༄༅། །ཚིག་ཉུང་དོན་བསྡུའི་གཤིན་རྩིས་ལ། །ལོ་ཟླ་ཞག་དུས་གཟའ་སྐར་དང༌། །
དུར་ལྔ་གཤིན་གྱི་ལས་དང་བཅས། །ས་བཅད་རྣམ་པ་བརྒྱད་ཀྱིས་བསྟན།།
༼༡༽ དང་པོ་གཤེད་བཞི་ལོ་པ་ཞིག །ལོ་ཟླ་གཤེད་བཞི་གཅིག་དང་འདོམ། །ཟོན་ཤི་དུར་ལོག་ཅེས་ཏེ་ངན། །དེ་ལ་རིམ་གྲོ་གཤེད་གཏོ་དང༌། །སྤར་དེ་བཅོས་ཀ་གནས་སྨིན་བྱ། །གཤིན་པོ་ལྕགས་བཞི་མེ་བརྒྱད་གཅིག །ལོག་མེན་ལྕགས་བཞི་མེ་བརྒྱད་དང༌། །གནམ་ལོ་ལྕགས་བཞི་མེ་བརྒྱད་པོ། །གང་རུང་འདོམ་ན་འཕྲལ་ལ་ངན། །
དུར་བཅོས་ཤི་སྒབ་བཅད་གཏོ་བྱ། །རྒན་རྒོན་མཐུན་གསུམ་ཤི་ན་འགྲམ། །དར་མ་བདུན་ཟུར་ཤི་ན་འགྲམ། །བྱིས་པ་བཞི་གཤེད་ཤི་ཤི་ན་འགྲམ། །གང་ལ་ཟློས་དང་འགྲ་པ་ནི། །རང་གི་ལོ་དང་བདུན་ཟུར་དང༌། །གདན་ས་གཅིག་དང་ཐད་དགྲ་དང༌། །མཐུན་གསུམ་སྤྱི་ཆག་གང་ཆེར་ཟློས། །དུས་དེར་ཀེག་ཐོག་བབ་པ་ཡིན། །གསོན་དེའི་སྤར་སྨེའི་རིམ་གྲོ་བྱ། ། གཞན་ཡང་དགུ་མིག་སྟེང་ཤི་དང༌། །རང་ལོའི་སྟེང་དུ་ཤི་བ་འགྲམ། །བདུན་ཟུར་དགྲ་ཐོག་ཤི་བ་དང༌། །བཞི་གཤེད་སྟེང་དུ་ཤི་བ་འཁྲུགས། ། དེས་ནི་ཕ་ཁུ་ཆེས་རིམ་ངན། །མི་རྒན་བཅུ་གསུམ་སྟོན་མོ་བྱ། །གསུང་རབས་སཅ྄་ཆ་དཀར་ཆོས་འབད།།
༼༢༽ ཟླ་བ་འབྲུག་གི་ཟླ་བར་ཤི། །གླང་ལོ་པ་ངན་སྲུལ་ཟླར་ཤི། །སྤྲེལ་ངན་རྟར་ཤི་ཡོས་ལ་ངན། །དེ་སོགས་ཕོ་ཟླས་ཡར་བཞི་དང༌། །མོ་ཟླས་མར་བཞི་ལོ་པར་ངན། །ཡང་གཅིག་ཟླ་བའི་འགྲམ་འཁྲུགས་ནི། །གཤིན་པོའི་ལོ་རུས་ཟླ་བ་ཡི། །སྟེང་དུ་ཤི་ན་འགྲམ་པ་ཡིན། །བདུན་ཟུར་དང་ནི་བཞི་གཤེད་ཀྱི༌། །ཟླ་བར་ཤི་ན་འཁྲུགས་པོ་ཡིན། །མ་དང་བུ་མོ་འབྲིང་རྒྱུད་ངན། །རྒན་མོ་ལྔ་ལ་སྟོན་མོ་བྱ། །ཀླུ་བཅོས་རིགས་དང་ས་སྒོ་བཅོས། །ར་བ་བཞི་ཡི་ཚེ་དྲུག་ཤི། །གནམ་དུར་གནམ་ལ་རོ་མི་བསྟན། །འབྲིང་བཞིའི་བཅུ་དྲུག་བར་དུར་ལ། །རོ་མི་བསྲེག་དང་ཐ་ཆུང་བཞི། །ཉེར་དྲུག་ས་དུར་སར་མི་སྦ། །སྟོང་དང་ཉི་ཟློག་ལྷག་པར་གཉན།།
༼༣༽ དེ་ནས་ཞག་གི་འགྲམ་འཁྲུགས་ནི། །གཤིན་པོའི་ལོ་རུས་ཉི་མ་ལ། །ཤི་ན་འགྲམ་ཡིན་བདུན་ཟུར་དང༌། །བཞི་གཤེད་སྟེང་དུ་ཤི་བ་འཁྲུགས། །ཆུང་བརྒྱུད་བྱིས་པ་སོགས་ལ་ངན། །བྱིས་པ་ལྔ་ལ་སྟོན་མོ་བྱ། །བསྐང་བཟློག་མདོས་དང་ཚེ་མདོ་བཀླག །ས་སྒོ་བཅད་ལ་ལམ་འཕྲང་བཅོས།།
༼༤༽ དུས་ཚོད་ཡོས་ལ་ཤི་བ་ན། །བྱིས་པ་ཆུང་ངན་ཁྱི་དུས་སུ། །གཞོན་ནུ་ཤི་ན་བཟློག་པར་བྱ། །དུས་ཚོད་འགྲམ་འཁྲུག་གཤིན་པོ་ཡི། ། ལོ་རུས་དུས་ཚོད་སྟེང་ཤི་འགྲམ། །བདུན་ཟུར་བཞི་གཤེད་སྟེང་ཤི་འཁྲུགས། །ཟས་ནོར་ལ་ངན་ནོར་སྒྲུབ་དང༌། །གཡང་སྒྲུབ་རིགས་དང་གོད་མནན་བྱ།།
༼༥༽ རེས་གཟའ་ཉི་མ་དགུ་ཟློས་ཡིན། །སྟེང་དུ་ཆུ་ཡི་འཁོར་ལོ་བྲྀ། །འོག་ཏུ་ཟླ་བའི་སྙིང་པོ་བཀོད། །ལག་པའི་གགཟའ་ལ་ཕྱི་རུ་འདོན། །མིག་དམར་གསུམ་ཟློས་ལྷག་པ་ལ། །ཕོ་ཤི་བུ་སྲིང་སྲིད་མེད་དང༌། །མོ་ཤི་མག་ཚ་དག་ལ་ངན། །སྤེན་པ་ནོར་གཡང་ཉམས་པར་བཤད།།
༼༦༽ སྐར་མ་སྨིན་དྲུག་དྲུག་ལ་ངན། །སྣར་མར་གཡང་ཉམས་རྒྱལ་སྟོད་ལ། །༼སྐག༽ མི་ཡི་གཡང་ཉམས་མཆུ་ཡིས་ནི། །སྔར་ཤིའི་གཞུག་ཆད་མ་ཤི་ན། །དུར་སྒོ་བྱེ་འོ་ནག་པ་ལ། །ཤི་ཁ་ཆོད་ཅིང་ས་རི་ལ། །གནམ་སྒོ་བྱེ་འོ་ས་ག་ལ། །ས་སྒོ་རལ་བ་ཡིན་ནོ་ཟེར། །ལག་སོར་བུད་སྨད་རབ་འཆི་འམ། །ཡང་ ཕྱུགས་ལ་གོད་ཁ་ལྡང༌། །སྣྲུབས་ཀྱིས་གཅིག་ངན་བྲེ་གཡང་ཉམས༌། །མོན་གྲུས་ཡུལ་མི་རྟ་བོང་ངན། །ནམ་གྲུ་རྩིས་མཁན་དག་ལ་ངན། །ཐ་སྐར་ཡུལ་མི་གསུམ་ལ་ངན། །བྲ་ཉེ་ཚ་ཞང་གཉིས་ལ་ངན། །ཤར་སྐར་སྟ་གྲི་རོ་ཟླར་སྦ། །ལྷོ་སྐར་འབྲི་རཱ་ཆུས་བཀང་བཞག། །ནུགབ་སྐར་བྱང་བུ་མིག་དགུ་པ། །མེ་ལ་བསྲེག་པ་གཡོན་གཏད། །བྱང་སྐར་རོ་རྒྱབ་པདྨ་བྲི། །མཚམས་སྐར་རོ་སྣ་ཕུར་པས་ཕུག །གཞན་ཡང་སྐར་མས་ཁྱིམ་མཚེས་གཉན། །སྐར་ཆོག་བརྒྱ་བཞི་བྱ་བར་བཤད།།
༼༧༽ བདུན་པ་དུར་ལྔ་བསྟན་པ་ནི། །བསྲེག་པ་མེ་དང་སྦ་བ་སར། །སྐྱེལ་བ་ཤིང་དང་སྒྲུབ་པ་ལྕགས། །སྐྱུར་བ་ཆུ་རུ་ཤེས་པར་བྱ། །མེ་ལ་བསྲེག་ཏུ་མི་རུང་བ། །བྱ་སྤྲེལ་ལོ་པ་ཁམས་ནི་ལྕགས། །སྤར་ཁ་དྭ་དང་སྨེ་དཀར་གསུམ། །རེས་གཟའ་པ་སངས་ནུབ་དཀར་དྲུག། །ནད་མཛེ་བྲུམ་བུ་དམུ་ཆུ་དང༌། །སྐྲན་དང་གག་ལྷོག་འབྲུམ་བུ་གྲིབ། །མཁྲིས་པ་ཤ་ཡ་མེར་མི་བསྲེག།
༼༨༽ བརྒྱད་པ་གཤིན་གྱི་ལམ་བསྟན་པར། །གཟའ་སྐར་ཚེས་དུས་ཕྱོགས་རོ་ཁུར། །སྣ་སེལ་རིམ་གྲོ་བཤད་པར་བྱ། །
༼༡༽ ཉི་མ་ལ་ནི་གཤིན་ལས་འབྲིང༌། །རོ་བསྲེག་བྱ་བ་ཤིས་པ་ཡིན། །མིག་སྤེན་གཉིས་ངན་ལྷག་ཟླ་དང༌། །པ་སངས་ཕུར་བུ་རྣམས་ནི་བཟང༌།། ༼༢༽ སྐར་མ་བྲ་སྨིན་རོ་བསྲེག་བཟང༌། །ལག་རྒྱལ་སྟོད་སྨད་སྣྲུབས་བྱི་བཞིན། །ཁྲུམས་སྟོད་ཁྲུམས་སྨད་རྣམས་བཟང་ཞིང༌། །དབོ་དང་ཆུ་སྨད་འབྲིང་པོ་འོ།།
༼༣༽ ཚེས་གཅིག་གནམ་སྟོང་གཉིས་ལ་ནི། །ཤིན་ཏུ་ངན་པས་གཤིན་ལས་སྤང༌། །ར་བཞིའི་ཚེས་དྲུག་འབྲིང་ཉེར་དྲུག། །ཐ་བཞི་འི་བཅུ་དྲུག་བརྒྱད་གསུམ་རྣམས། །དུར་གཤེད་དུར་སྒོ་རྣམས་ལ་སྤང༌། །ཚེས་གཉན་རཱ་ཧུ་ཉི་ནག་དང༌། །ཟིན་ཕུང་ལ་སོགས་འཛེམ་པར་བྱ།། ༼༤༽ དུས་ཚོད་རང་ལོ་བདུན་ཟུར་དུར། །གསོན་པོའི་ལོ་རྣམས་སྤང་བར་བྱ།། ༼༥༽ ཕྱོགས་ནི་ལོ་ཟླ་ཞག་དུས་ཀྱི། །ས་བདག་གཙང་ཕྱོས་དང་དང་སྟུན། །གཞན་ཡང་རང་ལོ་བདུན་ཟུར་དུར། །མཐུན་གསུམ་གསོན་པོའི་ལོ་རྣམས་སྤང༌། །སྨེ་བ་དཀར་བཟང་སེར་པོ་འབྲིང༌། །གཉིས་ནག་ཕྱོགས་སུ་རོ་མི་བཏང༌། །ལིར་ཤི་བྱང་དང་ཟིན་ཤི་ནུབ། །དྭར་ཤི་ལྷོ་དང་ཁམ་ལྷོ་ནུབ། །མཚམས་རྣམས་ཤར་དུ་སྤང་བར་བྱ། །གཙང་བའི་ཕྱོགས་དེར་ཁ་གཏད་ནས༌། །གོམ་པ་བརྒྱད་ཅུའི་བར་དུ་ཁུར། །ཤི་ཁབ་མ་ཆོད་དེ་རྣམས་དྲངས། །དེར་ཡང་དང་པོ་སྒོར་འདོན་དུས། །དེ་ནས་གང་བདེར་འདྲེན་པས་མཆོག། ༼༦༽ རོ་ཁུར་སྲོགས་ལུས་དབང་ཀླུང་གིས། །གཤིན་ལ་བཅད་བཟང་ཚུར་བཅད་ངན། །ལོ་སྤར་གདན་གཅིག་དགྲ་གཤེད་སྤང༌། །རོ་ཁུར་དེ་ཡིས་ཁུར་ཐུབ་པ། །རོ་འདོན་ཆེ་ཆུང་གཉིས་ལ་བབས། །སྲོག་གིས་ཐུབ་པ་རབ་ཏུ་བཟང༌། །དེ་སྐབས་རྩིས་མཁན་བླ་རྡོ་ལྔ། །རང་འཐག་ཀ་བ་བོང་བ་དང༌། །ཐེམ་པ་གཉིས་དང་སྒྱེད་པོ་དྲུག །དེ་ལ་རོ་ཐུག་རྩིས་པར་ངན། །གཏོ་མཁན་བསྐྱེད་རྫོགས་རིང་འཛིན་གསལ། །གསེར་གྱི་སྐྱེམས་འབུལ་རྐུབ་ལ་བཏགས། །རུས་སྦལ་ཁོག་པ་ལུས་ལ་བཅང༌། །སྒྲོ་མདངས་བྱི་དུར་མགོ་ལ་གཟེར། །དགུ་ཐུབ་བཙོད་རུ་ཐོགས་ཏེ་འགྲོ།། ༼༧༽ དེ་ཉིན་སྣ་སེལ་རིམ་གྲོ་ནི། །མཚན་བརྗོད་གདུགས་དཀར་གཟའ་སྐར་ཡུམ། །ཉེས་སེལ་མདོ་ཐིག་ཀེག་ཟློག་དང༌། །སྟོབས་ཆེན་ཕྱིར་བཟློག་རྣམ་རྒྱལ་དང༌། །སྣང་བརྒྱ་བཀྲ་ཤིས་བརྩེགས་པ་དང༌། །གསེར་འོད་གཡང་འབོད་ནོར་རྒྱུན་གཟུངས། །མདོ་ཕྲན་ཅི་ནུས་བཀླག་པ་དང༌། དཀར་གཡོར་གསེར་སྐྱེམས་ཆ་གསུམ་དང༌། །སྒོམ་ཆིངས་འབྱུང་བཞི་ཨུར་ནོན་དང༌། །སྲིད་པ་ཧོ་ཕྱག་འདོད་གསོལ་སོགས། །ལག་ལེན་ཤུན་ཏུ་གསལ་བ་གཅེས།། །།
No comments:
Post a Comment