༄༅། །ཆབ་སྲིད་ཀུན་ཏུ་བཟང་པོའི་འཁོར་ལོའི་འགྲེལ་བཤད།
སྐད་ཡིག རྫོང་ཁ།
༄༅། །ཆབ་སྲིད་ཀུན་ཏུ་བཟང་པོའི་འཁོར་ལོ་འདི་ཉིད་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་ ༧མངའ་བདག་གེ་སར་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག གསེར་གྱི་ཁྲི་ལ་མངོན་པར་དབང་བསྐུར་བའི་དགའ་སྟོན་རྟེན་འབྲེལ་ལུ་བཀྲ་ཤིས་ལེགས་འབུལ་གྱི་ཚུལ་དུ་ཕུལཝ་ཨིན།
༡༽ དང་པ་ར་ ཆབ་སྲིད་ཀྱི་འཁོར་ལོ་ངོ་མ་འདིའི་ས་གཞི་དཀརཔ་སྦེ་ཡོད་མི་འདི་ དཔལ་ལྡན་འབྲུག་པའི་ལུགས་གཉིས་ཀྱི་ཆབ་སྲིད་ལུ་ ཉེས་པའི་སྐྱོན་གྱིས་མ་གོསཔ་སྦེ་སྟོནམ་ཨིན།།
༢༽ འཁོར་ལོའི་ཐིག་ཚུ་གེ་ར་ཁ་དོག་དམརཔ་སྦེ་ཡོད་མི་འདི་ རྒྱལ་ཁབ་ནང་དམངས་གཙོའི་འགྱུར་བ་འགྱོ་སྟེ་སྦེ་རུ་ ཆབ་སྲིད་ཀྱི་ལྟ་བ་ངོ་མ་འདི་ ཆོས་དང་མཐུནམ་སྦེ་ཡོདཔ་སྟོནམ་ཨིན།།
༣༽ འཁོར་ལོ་ངོ་མ་འདི་ལུ་རིམ་པ་གསུམ་སྦེ་ཡོད་ས་ལས་ སྦུག་ཁའི་མཚོན་མདོག་མ་འདྲཝ་གསུམ་སྦེ་ཡོད་མི་འདི་ དཀོན་མཆོག་གསུམ་མཚོནམ་ཨིན། དེ་ཡང་གསེརཔ་འདི་སངས་རྒྱས། དཀརཔ་འདི་ཆོས། དམརཔ་འདི་དགེ་འདུན་གྱི་མཚོན་རྟགས་ཨིན། འདི་བྲིས་དགོ་མི་འདི་ཡང་ ཕ་བརྒྱུད་མ་བརྒྱུད་ཀྱི་འབྲུག་མི་ངོ་མ་གཅིག་ཨིན་པ་ཅིན། ཨ་ལུ་ཁ་སླབ་ཤེསཔ་ཅིག་དང༌། གོམས་སྤོ་ཤེསཔ་ཅིག་གི་སྒང་ལས་ དཀོན་མཆོག་གི་སྐུ་རྟེན་ཚུ་ལུ་ཕྱག་འཚལ་ནི་ལ་སོགས་པའི་ ཡ་རབས་སྤྱོད་བཟང་གི་བྱ་བ་ཚུ་ ག་གིས་ཡང་སྟོན་མ་དགོས་པར་ རང་བཞིན་གྱིས་ཤེས་ཏེ་ དཀོན་མཆོག་གསུམ་ལུ་རང་བཞིན་ལྷན་སྐྱེས་ཀྱི་དད་པ་དང་ཡིད་ཆེས་ཡོད་པའི་ནང་པའི་རྒྱལ་ཁབ་ཅིག་ཨིན་ནི་དེ་གིས་ཨིན།།
༤༽ འཁོར་ལོ་རིམ་པ་གཉིས་པའི་ནང༌། དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་རྒྱལ། ཟེར་ཡོད་མི་འདི་ ཧེ་མ་དུས་རབས་བཅུ་བདུན་པའི་ནང་ བླམ་ཞབས་དྲུང་རིན་པོ་ཆེ་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ འབྲུག་ལུ་བྱོན་ཞིམ་ལས་ ཕྱིའི་དགྲ་སྡེ་ཚུ་གེ་ར་བཅོམ་ དཔལ་ལྡན་འབྲུག་པའི་ཆབ་སྲིད་ལུགས་གཉིས་ཀྱི་བསྟན་པ་བཙུགས་གནང་ཚརཝ་ད། སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་རྩིས་གནང་དོ་བཟུམ་སྦེ་ ད་ལྟོ་དུས་རབ་ཉི་ཤུ་རྩ་གཅིག་པའི་རྒྱལ་ཁབ་ཀྱི་འཕོ་འགྱུར་འདི་གི་སྐབས་ལུ་ཡང༌། ༧དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་མཆོག བསམ་བཞིན་དུ་ཆོས་ལྡན་རྒྱལ་པོ་༧དཔལ་འཇིག་མེད་སེངྒེ་དབང་ཕྱུག་གི་གཟུགས་སུ་བྱོན་ནས་ ཕྱི་གི་དགྲ་ཚོགས་ཐལ་བར་བརླགས་ཏེ་ ཕྱོགས་ལས་རྣམ་པར་རྒྱལ་བའི་ རྒྱལ་རྔ་བརྡུང་སྟེ་ རྒྱལ་བློན་འབངས་གསུམ་བདེ་བར་བཀོད་གནང་མི་འདི་མཚོནམ་ཨིན།།
༥༽ འཁོར་ལོའི་རིམ་པ་གསུམ་པའི་ནང༌། མངའ་བདག་འཇིགས་མེད་རྣམ་རྒྱལ་དབང་ཕྱུག ཟེར་ཡོད་མི་འདི་ ང་བཅས་ར་ འབྲུག་མི་ཡོངས་ཀྱི་སྐྱབས་དང་མགོན་དུ་གྱུར་པའི་ ལུང་བསྟན་ཅན་གྱི་བརྒྱུད་འཛིན་གྱི་རྒྱལཔ་ ༧འབྲུག་རྒྱལ་ལྔ་པ་མཆོག་ལུ་གུས་བཀུར་ཞུཝ་ཨིན།།
༦༽ ༧མངའ་བདག་རྒྱལ་པོའི་མཚན་འདི་ གསེར་གྱི་རྡོ་རྗེ་གིས་སྐོར་དེ་ཡོད་མི་འདི་ འགྲོ་བ་སེམས་ཅན་སྤྱི་དང༌། ལྷག་པར་དུ་ང་བཅས་འབྲུག་མི་ཡོངས་ཀྱི་དོན་ལུ་ མངའ་བདག་རྒྱལ་པོ་མཆོག སྐུ་ཚེ་འགྱུར་བ་མེད་པར་རྡོ་རྗེ་ལྟ་བུར་བརྟན་ཏོག་ཏོ་སྦེ་ བཞུགས་ནི་གི་རྟེན་འབྲེལ་ཨིན།།
༧༽ དེ་ལས་འཁོར་ལོའི་རྩིབ་ཀྱི་བར་ན་ཡོད་མི་ཡི་གུ་འདི་ འབྲུག་རྒྱལ་ཁབ་ཀྱི་གནས་སྟངས་མཚོན་བྱེད་ཨིན། དེ་འབདཝ་ད་ འབྲུག་རྒྱལ་ཁབ་ཀྱི་གནས་སྟངས་འདི་ སྤྱིར་ ༧དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་ཐུགས་རྗེ་བྱིན་རླབས་དང༌། ལྷག་པར་དུ་ ༧འབྲུག་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་ལུ་རགས་ལས་ནི་དེ་གིས་ ཡི་གུ་འདི་ཚུ་ལྷགཔ་ད་ལུ་ འགོ་ ༧མངའ་བདག་རྒྱལ་པོའི་མཚན་ལས་སྦེ་བཙུགས། མཇུག ༧དཔལ་ལྡན་འབྲུག་པའི་མཚན་ལས་སྦེ་བསྡུ་སྟེ་ཚིག་རྐང་གཉིས་གཉིས་སྦེ་ལྷག་དགོསཔ་ཨིན། དེ་ཡང༌། །མངའ་བདག་ཆོས་ལྡན་རྒྱལ་པོའི་བྱམས་བརྩེའི་དཔལ། ། བདག་སོགས་འབྲུག་མི་ཀུན་ལ་མཚུངས་པར་ལྡན། ཟེར་མི་འདི། ༧མངའ་བདག་རྒྱལ་པོའི་ཐུགས་ཀྱི་བྱམས་པ་དང་བརྩེ་བ་ལུ་ཉེ་རིང་ག་ནི་ཡང་མེད་པར་ འབྲུག་མི་ཡོངས་ལུ་བཅོག་ར་འཐདཔ་སྦེ་ར་གཟིགས་ཏེ་ཡོད། ཟེར་བའི་དོན་ཨིན། །འཇིགས་དང་སྡུག་བསྔལ་ལས་གྲོལ་སྨན་ལྗོངས་འབྲུག །མེད་དུ་མི་རུང་མཚུངས་མེད་དཔལ་འབྲུག་པ། ཟེར་མི་འདི་ ཕྱི་གི་དགྲའི་འཇིགས་སྣང་དང༌། ནང་གི་དབུལ་ཕོངས་ཀྱི་སྡུག་བསྔལ་ལ་སོགས་པ་ གེ་ར་ལས་གྲོལ་ཏེ་ཡོད་མི་ སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི་ནང་གི་རྒྱལ་བློན་འབངས་གསུམ་ཆ་མཉམ་ལུ་ མེད་ན་མེད་ཐབས་མེད་པའི་བླམ་གཅིག་ཡོདཔ་ཨིན། དེ་གཱ་ཨིནམ་མོ་ཟེར་བ་ཅིན་ དེ་བཀྲ་དྲིན་མཚུངས་ཟླ་མེད་པའི་ ༧དཔལ་འབྲུག་པ་ངག་དབང་རྣམ་རྒྱལ་ཨིན། ཟེར་བའི་དོན་ཨིན། །རྣམ་གཉིས་ཆོས་སྲིད་བ་དན་དཀར་པོའི་ཕྱོགས། །རྒྱལ་ཁབ་བདེ་ཕྱིར་སྒྲེང་བ་དམ་པའི་ལས། ཟེར་མི་འདི་ ཆོས་སྲིད་ལུགས་གཉིས་ཀྱི་ཁྲིམས་ཀྱི་དར་ཤིང་འདི་ རྒྱལ་ཁབ་ནང་ལུ་བདེ་སྐྱིད་འོང་ནི་གི་གཞི་རྩ་གཅིག་ཨིནམ་ལས་ འདི་དུས་རྒྱུན་དུ་འགྱུར་བ་མེད་པར་སྒྲིང་སྒྲིང་འབད་བཞག་དགོསཔ་འདི་ ཡར་གོང་ལུ་བཞུགས་མི་སྐྱེས་བུ་དམ་པ་དེ་ཚུ་གི་ཕྱག་ལས་ཨིན། ཟེར་བའི་དོན་ཨིན།
།དབང་ཕྱུག་རྒྱལ་པོའི་ཆབ་སྲིད་ལྟའི་ཁྱད་རྣམ། །ཕྱུག་པོའི་རྒྱལ་ཁབ་ལས་ལྷག་རྣམ་པར་རྒྱལ། ཟེར་མི་འདི་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་པོའི་ཆབ་སྲིད་ནང་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མིའི་ལྟ་བ་འདིའི་ཁྱད་ཆོས་དང་རྣམ་པ་དེ་ཚུ་ ཕྱིའི་ཡར་རྒྱས་འགྱོ་ཚར་མི་
ཕྱུག་པོའི་རྒྱལ་ཁབ་ཚུ་གི་ཆབ་སྲིད་ལས་ཀྱང་ལྷགཔ་སྦེ་ཡོད་ནི་དེ་གིས་ ད་རེ་ནང་པ་འཛམ་གླིང་རྒྱལ་ཁབ་ག་ར་གིས་ དེ་ལུ་བསྟོད་བསྔགས་དང་རྗེས་སུ་ཡིད་རངས་སྦོམ་འབདཝ་ཨིན་མས། དེ་བཟུམ་གྱི་ཆབ་སྲིད་དེ་དུས་དང་རྣམ་པ་ཀུན་ཏུ་རྒྱལ་བར་གྱུར་ཅིག ཟེར་བའི་དོན་ཨིན།།
༨༽ དཻ་ལས་རྡོ་རྗེ་རྒྱ་གྲམ་གྱི་ཟུར་ འཁོར་ལོའི་ཕྱི་ཁ་ལས་ལྷག་སྟེ་ཡོད་མི་འདི་ ཕྱིའི་དགྲ་སྡེ་གེ་ར་བཅོམ་སྟེ་མེདཔ་བཟོ་ཚརཝ་མ་ཚད་ བཤུལ་ལས་སྦེ་རུ་དགྲ་གྱང་ཕྱད་ག་གིས་ཡང་གླགས་འཁེལ་མི་ཚུགསཔ་སྟོནམ་ཨིན།།
༩༽ ཁ་དོག་སྣ་ཚོགས་ཅན་གྱི་རྒྱབ་ངོས་ལུ་ནོར་བུ་མེ་འབར་ཡོད་མི་འདི་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་འགྱོ་སྟེ་ དཔལ་འབྱོར་གནས་སྟངས་ལུ་དཀའ་ངལ་གང་ཡང་མེད་པར་ རྒྱལ་བློན་འབངས་གསུམ་དགའ་བདེ་སྤྲོ་གསུམ་གྱི་ངང་ལུ་གནས་མི་འདི་སྟོནམ་ཨིན།།
༡༠༽ དེ་ལས་འཁོར་ལོའི་རྩིབ་ཀྱི་བར་ན་ལུ་ དྲིལ་བུས་སྐོར་ཏེ་ཡོད་མི་འདི་ ཆོས་སྲིད་གཉིས་ལྡན་གྱི་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི་ན་ལུ་ རྒྱུན་ཆད་མེད་པར་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས་ཏེ་གནས་བཅུག་ཅིག ཟེར་བའི་སྨོན་ལམཨིན།།
འདི་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་ལྟེ་བ་ ཝཱ་ར་ཎ་སི་མཐོ་རིམ་སློབ་ཁང་ནས་ སློབ་དཔོན་ལོ་རིམ་མཐའ་མའི་སློབ་ཕྲུག་བསམ་གཏན་མིང་པས་ རབ་བྱུང་བཅུ་བདུན་པའི་རང་ལུགས་གནམ་ལོ་ས་ཕོ་བྱི་ལོ་ རང་ཟླ་ལྔ་པའི་ཚེས་ཉེར་ལྔ། སྤྱི་ལོ་༢༠༠༨ སྤྱི་ཟླ་༧ པའི་སྤྱི་ཚེས་༢༨ཉིན་མོར་གུས་ཕྱག་དང་བཅས་ཏེ་ཕུལ།། །།
No comments:
Post a Comment