ཡངན་ཚེ་འདིར་དགའ་བའི་གཉེན་མ་བསྐྱོངས།།
ཕྱི་སྡོད་ཉམས་སེང་གེ་བཟུམ་ཅིག་སྦེ། །ད་གཉིས་མེད་སེང་གེར་མ་སོང་ག །
ཆུ་གཙང་ཆུ་མ་སྐམ་ཙམ་ཅིག་དང༌། །ཉ་མ་ཤིཝ་ཙམ་ཅིག་སྡོད་དེ་གིས། །
ཉམས་དགཝ་དང་སྐྱིདཔ་ཅིག་མེདཔ་ལས་སྨོ།།སེམས་མནོ་བསམ་ཐེབས་ཅིག་གཏང་དགོསཔ་འདུག།
༈ མགོན་ཤཱཀྱ་ཐུབ་པ་བཞུགས་པའི་སྒང༌། །རྔ་རོལམ་གྱི་ཆོ་གུ་གཏང་ནི་མེད།
དཔལ་ན་ལན་ཌ་ཡི་པཎ་གྲུབ་ཚུའང༌། །དེ་བཟུམ་གྱི་ཆོ་གུ་བཏང་མ་མྱོང༌། །
ཆོས་སངས་རྒྱས་བསྟན་པ་མ་དར་སྔོན། །བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་དེ། །
ཕྱིའི་ལྷ་གསོལ་འདྲེ་བརྡུང་འབད་མི་གི། །གཤེན་བོན་པོའི་ཆོས་ལུགས་དེ་ཨིན་མས། །
བོད་རྒྱལ་ཁབ་ཡར་རྒྱས་འགྱོ་བ་ལུ། །གེགས་བོན་ཆོས་ཨིནམ་སྦེ་མཐོང་དེ་གིས། །
རྒྱལཔ་སྲོང་བཙན་སྒམ་པོས་དེ་བཞག་ནས།།ཆོས་སངས་རྒྱས་བསྟན་པ་སྤེལ་སྤེལཝ་ཨིན།།
དེ་ཨིན་རུ་བོད་པའི་སེམས་ནང་ལུ། །སྔོན་སྔར་སྲོལ་དགོསཔ་སྦེ་ཤར་དེ་གིས། །
དཔལ་ཤཱ་ཀྱ་ཐུབ་པའི་ཆོས་ལུགས་ནང༌། །གཤེན་བོན་པོའི་ཁ་སྐོང་སྐྱབ་བཞག་ནུག
ད་རྟ་དང་བོང་ཀུ་ཕྱེད་མཆིསཝ་ལས། །ཤུགས་ཆེ་བའི་དྲེལ་ཅིག་སྐྱེས་ད་ནུག །
དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག །དོན་ཞུ་དགོསཔ་མི་འདུག་མནོ་བསམ་གཏོང༌།།
༈ བླམ་མི་ལ་རས་པའི་མགུར་འབུམ་ནང༌།།རྟེན་མང་རུ་ལགཔ་གིས་བཟོ་བཟོཝ་ཨིན།།
རང་སེམས་དེ་ལྷ་ཨིནམ་མ་ཤེས་ན། །ཕྱིའི་ལྷ་ལ་རེ་སྟོང་ཡིན་ཟེར་འདུག།
ལོ་ཉིས་སྟོང་ལྔ་བརྒྱའི་གོང་རོལ་གྱི། །ཐུགས་རྙིང་རྗེ་ལྡན་པའི་སངས་རྒྱས་ཀྱིས།།
ལྷ་གཞན་གྱིས་རྒྱབ་སྐྱོར་མི་མཛདཔ་ལས།།མི་རང་ཉིད་རང་གི་མགོན་ཡིན་གསུངས།
༈ སྐྱབས་དམ་ཆོས་ངོ་བོ་རྒྱབ་བཞག་སྟེ། །མི་དེ་ཚུ་སྐྱེད་ཁ་ལོངས་སྤྱོདཔ་མས། །
ད་སྐྱེད་ལུ་སྐྱེད་ཅུ་བཏགས་དེ་གིས། །ངོབོ་གར་སོང་མེད་པར་རྒྱང་ད་ནུག །
མགོན་ཤཱ་ཀྱ་ཐུབ་པ་བཞུགས་པའི་སྒང༌།།སྐྱབས་དཀོན་མཆོག་གསུམ་ལས་ལྷགཔ་ཅིག་མེད།།
ད་དུས་ཀྱི་ཐ་མར་འགྱོཝ་ད་ལུ། །སྐྱབས་རྒྱ་དང་སྟོང་གིས་མི་ཆོད་པས། །
ཡར་ལྷ་ཁང་ཕུགས་ལུ་བཞུགས་མི་གི། །མཆེཝ་གནམ་ས་གཉིས་ལུ་གཏད་མི་ཚུ། །
ལྷ་རང་གི་བདག་འཛིན་མི་སྐྱོགས་པར། །གཞན་རྒྱབ་སྐྱོར་ག་དེ་མཛད་ནི་སྨོ། །
༈ རང་རྐང་པར་རྩང་ཅིག་ཟུག་རུ་ར། །ཡར་ཡུལ་ལྷ་བཙན་དེ་གསོལ་དགོས་ཟེར།།
རོགས་གླང་ཅུ་སྲོག་ལུ་མི་བལྟ་བར། །མགོ་སྟ་རེས་འཛམ་སྟེ་བསདཔ་ཨིན་མས།།
ལོ་གཅིག་གི་ཆོ་གུ་གཏོང་དགོས་ཟེར། །ཕགཔ་རྟས་ཐག་བརྡུང་དེ་བསད་མི་དེ།།
རང་སྤགས་སྤགས་ཟ་ནི་ཙམ་ཅིག་ལས། །ཡར་དཀར་པོའི་ཆོས་ལུ་དེ་མི་འགྱོ།།
མི་གཤིན་པོའི་དགེ་རྩ་སྒྲུབ་ཨིན་ཟེར། །ཆོསཔ་ཤ་དང་ཆང་གིས་གསོ་མི་ཚུ།།
དགའོ་མངལ་དུ་འཇུག་པའི་མདོ་ཚན་གཉིས།།ཞལ་ཚར་ཅིག་ཕྱེ་སྟེ་གཟིགས་དགོསཔ་འདུག།
༈ ས་འདི་དང་ཟླ་བའི་འཁོར་ལམ་གཉིས། །དུས་མཉམ་གཅིག་ཕྱེད་པའི་མདུད་པ་དེ།།
གཟའ་ཁྱབ་འཇུག་མགོ་དགུར་འཕྲུལ་དེ་གིས། །དེས་ཉི་མ་ཟླ་བ་ཟོས་སོ་ལོ།།
གཞི་དེ་ལུ་བཞག་པའི་ཧིན་དུའི་གཏམ། །ཆོས་མདོ་མང་ནང་ལུ་ལེ་ཤ་འདུག །
དེ་ལྷ་སྲུང་གྱལ་ཁར་ཚུད་སོངཔ་ལས། །གཏམ་བདེན་རྫུན་ག་གིས་ཕྱེ་ནི་སྨོ། །
དཔེ་དེ་བཞིན་ཉི་མ་ཟླ་བ་དང༌། །སྐརམ་རྟ་ཆེན་རྟ་ཆུང་ལ་སོགས་པའང༌།།
ཡར་ནམ་མཁའི་སྦུག་གི་རྡོག་གཟུགས་ཙམ། །དེ་མ་ཤེས་ལྷ་རུ་འཛིན་དེ་འཕྲུལ།།
༈ འབྲུག་སྨན་ལྗོངས་ཡུལ་གྱི་རྡོ་དེ་ཚུ། །བླམ་དེ་དང་དེ་ཡི་ཞབས་རྗེས་ལོ།།
ལོ་འབུམ་ཕྲག་ལྷག་པའི་རྡོའི་རིས་མོ། །བླམ་དེ་གིས་ག་དེ་བཟོ་བཟོཝ་སྨོ།།
ཕྱི་རྒྱལ་ཁབ་ཚུ་ནང་སོང་བལྟ་ད། །བྱཱག་ཧྲིལ་པོ་ལྷ་ཁང་བཟོ་བཞག་ནུག།
དེ་ཁྱེད་ཀྱིས་མཐོང་ན་བླམ་ཅིག་གིས།།ཞག་གཅིག་ལུ་བཟོ་བཟོཝ་ཨིན་ཟེར་སླབའོང༌།།
ཕར་བལ་པོའི་བྱ་རུང་ཁ་ཤོར་དེ། །ལྷོ་འཛམ་གླིང་ཞི་བདེའི་རྩ་བ་ལོ། །
དེ་ཅ་ར་ཀཥྚ་ཟུར་ཆག་ནས། །དོན་དེ་རུ་སོང་བ་མི་ཤེས་སྦེ། །
༈ ས་སྤོ་ཏོག་རེ་རེའི་རྩེ་མོ་ལུ། །ནང་ཕྱག་མཆོད་མེད་པའི་ལྷ་ཁང་རེ། །
ཕྱི་བལྟ་ན་འབྲོག་པའི་བྱཱག་རེ་ལུ། །ནང་སྒྲིབ་པ་ཤུབས་སའི་བྱཱག་ཕུག་རེ། །
མི་རང་གིས་བསགས་པའི་སྒྲིབ་པ་དེ།།ལྷ་སངས་རྒྱས་ཕྱག་གིས་བསལ་མ་ཚུགསན།།
ཕར་བྱཱག་ཕུག་སྟོངམ་ན་འཛུལ་དེ་གིས། །སྒྲིབ་ག་དེ་འབད་ར་ཤུབས་ནི་སྨོ། །
༈ དཔེ་མ་ཤེསན་རྒྱལ་ཁབ་སྐོར་དེ་བལྟ། །དོན་མ་ཤེསན་དཔེ་ཆ་ལྷཔ་དེ་བལྟ། །
ཚིག་ལེ་ཤ་ཞུ་ན་བླ་སློབ་ཚུ། །མི་ང་ལུ་བདུད་ཟེར་མིང་བཏགས་འོང༌། །
ང་མི་ལོ་བཅུ་ཕྲག་ལྷག་ཙམ་ཅིག །ཕྱི་རྒྱལ་ཁབ་རིག་པས་སྐོར་དེ་གིས། །
དོན་ངོ་མ་མྀག་གིས་མཐོང་མི་གི། །གཏམ་ཚིག་གསུམ་ནཱ་ལུ་ཞུ་དཔ་ཨིན། །
དེ་དུས་རབས་ཉི་ཤུ་རྩ་གཅིག་པའི། །ཕྱི་དགེ་སློང་རྟགས་ཙམ་འཛིན་མི་གི། །
མིང་བསམ་གཏན་ཟེར་མི་མྀ་ཅིག་གིས། །ས་ཝཱ་ར་ཎ་སི་ཕྱོགས་ནས་ཕུལ། །
ཐམས་ཅད་མཁྱེན་ཚོས་ལྷ་ཡི་མིག་གིས་ནི། །རིང་བའི་དག་ཞིང་གནས་ཚུལ་མཁྱེན་གྱུར་ཀྱང༌། །
ཉེ་བའི་བོད་ཀྱི་ཉག་ཕྲ་བའི་གནས་ཚུལ་རྣམས། །མཐོང་བའི་ཤ་མིག་གཉིས་དེ་ལོང་བར་སོང༌། །
དག་པའི་ཞིང་གི་གཟི་འོད་ཆེས་འབར་བས། །བོད་མིའི་སྦྲ་གུར་མི་སྣང་ཟིལ་གྱིས་གནོན། །
འདོད་འཇོའི་བ་དང་རོ་བརྒྱའི་ཟས་མཇལ་ནས། །བོད་མི་ཙམ་ཐུག་འཐུང་བ་གང་ནས་མཐོང༌། །
ཆེན་པོ་རྣམས་ཀྱང་རྙིང་རྗེ་ཆེ་དྲག་ནས། །དམངས་ལ་རོགས་རམ་མཛད་པའི་ཚབ་ཉིད་དུ། །
རྔུལ་ཆུ་ལས་གྲུབ་དམངས་ཀྱི་རྒྱུ་བསྡུས་ནས། །ལྷ་ཁང་གསེར་དངུལ་རིན་ཆེན་རྒྱན་གྱིས་བརྒྱན། །
ད་དུང་ཟླ་རེའི་གསོལ་མཆོད་སྲོལ་གཏོད་ནས། །སྦྱིན་བདག་གོ་སྐབས་ཐོབ་པའི་ཡུལ་མི་རྣམས། །
ཟ་བའི་ལྟོ་ལས་ཕྲི་ནས་འབུལ་དགོས་པ། །ཕན་གནོད་གང་ཡིན་དཔྱད་བྱའི་གནས་སུ་གྱུར། །
ངེད་ཀྱི་གྲོང་ལ་དུད་ཚང་བརྒྱ་ཙམ་ཞིག །ལོ་ངོ་གསུམ་རེར་སྦྱིན་བདག་ལན་རེ་འཁེལ། །
ཕྲུག་གུ་ལྟོ་གོས་མེད་པའི་ངའི་པ་ལགས། །སྦྱིན་བདག་ཐོན་ཚེ་སྙིང་རླུང་ལངས་པའི་གཞི། །
22 August 2008
མར་གྱི་རྒྱ་ཐང་སྔོན་མོ། །གཡུ་ཡི་མཎ་ཌལ་འདྲ་བར། །
ཡར་གྱི་གངས་རི་དཀར་པོ། །ཤེལ་གྱི་མཆོད་རྟེན་བླང་འདུག །
བར་གྱི་གཙང་ཆབ་ཆུ་མོ། །དཀོན་མཆོག་མཆོད་པ་ཕུལ་བའི། །
དཔལ་ལྡན་འབྲུག་པའི་ཡུལ་འདིར། །སྐྱེ་བ་འཐོབ་པ་དགའ་སོང༌། །
མངའ་བདག་མི་དབང་རྒྱལ་པོ། །འབངས་ཀྱི་སྐྱིད་སྡུག་བསམ་ནས། །
རང་གི་གཅེས་པའི་སྲོག་ལའང༌། །འཕོངས་པ་པུ་ཙམ་མི་འདུག །
སྐྱབས་རྗེ་མཚན་ལྡན་བླ་མ། །རང་དོན་ཡལ་བར་དོར་སོང༌། །
མགོན་སྐྱབས་ཁྱེད་གཉིས་འོག་ལ། །སྐྱེ་བ་འཐོབ་པ་དགའ་སོང༌། །
ཕོ་ཆུ་མོ་ཆུ་འཛོམས་པའི། །སྤུང་ཐང་བདེ་ཆེན་ཕོ་བྲང༌། །
གཞན་དོན་ཁོ་ན་སེམས་པའི། །བསྟན་འཛིན་སྐྱེས་བུའི་བཞུགས་གནས། །
ལན་གཅིག་སྡོད་རྒྱུ་བྱུང་བ། །སེམས་པ་ཧིང་ལས་དགའ་སོང༌། །
རྒྱལ་བ་ཤ་ཀྱཱ་ཐུབ་པའི། །འཕགས་ཡུལ་གནས་ཆེན་བཞི་སོགས། །
བུ་ཆུང་རང་གིས་སྐོར་ནས། །ལུས་ཀྱི་སྒྲིབ་པ་དག་སོང༌།།
དེ་ལས་ལྷག་པའི་དམ་ཆོས༌། །ལོ་མང་རིང་ལ་སྦྱངས་པས། །
ཉམས་རྟོགས་སྐྱེས་པ་མེད་རུང༌། །སེམས་ཀྱི་མུན་པ་སངས་སོང༌། །
22 August 2008
ཀ་རྩོམ་ལུགས་ལྡོག་མ།
ཨ་ཨ་ཁྱོད་ཀྱིས་དེ་སྦེ་གསུངས་པ་ཅིན། །ཧ་ལམ་ང་ཡང་ཁྱོད་ལུ་ཉན་མཆི་གེ།།
ཧ་སོ་ཅིག་སྦེ་སྤྲོ་བ་མ་སྟོན་ན། །ཨ་པ་ཟེར་མི་འོང་ཚེ་སྤྲོ་ཉམས་མེད།།
ས་སྐྲག་འོང་ཟེར་མནོ་སྟེ་བཞག་པ་གིན། །ཤ་ཚའི་བློ་ཡང་སྐབས་རེ་ཐོན་ནི་འདུག།
ལ་ལུང་བརྒལ་ཏེ་ན་ལུ་ལྷོདཔ་ད་ལུ། །ར་བའི་རྒྱབ་ཁར་ཚར་འཛུལ་སོང་གེ།།
ཡ་རབས་དམ་པའི་སྤྱོད་ཚུལ་མི་ལྡན་རུ། །འ་དོམ་བཟུམ་གྱི་སྤྱོད་ལམ་ང་གིས་ཤེས།།
ཟ་ནི་འཐུང་ནི་མེད་རུང་ཁག་ཆེ་བའི། །ཞ་མོ་འདི་ནི་ང་གིས་འཚོལ་བཞག་འོང་།།
ཝ་ཅུ་ཁ་སྦུབས་བཟུམ་གྱི་པདྨ་ལུ། །ཛ་ར་ཛོ་རེ་ཡོད་རུ་ཁྱད་མིན་འདུག།
ཚ་དྲོད་ཡོད་པའི་ཆུ་ཅིག་བཟོ་སྟེ་གིས། །ཙ་ལི་ཆུ་བཤལ་བཏངམ་དེ་གཏང་ད་གེ།།
མ་ཡུམ་དྲན་པའི་ངེད་ཀྱི་ནུ་ཅུ་དེ། །བ་མོ་བཟུམ་གྱི་ཁ་ཆུ་འཛག་པའི་ཁར།།
ཕ་ལམ་བཟུམ་སྦེ་འོད་མདངས་ཆེ་བའི་གུར། །པ་ཊ་ཚུ་ཡང་ཐོན་ཏེ་ཡོད་སྨྲ་རེ།།
ན་ལུ་འབྱོན་པའི་མགྱོནམ་ལུ་བསྒུག་དགོ་ཟེར། །ད་ལྟོ་ལས་རང་ཡ་ལུ་ལོངས་མཆི་ནུག།
ཐ་དང་དམ་ཚིག་ཟེར་མི་ཁོ་ལུ་མེདཔ། །ཏ་མ་ཁྱོད་རང་འབྱོནམ་ད་བལྟ་སྨྲ་རེ།།
ཉ་རེ་ཉོ་རེ་རྩ་ལས་མེད་པའི་ཁར། །ཇ་རིལ་གོང་ཏོག་གཉིས་ཡང་འབག་སྟེ་གིས།།
ཆ་རྒྱུ་མེད་པའི་སྒོ་དེ་བརྡུངམ་ད་ལུ། །ཅ་ཀ་ཁ་ཕྱེཝ་བཟུམ་སྦེ་ཕྱེ་སྨྲ་རེ།།
ང་འདི་ག་དེ་འབད་རུང་ཁྱད་པར་མེད། །ག་ལས་སྒོར་རུང་ཁྱོད་དང་འཁྲིལ་ནི་ས།།
ཁ་ལུ་བཙུགས་ནི་རྐྱངམ་ཅིག་མ་གཏོགས་པར། །ཀཱ་མ་སུ་ཏྲ་ལག་ལེན་འཐབ་ད་གེ།།
No comments:
Post a Comment