སི་ཏུའི་སྔོན་དང་རྗེས་ཀྱི་བདག་གཞན་འདོད་ཚུལ།
མཁྱེན་རབ་འོད་ཟེར་ཉི་མའི་དཔལ་ལ་འགྲན།།བྱམས་བསྐྱོང་བསིལ་ཟེར་མཚན་མོའི་མགོན་ལས་ལྷག།
ཡིད་བཞིན་ནོར་ལྟར་འདོད་རྒུ་ཀུན་བསྩལ་བའི།།གཞོན་ནུ་འཇམ་དཔལ་དབྱངས་དེས་སྐྱོངས་གྱུར་ཅིག།
༈ བདག་གཞན་གྱི་སྐབས་འདིར་སི་ཏུའི་སྔོན་གྱི་མཁས་པ་རྣམས་ཀྱི་འདོད་ཚུལ་དང་། སི་ཏུ་ཁོ་རང་དང་དེའི་རྗེས་ཀྱི་འདོད་ཚུལ་མི་འདྲ་བ་ཁག་གི་འདོད་ཚུལ་སྐོར་མདོར་བསྡུས་ཙམ་ཞིག་ཞུ་བ་ལ། དེ་ཡང་སི་ཏུ་ཆོས་ཀྱི་སྣང་བས་འགྲེལ་ཆེན་མུ་ཏིག་ཕྲེང་འཛེས་འདི་ཉིད་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་སྤྱི་ལོ་༡༧༤༤ལོར་བརྩམས་པ་ཡིན་ལ། དེའི་སྔ་ཕྱིའི་བདག་གཞན་གྱི་འདོད་ཚུལ་ཤེས་པ་ལ། ཐོག་མར་སི་ཏུའི་སྔ་རྗེས་སུ་སུམ་རྟགས་ཀྱི་འགྲེལ་བ་གང་དང་གང་བྱུང་ཡོད་མེད་ཤེས་དགོས་པས། གལ་ཆེ་བའི་འགྲེལ་པ་ཁག་གི་མཚན་བྱང་རགས་བསྡུས་ཙམ་ཞིག་འགོད་རྒྱུ་ཡིན།
སི་ཏུའི་སྔོན་གྱི་སུམ་རྟགས་འགྲེལ་པའི་མཚན་བྱང་།
ཨང་།
|
རྩོམ་པ་པོ།
|
དུས་རབས།
|
ཕྱག་དཔེའི་མཚན།
|
༡
|
ས་སྐྱ་པཎ་ཆེན།
|
༡༡༨༢་་་༡༢༥༡
|
སུམ་རྟགས་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ།
|
༢
|
དབུས་པ་བློ་གསལ།
|
བཅུ་གཉིས་པ།
|
སུམ་རྟགས་འགྲེལ་པ།
|
༣
|
ཡར་འབྲོག་རིན་ཆེན་ཏོག
|
བཅུ་གསུམ་པ།
|
རིན་པོ་ཆེའི་ཟ་མ་ཏོག
|
༤
|
ལོ་ཆེན་ནམ་མཁའ་བཟང་པོ།
|
བཅུ་བཞི་པ།
|
སུམ་འགྲེལ་བསྟན་པའི་སྒྲོན་མེ།
|
༥
|
སྣར་ཐང་སཾ་གྷ་ཤྲཱི།
|
བཅུ་བཞི་པ།
|
སུམ་རྟགས་མཆན་འགྲེལ།
|
༦
|
ཀུན་མཁྱེན་གོ་བོ་རབས་འབྱམས་པ།
|
༡༤༢༩་་་༡༤༨༩
|
སུམ་རྟགས་འགྲེལ་པ།
|
༧
|
པཎ་ཆེན་ཤཱ་ཀྱ་མཆོག་ལྡན།
|
༡༤༢༨་་་༡༥༠༧
|
སུམ་རྟགས་འགྲེལ་པ།
|
༨
|
ཞྭ་ལུ་ཆོས་སྐྱོང་བཟང་པོ།
|
༡༤༤༡་་་༡༥༢༧
|
རྣམ་པར་གསལ་བའི་ལེགས་བཤད།
|
༩
|
པཎ་ཆེན་གསེར་མདོག་པ།
|
སུམ་རྟགས་འགྲེལ་པ།།
| |
༡༠
|
དཔའ་བོ་གཙུག་ལག་ཕྲེང་བ།
|
༡༥༠༤་་་༡༥༦༦
|
གསལ་བྱེད་སྒྲོན་མེ།
|
༡༡
|
ཟུར་ཁ་བློ་གྲོས་རྒྱལ་པོ།
|
༡༥༠༩་་་
|
མཁས་པའི་དགའ་སྟོན།
|
༡༢
|
པཎ་ཆེན་བྱམས་གླིང་པ།
|
༡༤༠༠་་་༡༤༧༥
|
ཞིབ་མོ་རྣམ་ཐག
|
༡༣
|
རྣམ་གླིང་པཎ་ཆེན།
|
༡༦༨༣་་་
|
ལེགས་བཤད་སྣང་བྱེད་ནོར་བུ།
|
༡༤
|
པྲ་སྟི་དགེ་བཤེས་རིན་ཆནེ་དོན་གྲུབ།
|
ཀུན་བཟང་དགོངས་རྒྱན། རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ།
| |
༡༥
|
ཅོ་ནེ་གྲགས་པ་བཤད་སྒྲུབ།
|
༡༦༧༥་་་༡༧༤༨
|
ཚིག་དོན་གསལ་བྱེད་སྣང་བ།
|
སི་ཏུ་དང་དེའི་རྗེས་ཀྱི་སུམ་རྟགས་འགྲེལ་པ།
༡
|
སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ།
|
༡༧༠༠་་་༡༧༧༦
|
འགྲེལ་ཆེན་མུ་ཏིག་ཕྲེང་མཛེས།
|
༢
|
ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན།
|
༡༧༠༨་་་༡༧༦༨
|
བློ་གྲོས་པདྨོ་འབྱེད་པའི་སྣང་བ།
|
༣
|
ལྕང་སྐྱང་རོལ་པའི་རྡོ་རྗེ།
|
༡༧༡༧་་་༡༧༨༦
|
བློ་ལྡན་དགའ་བསྐྱེད།
|
༤
|
ཀརྨ་སྨོན་ལམ་འོད་ཟེར།
|
ལེགས་བཤད་སྣང་བ།
| |
༥
|
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།
|
༡༨༤༥་་་༡༩༡༥
|
ངོ་མཚར་འཁྲུལ་གྱི་ལྡེ་མིག
|
༦
|
དངུལ་ཆུ་དྷརྨ་བྷ་དྲ།
|
༡༨༦༦ལོར།
|
སི་ཏུའི་ཞལ་ལུང་།
|
༧
|
དབྱངས་ཅན་གྲུབ་པའི་རྡོ་རྗེ།
|
ཉི་ཤུ་པ།
|
ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་།
|
༨
|
ཚེ་བརྟན་ཞབས་དྲུང་།
|
ཉི་ཤུ་པ།
|
ཐོན་མིའི་ཞལ་ལུང་།
|
༩
|
རིགས་སློབ་བློ་བཟང་རྒྱ་མཚོ།
|
ཉི་ཤུ་པ།
|
སུམ་རྟགས་རིན་ཆེན་བང་མཛོད།
|
༡༠
|
སྟོབས་དགའ་རིན་པོ་ཆེ།
|
ཉི་ཤུ་པ།
|
མུ་ཏིག་ཕྲེང་མཛེས་ཀྱི་སྐྱོན་སེལ་དྲང་པོའི་ངག
|
༡༡
|
བར་གཞིས་ཕུན་ཚོགས་དབང་རྒྱལ།
|
ཉི་ཤུ་པ།
|
སི་ཏུ་འགྲེལ་ཆེན་གྱི་ཟུར་ཆེན།
|
༡༢
|
འགོས་པདྨ་རྒྱལ་མཚན།
|
ཉི་ཤུ་པ།
|
གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག
|
བཅས་གྲངས་ཀྱིས་མི་ལངས་པ་ཡོད།
|
སི་ཏུའི་སྔོན་གྱི་མཁས་པ་རྣམས་ཀྱི་བདག་གཞན་འདོད་ཚུལ།
སི་ཏུའི་སྔོན་དུ་སུམ་རྟགས་ཀྱི་འགྲེལ་པ་མང་པོ་དེ་འདྲ་ཡོད་ན་ཡང་། སྤྱིར་ནས་དཔེ་རྒྱུན་དཀོན་པ་དང་། ལྷག་པར་རང་རེའི་དཔེ་མཛོད་དུ་ འགྲེལ་པ་དེ་དག་གི་དྲི་མ་ཙམ་ཡང་མི་འདུག་པས། མཁས་པ་དེ་དག་གི་དགོངས་པ་ངོ་མ་གང་འདྲ་ཞིག་ཡིན་མིན་རྟོགས་པར་དཀའ། འོན་ཀྱང་འགྲེལ་པ་དེ་དག་ཏུ་བཤད་པའི་འདོད་ཚུལ་གལ་ཆེ་བའི་རིགས་མི་འདྲ་བ་བདུན་ལ་སི་ཏུ་རིན་པོ་ཆེས་དགག་བཞག་མཛད་འདུག་པས། སྐབས་འདིར་ཡང་སི་ཏུ་རིན་པོ་ཆེས་གསུངས་པ་ལྟར་དུ་འགོད་རྒྱུ་ཡིན།
འདོད་པ་དང་པོ།
འདོད་པ་དང་པོ་ནི་ཞྭ་ལུའི་འདོད་པ་ཡིན་ལ། ཁོང་གི་འདོད་ཚུལ་ལྟར་ན། ༼བཅད་བྱ་ལྟ་བུའི་༽གཞན་དང་༼བཅད་པར་བྱ་ལྟ་བུའི་༽བྱ་བའི་སྒྲ་
ཐ་དད་དུ་འདོད་པ་དང་། གཞན་དེ་གང་ལ་ངོས་འཛིན་བྱ་དགོས་པའི་གསལ་ཁ་མེད་པ་དེ་ཡིན།
དེ་འགོག་ཚུལ།
བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་དང་། དེ་ལ་ཡོད་པའི་བྱ་བ་དང་བཅས་པ་ལ་གཞན་ཞེས་པའི་ངོས་འཛིན་བྱ་དགོས་པ་ཡིན་ནའང་དེ་ལྟར་མ་མཛད་པའི་སྐྱོན་དང་གཅིག བྱ་བའི་སྒྲ་ཞེས་པ་དེ་གཞན་གྱི་ནང་གསེས་ཤིག་ཡིན་ནའང་། གཞན་དང་བྱ་བའི་སྒྲ་གཉིས་སོ་སོར་ཕྱེ་བ་དོན་དེ་དོན་དུ་འགྱུར་བའི་སྐྱོན་དང་གཉིས་ཡོད་པ་ཡིན།
འདོད་པ་གཉིས་པ།
འདོད་པ་གཉིས་པ་ནི་པཎ་ཆེན་ཤཱ་ཀྱ་མཆོག་ལྡན་ཡིན་ལ། ཁོང་གི་འདོད་ཚུལ་ནི། བདག་ཅེས་པ་བྱེད་པ་ལ་གོ་དགོས་པ་དང་། གཞན་ཞེས་པ་བྱ་བ་ལ་གོ་དགོས་པར་འདོད་པ་ཡིན།
དེ་འགོག་ཚུལ།
འདོད་ཚུལ་དེ་ལྟར་ན། བདག་དང་གཞན་གྱི་ཁོངས་སུ་མ་བསྡུས་པར་དུས་གསུམ་གྱི་ཐ་སྙེད་ཀྱི་སྒོ་ནས་བསྟན་དགོས་པའི། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱེད་པ་དེའང་བདག་ཡིན་པར་འགྱུར་བ་དང་། དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བ་དེའང་གཞན་ཡིན་པར་འགྱུར་ལ། དེ་གཉིས་བདག་དང་གཞན་ཡིན་ཞེས་ཁས་ལེན་མཛད་ན། བདག་གཞན་སྒོ་ནས་བསྟན་པའི་སྐབས་སུ་དུས་གསུམ་གྱི་བྱ་བྱེད་དེའང་བསྟན་ཟིན་པས། མ་ནིང་གཉིས་ཀ་༼བདག་དང་གཞན།༽ ད་ལྟ་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་པའི་སྐབས་སུ་བདག་གཞན་ལས་ལོགས་སུ་ད་ལྟ་བ་དང་མ་འོངས་པའི་ཚིག་གིས་བསྟན་པ་དེ་ཟློས་སྐྱོན་དུ་འགྱུར་བའི་སྐྱོན་ཡོད་དོ།།
འདོད་པ་གསུམ་པ།
འདོད་པ་གསུམ་པ་ནི་རྣམ་གླིང་པཎ་ཆེན་གྱི་འདོད་པ་ཡིན་ལ། ཁོང་གིས་མིང་རྐྱང་རྣམས་ཀྱང་དུས་གསུམ་གྱི་ཁོངས་སུ་བསྡུས་པར་འདོད་པ་དང་གཅིག མ་ནིང་དང་མོའི་འཇུག་པ་བཤད་པའི་སྐབས་སུ་དས་འཕུལ་ཅན་དང་། འས་འཕུལ་ཅན་གྱི་མིང་ཀྱང་ཁ་ཤས་བདག་གི་དཔེར་བརྗོད་དུ་བཀོད་འདུག་པ་དེ་སྐབས་འདིའི་སྐྱོན་ཆེ་ཤོས་ཅིག་ཡིན།
དེ་འགོག་ཚུལ།
བདག་གཞན་དུས་གསུམ་གྱི་རྣམ་གཞག་དེ་བྱ་ཚིག་ལ་སྦྱོར་དགོས་པ་མ་གཏོགས་མིང་རྐྱང་ལ་སྦྱོར་མི་རུང་བའི་སྐྱོན་དང་། དས་འཕལ་ཅན་དང་འས་འཕུལ་ཅན་གྱི་མིང་རྐྱང་གིས་བདག་གི་དཔེར་བརྗོད་རུང་ན། བས་འཕུལ་ཅན་གྱི་མིང་རྐྱང་ཡང་ཡོད་པས། སྔོན་འཇུག་ཕོ་བ་ཡིག་དེ་དངོས་པོ་བདག་ལ་འཇུག་པའི་སྐྱོན་དང་བཅས་པ་ཡིན།
འདོད་པ་བཞི་པ།
འདོད་པ་བཞི་པ་ནི་སྒྲ་པ་ནམ་བཟང་དང་རྣམ་གླིང་གཉིས་ཀ་ཡིན། ཁོང་གི་འདོད་ཚུལ་ལ། མིང་རྐྱང་རྣམས་བདག་ཡིན་པ་དང་། དུས་གསུམ་ནི་གཞན་ཡིན་པར་འདོད་པ་དང་། ཡང་མིང་རྐྱང་རྣམས་དུས་ཀྱི་དབང་དུ་བྱས་ན་དུས་ད་ལྟ་བར་ཡིན་པར་འདོད།
དེ་འགོག་ཚུལ།
འདོད་པ་དེ་འགོག་ཚུལ་ལོགས་སུ་གསུངས་མི་འདུག་ལ། འོན་ཀྱང་དེ་དག་འགོག་དགོས་ན། འདོད་པ་གསུམ་པའི་སྐབས་སུ་བཤད་པ་ལྟར། མིང་རྐྱང་ལ་བདག་གཞན་སྦྱོར་མི་རུང་བ་དང་། དུས་གསུམ་དེ་གཞན་ཡིན་ན། བདག་གཞན་གྱིས་ཚིག་གིས་བསྟན་པ་ཙམ་གྱིས་འགྲིག་པས། དེ་ལས་ལོགས་སུ་དུས་གསུམ་གྱི་ཚིག་གིས་བསྟན་པ་དེ་ཟློས་སྐྱོན་དུ་འགྱུར་བའི་སྐྱོན་ཡོད། དེ་བཞིན་ལེགས་སྦྱར་གྱི་སྐབས་སུ་མིང་རྐྱང་དུས་ད་ལྟ་བར་འདོད་པ་ཡིན་ནའང་། སྐབས་འདི་བོད་སྐད་གཞིར་བཟུང་གི་དུས་གསུམ་བཤད་པའི་སྐབས་ཡིན་པས། ལུགས་འདི་གཉིས་མི་འདྲ་བཞིན་དུ་འདྲ་བར་བཟོ་བའི་སྐྱོན་ཡོད།
འདོད་པ་ལྔ་པ།
འདོད་པ་ལྔ་པ་ནི་པྲ་སྟི་དང་གཞན་འགའ་ཞིག་གི་འདོད་པ་ཡིན་ལ། ཁོང་གི་འདོད་པ་ནི་བདག་ཅེས་པ་དེ་བྱེད་པ་པོ་ཁོ་ནར་འདོད་པ་དང་། ཡང་འགའ་ཞིག་ལྟར་ན། བདག་ཅེས་པ་དེ་བྱེད་པ་ཁོ་ཁར་འདོད་པ་ཡིན།
དེ་འགོག་ཚུལ།
བདག་དེ་བྱེད་པ་པོ་ཁོ་ནར་འདོད་ན་བྱེད་ལས་ཆད་པར་འགྱུར་བ་དང་། བྱེད་པ་ཁོ་ནར་འདོད་ན་བྱེད་པ་པོ་ཆད་པའི་སྐྱོན་ཡོད།
འདོད་པ་དྲུག་པ།
འདོད་པ་དྲུག་པ་ནི་གང་ཡིན་ངོས་འཛིན་ཐུབ་མ་སོང་། གང་ལྟར་ཡང་ཁོང་རྣམས་ཀྱི་འདོད་པ་ལྟར་ན། བྱེད་པ་པོ་ལ་ཡོད་པའི་ལས་ཐམས་ཅད་བདག་དང་། བྱ་བ་གཞི་ལ་ཡོད་པའི་ལས་ཐམས་ཅད་གཞན་ཡིན་པ་དང་། དུས་གསུམ་གྱི་དབྱེ་བ་དེ་བྱ་བ་གཞི་ལ་ཡོད་པའི་ལས་དེའི་དབྱེ་བ་ཡིན་པར་འདོད་པ་ཡིན།
དེ་འགོག་ཚུལ།
བྱེད་པ་པོ་ལ་ཡོད་པའི་ལས་ཐམས་ཅད་བདག་ཡིན་པ་དང་། བྱ་བ་གཞི་ལ་ཡོད་པའི་ལས་ཐམས་ཅད་གཞན་ཡིན་པ་དེ་སི་ཏུས་ཀྱང་འདོད་པ་ཡིན་པས། དེ་ལ་སི་ཏུས་དགག་པ་གནང་མེད། འོན་ཀྱང་དགག་པ་རྒྱབ་དགོས་ས་ནི། དུས་གསུམ་གྱི་དབྱེ་བ་དེ་བྱ་བ་གཞི་ལ་ཡོད་པའི་ལས་དེའི་དབྱེ་བར་འདོད་ན། བྱེད་པ་པོ་ལ་ཡོད་པའི་ལས་དེ་དུས་གསུམ་ལས་གང་ཡང་མ་ཡིན་པ་དང་། བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་བྱ་བ་ལ་དུས་གསུམ་གྱི་དབྱེ་བ་མེད་པར་འགྱུར་བའི་སྐྱོན་ཡོད།
འདོད་པ་བདུན་པ།
འདོད་པ་བདུན་པ་ནི། རྣམ་གླིང་ལ་སོགས་པ་སི་ཏུའི་སྔོན་གྱི་མཁས་པ་ཕལ་ཆེ་བས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དང་མ་འབྲེལ་བའི་རྣམ་གཞག་ཕྱེ་མེད་པ་དེ་ཡིན།
དེ་འགོག་ཚུལ།
གལ་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དང་མ་འབྲེལ་བའི་རྣམ་གཞག་ཕྱེ་ན། བདག་གཞན་གྱི་རྣམ་གཞག་གསལ་པོར་གོ་མི་ཐུབ་པ་དང་། དེ་མ་ཐུབ་ན་གཞུང་དོན་ཅིས་ཕྱིན་པ་རྟོགས་མི་ཐུབ་པའི་སྐྱོན་ཡོད།
སི་ཏུ་དང་དེའི་རྗེས་ཀྱི་བདག་གཞན་འདོད་ཚུལ།
དེས་ན་མཁས་པ་སྔ་མ་རྣམས་ཀྱི་འདོད་པ་ལ་སི་ཏུ་རིན་པོ་ཆེས་དགག་བཞག་སྤོང་གསུམ་མཛད་ནས་བདག་གཞན་དུས་གསུམ་གྱི་རྣམ་གཞག་གསལ་བར་མཛད་པའི་རྐྱེན་ལ་བརྟེན་ནས་ཕྱིས་ཀྱི་མཁས་པ་ཕལ་ཆེར་སི་ཏུའི་རྗེས་འབྲང་ཤ་སྟག་ཡིན། འོན་ཀྱང་སི་ཏུས་བཤད་པའི་དོན་ཚན་ཁ་ཤས་ལ་གཞུང་དོན་དངོས་དང་མི་མཐུན་པའི་དོགས་པ་བྱུང་ནས་དགག་པ་གནང་མཁན་ཡང་བྱུང་ཡོད།
༡༽ དེའང་དཔེར་ན། མ་དཔེ་རྙིང་པ་ཕལ་ཆེར་ནང་དུ། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་ཡོད་པ་དེ་ལ། སི་ཏུས། མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་བཅོས་པ་དེ་ལ། ཚེ་བརྟན་ཞབས་དྲུང་གིས༼ཐོན་མིའི་ཞལ་ལུང་ནང་དུ་༽དགག་པ་གནང་འདུག་པ་དང་། མཁས་དབང་སྟོབས་དགའ་རིན་པོ་ཆེས་༼མུ་ཏིག་ཕྲེང་མཛེས་སྐྱོན་སེལ་དྲང་པོའི་ངག༽ དེའི་ཡང་ལན་ཡང་གནང་འདུག།
༢༽ རྡ་རམ་ས་ལའི་མཁས་དབང་བློ་བཟང་རྒྱ་མཚོ་མཆོག་གིས། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་པ་དང་། མོ་ནི་བདག་ད་མ་འོངས་ཕྱིར།། ཕྱོགས་གཉིས་གང་གི་འགྲེལ་པ་ལྟར་ནའང་བརྗོད་དོན་ཆ་མ་ཚང་བས། གལ་ཏེ་ཚིག་དེའི་དོན་ཆ་ཚང་བ་ཞིག་གོ་དགོས་ན། གོང་གི། མ་ནིང་གཉིས་ཀ་ད་ལྟ་ཆེད།། ཅེས་པ་དེའི་གོ་བ་ཆ་ཚང་སྐབས་འདིར་ལེན་ནས། སྔོན་འཇུག་མོ་འ་ཡིག་འདིས་བདག་གཞན་དང་ད་ལྟ་མ་འོངས་བཅས་ལ་འཇུག་པ་ཡིན་ཞེས། གཞན་དང་མི་འདྲ་བའི་གསར་གཏོད་ཅིག་ཀྱང་གནང་འདུག།
༣༽ སི་ཏུས། མ་ནིང་ག་ད་གཉིས་པོ་དུས་ད་ལྟ་བ་ལ་འཇུག་པའི་དཔེར་བརྗོད་དུ། གཅར་གྱིན་སྣང་ངོ། གཅར་བཞིན་པའོ། དཀྲི་ཡིན་འདུག་གོ། ཞེས་སོགས་གསུངས་པ་དེ་ལ། ཝཱ་ར་ཎ་སཱིའི་རྒན་པདྨ་རྒྱལ་མཚན་མཆོག་གིས། དཔེར་བརྗོད་མ་རྙེད་ནས་སྟོབས་མཚུངས་ལ་ཁ་གཡར་བ་ཡིན་ཞེས་སོགས་ཀྱི་དགག་པ་མཛད་འདུག།
དེ་ལྟར་གོང་དུ་ཞུས་པའི་སི་ཏུའི་སྔ་རྗེས་ཀྱི་བདག་གཞན་འདོད་ཚུལ་གྱི་སྐོར་མདོར་བསྡུས་ཙམ་ཞིག་བྲིས་པ་དེའང་། སི་ཏུ་འགྲེལ་ཆེན་རང་གི་ཐོག་ནས་འབྲེལ་ཡོད་མཁས་པ་ཁག་དང་འདྲི་བསྟུན་གང་མང་བྱས་སྟེ། རང་གིས་གང་ཐོས་དང་་གང་ཤེས་ཙམ་ཞིག་བྲིས་པ་མ་གཏོགས། མཁས་པ་སྔ་མའི་ཡིག་ཆ་རེ་རེ་བཞིན་དུ་མཇལ་ནས་བྲིས་པ་མིན་པས། གལ་ཏེ་མཁས་པ་སྔ་མའི་དགོངས་པ་མ་ལོན་པ་དང་། འགོག་ཚུལ་དོན་དང་མི་མཐུན་པ་རེ་བྱུང་ཚེ། གཟུར་གནས་བློ་ལྡན་དག་གིས་སྙིང་རྗེའི་སྤྱན་གྱིས་གཟིགས་སུ་གསོལ།།
No comments:
Post a Comment