Monday, August 18, 2014

ཡིག་འགྲུལ་གྱི་ངོ་སྤྲོད་དང་བྱུང་རིམ།

 ཡིག་འགྲུལ་གྱི་ངོ་སྤྲོད།
༈ གོངམ་ལུ་སྐྱིད་སྡུག་ཞུ་ནི། འོག་མ་ལུ་བཀའ་རྒྱ་གནང་ནི། ཁྲིམས་ཀྱི་མདུན་ས་ལུ་ཞུ་གཏུགས་འབད་ནི། འབྲེལ་བ་ཡོད་པའི་མི་ བླམ་སློབ་དཔོན། ཕམ་སྤུན་ཆ། གཉེན་ཉེཝ། བལྟ་ལྟོ་ཚང་ཚུ་ལུ་རང་གི་གནས་ཚུལ་རེ་སླབ་ནི། མགྲོན་བརྡ་འབད་ནི། ཚོང་གི་ཁྱབ་བསྒྲགས་འབད་ནི་ལ་སོགས་པ་ མདོར་བསྡུ་བ་ཅིན་ གཅིག་གིས་གཅིག་ལུ་གོ་བརྡ་སྤྲོད་དགོ་པའི་གནས་ཚུལ་ཅིག་ ཡིག་ཐོག་ལུ་བཀོད་དེ་གཏང་ནི་དེ་ཚུ་ལུ་ཡིག་འགྲུལ་ཟེར་སླབ་ཨིནམ་དང་། དེ་ལས་ད་རེས་ནངས་པ་གི་དུས་ལུ་ ཡིག་ཚང་དང་ལས་ཁུངས་ཚུ་ནང་ ནང་གི་གནས་ཚུལ་ གོ་མ་ལུ་སྙན་ཞུ་འབད་ནི་དང་། བྱ་སྒོའི་ལས་རིམ་ག་ཅི་ཨིན་རུང་ཡིག་ཐོག་ལུ་བཀོད་དེ་བཞག་དགོཔ་ཨིནམ་ལས་ འདི་ཡང་ཡིག་འགྲུལ་གྱི་ཆ་ཤས་ཅིག་ཨིནམ་སྦེ་ངོས་འཛིན་འབདཝ་ཨིན།

ཡིག་འགྲུལ་བྱུང་རིམ་གྱི་ལོ་རྒྱུས།
༈ ཡིག་འགྲུལ་འདི་ འགྲོ་བ་མི་རིགས་ཀྱི་ཡིག་རིགས་ཡར་རྒྱས་འགྱོཝ་དང་བསྟུན་ཏེ་ གཅིག་གིས་གཅིག་ལུ་ གནས་ཚུལ་བྲིས་ཏེ་བཀལ་བ་ལ་སོགས་པའི་སྒོ་ནས་ རིམ་པ་བཞིན་དུ་ཡར་རྒྱས་འགྱོ་འགྱོཝ་ཅིག་མ་གཏོགས་ ག་གིས་ཡང་གསརཔ་སྦེ་བཟོ་བཟོཝ་ཅིག་མེན། ཨིན་རུང་ང་བཅས་ར་ནང་པ་ཚུ་གི་ཁ་ཐུག་ལས་ ནང་པའི་ཆོས་དང་མཐུན་པའི་འབྱུང་ཁུངས་གཅིག་ཞུ་བ་ཅིན། ཧེ་མ་སྟོན་པ་བཅོམ་ལྡན་འདས་སྐུ་དངོས་བཞུགས་པའི་སྐབས་ལུ་ རྒྱ་གར་གྱི་ཚོང་པ་སྡེ་ཚན་གཅིག་ ཤྲི་ལངྐའི་གླིང་ཕྲན་ནང་ཚོང་རྐྱབ་པར་སོང་ཞིནམ་ལས་ ཉིན་མར་ཚོང་རྐྱབ་ ཕྱི་རུ་སོངམ་ད་ གཅིག་ཁར་འཛོམས་ཏེ་ སངས་རྒྱས་ཀྱིས་གསུངས་མི་བསླབ་བྱ་དེ་ཚུ་ གླུ་སྦེ་འཐེན་ཏེ་སྡོད་སྡོདཔ་ཨིན་མས། དེ་སྒང་གླུ་དེ་ ཤྲི་ལངྐའི་རྒྱལ་པོའི་སྲསམ་ མུ་ཏིག་འཁྲི་ཤིང་༼མུཀྟ་ལ་ཏཱ༽ཟེར་མི་འདི་གིས་གོ་བའི་སྐབས་ལུ་ མོ་རང་སྐལ་བ་ཧེ་མར་ སངས་རྒྱས་ལས་ཆོས་ཞུ་སྡོད་པའི་སྐབས་ཀྱི་བག་ཆགས་སད་ཞིནམ་ལས་ དེ་གི་ནངས་པར་ གསེར་དངུལ་གྱི་འབུལ་བ་ལེ་ཤ་གཅིག་རང་བསྡམས་ཏེ་ སངས་རྒྱས་བཅོམ་ལྡན་འདས་ལུ་ ལག་རྟགས་སྦེ་ཕུལ་ཏེ་བཏང་ནུག
སངས་རྒྱས་ཀྱིས་དེ་གི་ལན་ལུ་ སངས་རྒྱས་ཁོ་རའི་སྐུ་གཟུགས་བྲི་བྲིཝ་གི་སྐུ་ཐང་གཅིག་དང་། སྐུ་ཐང་དེ་གི་འོག་ལུ་ བསླབ་པའི་གཞི་ལྔ་ཟེར་ སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་ལོག་གཡེམ་པ། རྫུན་སྨྲ་བ། ཆང་དང་བཅས་པ་ལྔཔ་དེ་སྤང་དགོ་པའི་བསླབ་བྱ་དང་། དེ་ལས་རྟེན་འབྲེལ་བཅུ་གཉིས་ཀྱི་སྐོར་ལས་བྲིས་ཏེ་བཏང་པའི་ལོ་རྒྱུས་གཅིག་ ཆོས་རྒྱལ་རྒྱལ་བའི་དབང་པོས་མཛད་པའི་སངས་རྒྱས་ཀྱི་རྟོགས་བརྗོད་ནང་ཡོདཔ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ རྒྱལ་པོ་བདེ་སྤྱོད་བཟང་པོ་ལུ་ བཤེས་སྤྲིངས་དང་། དབུ་མ་རིན་ཆེན་ཕྲེང་བ་དེ་ཚུ་བྲིས་ཏེ་བཏང་པའི་ལོ་རྒྱུས་ཡང་ཡོད།
དེ་ལས་བོད་ལུ་འབད་བ་ཅིན་ རྒྱལཔོ་སྲོང་བཙན་སྒམ་པོ་མཆོག་གིས་ རྒྱ་བཟའ་བལ་བཟའ་བཙུན་སྦེ་ལེན་ནི་གི་དོན་ལུ་ རྒྱ་ནག་རྒྱལཔོ་དང་ བལ་པོའི་རྒྱལ་པོ་ལུ་ཡི་གུ་བཏང་པའི་ལོ་རྒྱུས་དེ་ཚུ་རྣམ་ཐར་ནང་ཐོན་ནི་ཡོདཔ་མ་ཚད། རྒྱལཔོ་དེ་གི་སྐབས་ལུ་ ཆུ་ཚོད་ལྔ་དྲུག་གི་ལམ་ཁར་སྦྲགས་ཁང་རེ་བཟོ་ཞིནམ་ལས་ ཡི་གུ་དེ་ཚུ་རྟ་རྒྱུགས་ཀྱི་ཐོག་ལས་བཏང་སྟེ་ སྦྲགས་ཁང་གཅིག་ནང་སྤྲོད། དེ་ལས་གཅིག་གིས་འབག་སྟེ་སྦྲགས་ཁང་གཞན་མི་དེ་ནང་ སྤྲོད་པ་ལ་སོགས་པའི་ལམ་ལུགས་བཟོ་མི་དེ་ལས་བརྟེན་ཏེ། བོད་ཀྱི་རྒྱལ་ས་ལྷ་ས་ལས་བཏང་པའི་ཡི་གུ་དེ་ མི་གིས་འགྱོ་བ་ཅིན་ ཟླཝ་གཉིས་དེ་ཅིག་འགྱོ་དགོ་པའི་ས་ཁར་ཡོད་པའི་ སོག་པོའི་རྒྱལ་ས་ལུ་ ཉིནམ་གཉིས་ཀྱི་ནང་འཁོད་ལྷོད་ཚུགས་པའི་ལོ་རྒྱུས་གཅིག་ དོན་གྲུབ་རྒྱལ་གྱིས་ ཞིབ་འཚོལ་འབད་མི་དཔེ་དེབ་ནང་བཀོད་དེ་འདུག
དེ་ལས་ང་བཅས་རའི་ འབྲུག་གི་རྒྱལ་ཁབ་འདི་ནང་འབད་རུང་ བོད་ཀྱི་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ ཞབས་དྲུང་རིན་པོ་ཆེ་ལུ་ བཏང་པའི་ཡི་གུ་ནང་ ཞབས་དྲུང་རིན་པོ་ཆེ་ཁོ་གི་འོག་ལུ་མགོ་བསྒུར་དགོཔ་སྦེ་བྲིས་ཏེ་ཡོད་རུང་། དེ་གི་ལན་ལུ་ཞབས་དྲུང་རིན་པོ་ཆེ་གིས་ ཁྱོད་ཀྱི་རེ་བ་ལས་འབད་བ་ཅིན། ཁྱོད་མི་གནགཔ་གཅིག་གི་འོག་ལུ་ ང་རབ་བྱུང་གཅིག་གིས་སྒོ་བསྒུར་དགོཔ་སྦེ་ཨིན་མས། དེ་འདི་ང་གིས་འབད་མི་ཚུགས། ཁྱོད་བོད་ཁྲི་སྐོར་བཅུ་གསུམ་དེ་བདག་འཛིན་འབད་དེ་སྡོད་མ་ཚུགས་པ་ཅིན་ ལྷོ་རོང་འདི་ནང་ཤོག ང་ཡང་སྦྱིན་བདག་ལེ་ཤ་ཐོབ་སྟེ་ཡོད། ཟེར་བའི་ལོ་རྒྱུས་ཞབས་དྲུང་རྣམ་ཐར་ནང་འདུག།

ཡིག་འགྲུལ་གྱི་དབྱེ་བ།
༈ ཡིག་འགྲུལ་གྱི་དབྱེ་བ་ཕྱེ་ཐང་མ་འདྲཝ་ལེ་ཤ་མཐོང་ནི་ཡོདཔ་ཨིན་རུང་། དོན་དང་མཐུནམ་གཅིག་དང་། གོ་ཧོང་བདེ་ཏོག་ཏོ་གཅིག་ག་ཡང་མིན་འདུག དེ་འབདཝ་ལས་ ལག་ལེན་འཐབ་ཧོང་བདེ་ནི་གི་དོན་ལུ་ ༡ སྒེར་དོན་གཏང་ཡིག། ༢ ཉམ་ཐག་ཞུ་ཡིག ༣ གོང་མའི་བཀའ་ཤོག ༤ གཞུང་འབྲེལ་ཡིག་འགྲུལ། ༥ ཁྲིམས་འབྲེལ་ཡིག་ཆ། ༦ ཚོང་དོན་བརྡ་ཁྱབ། ༧ སྐབས་དོན་སྣ་ཚོགས།  ༨ དྲྭ་རྒྱའི་འཕྲིན་ཡིག་(email)དང་བཅས་པའི་རྩ་བའི་དབྱེ་བ་བརྒྱད་སྦེ་ཕྱེ་ནི་ཨིན།


No comments: