Saturday, August 16, 2014

བླ་སྤྲུལ་ཁག་གི་ལོ་རྒྱུས།

ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ།
༈  ཁ་བཞི་ལྷོ་མོན་ལྗོངས་ཀྱི་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཐུགས་གསུང་སྐུའི་སྤྲུལ་པ་གསུམ་ལས། ཐུགས་སྤྲུལ་བཞི་པ་ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་༼༡༨༣༡༽ལོར་ཤར་ཕྱོགས་སྦྲམ་མེ་རྩེར་སྐུ་འཁྲུངས། གཞོན་ནུའི་དུས་ནས་གཞུང་དུ་གདན་འདྲེན་ཞུས་ཏེ་ཁྲི་འདོན་མཛད།
མཁན་ཆེན་འཇམ་དཔལ་ཤེས་རབ་རྒྱལ་མཚན་དང་། ཡོངས་འཛིན་ཡོན་ཏན་རྒྱལ་མཚན་སོགས་ལས་དབང་ལུང་མན་ངག་གསན་ནས་ཉམས་ལེན་མཛད་པས་རྩ་རླུང་ལ་རང་དབང་ཐོབ་པར་མཛད།  འོན་ཀྱང་ཕྱག་བརྒྱ་ཆེན་པོའི་ཐབས་ལམ་དུ་བཙུན་མོའང་བཞེས་པས་སྐྱེ་བོ་གཞན་གྱི་བློ་ངོར་མ་བབས་པར་སྐུར་འདེབས་ཀྱི་གནས་སུ་གྱུར། དེའི་རྐྱེན་གྱིས་ཐུགས་བསུན་ཕྱུང་ནས་བོད་དུ་ཕེབས། སྐབས་དེར་བླ་མ་ཐུགས་ཡིད་མ་མཉེས་པའི་རྐྱེན་གྱིས་སྤུངས་རྫོང་ཆུ་ཡིས་ཁྱེར་ཞེས་གྲགས། སླར་ཡང་སྤ་གྲོ་སྒོ་རི་ན་བླ་མའི་གདན་སར་བྱོན་ནས་བཞུགས་པའི་མཐའ་མར་དགུང་གྲངས་སོ་གཅིག་བཞེས་པ་རབ་བྱུང་བཅུ་བཞི་པའི་ལྕགས་བྱ༼༡༨༦༡༽ལོར་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་མཛད་དོ།།

ཞབས་དྲུང་གསུང་སྤྲུལ་ལྔ་པ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ།
༈ སྨན་ལྗོངས་ཆོས་ཀྱི་རྒྱལ་པོ་མཐུ་ཆེན་བདུད་འཇོམས་རྡོ་རྗེའི་ཐུགས་གསུང་སྐུའི་སྤྲུལ་པ་གསུམ་ལས། གསུངས་སྤྲུལ་ལྔ་པ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ཕག་༼༡༨༥༡༽ལོར་བུམ་ཐང་སྟངས་ཀྱི་ཡུལ་དུ་སྐུ་འཁྲུངས། སྐུ་ན་གསོན་ནས་མཁན་ཆེན་ཡོན་ཏན་རྒྱལ་མཚན་དང་། ཡོངས་འཛིན་ངག་དབང་དོན་ལྡན་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་ལ་གསན་བསམ་མཛད། སྤ་གྲོ་གསང་ཆེན་ཆོས་འཁོར་གྱི་གདན་ས་བཟུང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། དགུང་གྲངས་ང་གསུམ་བཞེས་པའི་ཆུ་ཡོས་༼༡༩༠༣༽ལོར་སྡེ་པའི་ཁྲི་ལ་བྱོན། ང་དྲུག་བཞེས་པའི་མེ་རྟ་༼༡༩༠༦-༡༩༠༧༽ལོར་སྡེ་པའི་ཐུགས་འགན་སྤངས་ནས་དབེན་པར་གཞོལ་བའི་སྐབས་དང་བསྟུན་ནས་ཀུན་དགའ་ཆོས་གླིང་གི་གདན་ས་བཏབ། དགུང་གྲངས་རེ་ལྔ་བཞེས་པའི་ཤིང་ཡོས་༼༡༩༡༥༽ལོར་མཁན་པོའི་ཁྲི་ལ་ཕེབས། ལོ་གཉིས་བསྟན་པ་བསྐྱངས་པའི་མཐར། དགུང་གྲངས་རེ་བདུན་བཞེས་པའི་མེ་སྦྲུལ་༼༡༩༡༧༽ལོར་ཞབས་དྲུང་རིན་པོ་ཆེའི་དམར་གདུང་ཞལ་ཁ་ཕྱེ་བའི་རྐྱེན་གྱིས་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་མཛད་དོ།།

རྗེ་མཁན་ཁྲི་རབས་བཞི་པ་དམ་ཆོས་པད་དཀར།
༈ དཔལ་ལྡན་འབྲུག་པའི་བསྟན་པའི་གཏད་རབས་བཞི་པ་མཁན་ཆེན་དམ་ཆོས་པད་དཀར་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ས་ཡོས་༼༡༦༣༩༽ལོར་ སྤ་གྲོ་གཟར་ཆེན་ཆོས་རྗེའི་གདུང་རྒྱུད་དུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་༼༡༦༥༢༽ལ་རབ་ཏུ་བྱུང་ནས་མཁན་ཆེན་པད་དཀར་འབྱུང་གནས་མཆོག་ནས་སོ་སོ་ཐར་པའི་སྡོམ་པ་ཞུས་ཤིང་ལུས་ལ་ངུར་སྨིག་གོས་ཀྱིས་བརྒྱན། ཡོངས་འཛིན་དམ་ཆོས་རྒྱལ་མཚན་སོགས་ལས་མདོ་དང་རྒྱུད་ཀྱི་བཀའ་ཁྲིད་ཞུས་ནས་ལྕགས་རི་རྡོ་རྗེ་གདན་དུ་སྒྲུབ་པ་ཉམས་ལེན་མཛད།
དེ་རྗེས་བལ་ཡུལ་གོརྵ་རྒྱལ་པོས་གདན་ཞུས་ལྟར་བལ་ཡུལ་དུ་ཕེབས་ནས་ཡུལ་དེར་དཔལ་ལྡན་འབྲུག་པའི་དགོན་པའི་ཕྱག་སྲོལ་བཏབ། དེ་ནས་དགོན་པའི་གདན་འཛིན་གཞན་པ་ཞིག་བཀོད་ནས་འབྲུག་བུམ་ཐང་དང་སྤ་གྲོ་སྟག་ཚང་གི་བླ་མ་མཛད། དགུང་གྲགས་ང་དགུ་བཞེས་པའི་མེ་གླང་༼༡༦༩༧༽ལོ་ལ་འཕགས་ཚོགས་འདུས་པའི་དབུས་སུ་མཁན་པོའི་ཁྲིར་ཕེབས། ལོ་གྲངས་བཅུའི་རིང་ལ་བསྟན་པའི་ཕྱག་འགན་བཞེས་མཐར། དགུང་གྲངས་རེ་དགུ་པ་མེ་ཕག་༼༡༧༠༧༽ལོ་ལ་མཁན་ཁྲི་ནས་དགོངས་ཞུ་མཛད་ཅིང་། ལོ་དེའི་རྗེས་ཀྱི་ས་བྱི་༼༡༧༠༨༽ལོ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་དོ།།

Jekhen Trirap:                 4  pa  
Jekhen Name:                  Damcho Pelker
Father’s Name:                Zarchen Choje
Birth place :                     Paro Zarchen
Date of birth:                   1639 AD  Rabjung 11 pai  Sa-woe
To became monk:             1652 AD Rabjung 11 pai  Chu-duk
Lama:                              Pedkar jungney
Date of Jekhen:                1697 AD  Rabjung 12 pai  Me-lang to 
1707 AD  Rabjung 12 pai  Me=-Phak
Date of Death:                 1708 AD  Rabjung 12 pai  Sa- ji


རྗེ་མཁན་ཁྲི་རབས་བཅུ་གསུམ་པ་རྗེ་ཡོན་ཏན་མཐའ་ཡས།
༈ རྗེ་མཁན་ཁྲི་རབས་བཅུ་གསུམ་པ་རྗེ་ཡོན་ཏན་མཐའ་ཡས་མཆོག་ནི། རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་༼༡༧༢༤༽ལོར་ཐིམ་ཡུལ་གྲོང་གཞི་མེ་ལྟེམ་དུ་ཡབ་མཚམས་བྲག་ཆོས་རྗེ་ངག་དབང་འབྲུག་པའི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ལ་༼༡༧༣༡༽མཁན་ཆེན་ངག་དབང་ཕྲིན་ལས་མཆོག་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། འབྲུག་ལོ་ཙཱ་བ་ངག་དབང་དཔལ་ལྡན་མཆོག་ནས་རིག་གནས་ཀྱི་སྐོར་གསན་བསམ་མཛད། གོང་མའི་བཀའ་བཞིན་བོད་ལ་ཕྱིན་ནས་དཔལ་ལྡན་འབྲས་སྤུངས་སུ་ཐོས་བསམ་མཐར་ཕྱིན་མཛད། དེ་ནས་འབྲུག་ལ་ལོག་ནས་སྤ་གྲོ་ལ་སྟེང་དུ་སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་པའི་གོ་འཕང་བརྙེས། དེ་ནས་གྲྭ་ཚང་གི་མཚན་སློབ་ཀྱི་བདག་རྐྱེན་བཞེས་ནས། དགུང་གྲངས་ཞེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་༼༡༧༧༡༽ལོར་མཁན་པོའི་ཁྲི་ལ་ཕེབས། སྐབས་དེར་སེམས་ཅན་གྱི་ལས་དབང་གིས་ཐིམ་རྫོང་མེ་ལྷའི་ཞལ་དུ་བཞེས་པས་ཐིམ་རྫོང་གསར་བཞེངས་ཀྱི་ལས་འགན་བདག་གིར་བཞེས་ནས་གེགས་མེད་དུ་གྲུབ། དགུང་གྲགས་ང་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ལུག་༼༡༧༧༥༽ལོར་མཁན་པོའི་ཁྲི་ནས་དགོངས་པ་ཞུས་ནས་དབེན་པའི་རི་ཁྲོད་དུ་ཕྱིན། དགུང་གྲངས་ང་དྲུག་བཞེས་པའི་ས་ཕག་ལོ་༼༡༧༧༩༽ལ་མདོ་སྡེ་བྲག་གི་གདན་ས་བཏབ། ང་བདུན་བཞེས་པའི་ལྕགས་བྱི་ལ༼༡༧༨༠༽ལ་སྤུངས་རྫོང་མེ་རྐྱེན་ཤོར་བ་དེ་ལའང་ཉམས་གསོ་མི་དམན་པ་མཛད་ནས་བསྟན་པའི་བྱ་བ་བརླབས་ཆེན་མཛད། དགུང་གྲངས་བཞེས་དུས་ཙ་རི་གནས་སྐོར་ལ་བྱོན་ཚེ་ཞབས་དྲུང་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུ་དང་མཇལ་ནས་ལུང་བསྟན་གནང་བ་བཞིན་དུ་ བསྟན་པའི་ཞབས་རིམ་དང་ཟློག་ཐབས་སྣ་ཚོགས་མཛད་པའི་བསྟན་པའི་བྱ་བ་བརླབས་ཆེན་མཛད་པའི་མཐའ་མར། དགུང་གྲངས་རེ་གཅིག་བཞེས་པའི་ཤིང་འབྲུག་ལོ་༼༡༧༨༤༽ ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་མཛད་དོ།།
Jekhen Trirap:                 13 pa          
Jekhen Name:                  Yonton Thaye
Father’s Name:                Tsamdak Choeje
Birth place :                     Metem,Thimphu
Date of birth:                   1724 AD  Rabjung 12 pai  Shing-Druk
To became monk:             1731 AD Rabjung 12 pai  Chak-Phak
Lama:                              Tritul Mipham Wangpo
Date of Jekhen:                1771 AD  Rabjung 13 pai  Chak-yoe to 
1775 AD  Rabjung 13 pai  Shing-Luk
Date of Death:                 1784 AD  Rabjung 13 pai  Shing-Druk

༈  རྗེ་མཁན་ཁྲི་རབས་ཉེར་ལྔ་པ་མཁན་ཆེན་ཤེས་རབ་རྒྱལ་མཚན།
༈  རྗེ་མཁན་ཁྲི་རབས་ཉེར་ལྔ་པ་མཁན་ཆེན་ཤེས་རབ་རྒྱལ་མཚན་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་༡༧༧༢ལོར་སྤ་གྲོ་གཟར་ཆེན་ཆོས་རྗེའི་གདུང་རབས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པ་༼༡༧༨༦༽ལོར་དཔལ་ལྡན་འབྲུག་པའི་ཆོས་སྡེར་ཞུགས་ནས། རྗེ་ཤེས་རབ་སེངྒེ་དང་འཇམ་དབྱངས་རྒྱལ་མཚན་རྣམ་གཉིས་ལས་བསྡོམ་པ་བཞེས་ཤིང་། ཐུན་མོངས་དང་ཐུན་མིན་གྱི་ཆོས་འཁོར་གྱི་རིམ་པ་རྣམས་ཀྱང་གསན་བསམ་མཛད། དེ་རྗེས་སྤ་གྲོ་སྒོ་རི་ན་ཀུན་སྣང་འོད་གསལ་གྱི་གདན་ས་ཕྱག་བཏབ་གནང་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ་ཞིང་བཞུགས། དགུང་གྲངས་རེ་ལྔ་པ་རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་༼༡༨༣༦༽ལོར་མཁན་པོའི་ཁྲི་ལ་ཕེབས་ཤིང་དཔལ་ལྡན་འབྲུག་པའི་ཆོས་ཀྱི་བསྟན་པ་སྤེལ་ནས་བཞུགས་པས་བརྒྱུད་འཛིན་མཁན་རབས་མང་དུ་བྱོན། དགུང་གྲངས་རེ་བརྒྱད་པ་ས་ཕག་༼༡༨༣༩༽ལོར་མཁན་པོའི་ཁྲི་ལས་དགོངས་པ་ཞུས་ནས་སྤ་གྲོ་སྒོ་རིའི་གདན་སར་བཞུགས། སྐབས་དེར་ཐུགས་སྤྲུལ་འཇིགས་མེད་ནོར་བུ་དང་། ཕྱོགས་སྤྲུལ་འཇིགས་མེད་རྡོ་རྗེ། བྱམས་སྤྲུལ་འཇམ་བསྟན་སོགས་བསྟན་འཛིན་གྱི་སྐྱེས་བུ་རྗེས་སུ་བཟུང་ཞིང་བཞུགས་པའི་མཐའ་མར། དགུང་གྲངས་དོན་བདུན་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ༼༡༨༤༨༽ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་དོ།།
Jekhen Trirap:                 25 pa          
Jekhen Name:                  Sherab Gyeltsen
Father’s Name:                Zarchen Choeje
Birth place :                     Paro
Date of birth:                   1772 AD  Rabjung 13 pai  Chu-Druk
To became monk:            1786 AD Rabjung 13 pai  Me-Ta
Lama:                              Sherab Senge & Jamyang Gyeltsen
Date of Jekhen:                1836 AD  Rabjung 14 pai  Me-tel  to 
1839 AD  Rabjung 14 pai  Sa-Phak
Date of Death:                 1848 AD  Rabjung 14 pai  Sa-Tel



No comments: