Monday, August 18, 2014

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་ལུ་བསྡུ་ཚུལ།

ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་དུ་བསྡུ་ཚུལ་གྱི་སྐོར།
དེ་ཡང་འོག་གི་དོན་ཚན་བཞིའི་ཐོག་ལས་སྤྱུན་འབུལ་ཞུ་ནི་ཨིན།
༡༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ངོ་སྤྲོད།
༢༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་བསྒྱུར་མཛད་དགོ་པའི་རྒྱུ་མཚན།
༣༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ ག་གིས་ག་དེ་སྦེ་དབང་བསྒྱུར་མཛད་ཚུལ།
༤༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དཔལ་ལྡན་འབྲུག་པ་གིས་དབང་བསྒྱུར་ཏེ་ མི་སེར་ཚུ་ལུ་ཕན་ཐོགས་ག་ཅི་རང་བྱུང་བའི་སྐོར།


༼༡༽  ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ངོ་སྤྲོད།
༡༽ ཀྲོང་གསར་ཆོས་འཁོར་རབ་བརྟེན་རྩེ་རྫོང་།        ༢༽ བུམ་ཐང་བྱ་དཀར་རྫོང་།
༣༽ ལྷུན་རྩེ་རྫོང་།                                         ༤༽ བཀྲིས་ཡང་རྩེ་རྫོང་།         
༥༽ མོང་སྒར་རྫོང་།                                        ༦༽ བཀྲིས་སྒང་རྫོང་།   
༧༽ གཞལམ་སྒང་རྫོང་།                                  ༨༽ པདྨ་དགའ་འཚལ་རྫོང་།
བཅས་བརྒྱད་ཨིན།
ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་གསེས་དབྱེ་བ་དང་བཅས་པའི་ངོ་སྤྲོད།
༡༽   བྱ་དཀར་རྫོང་གི་ཆ་འོག་བུམ་ཐང་སྡེ་བཞི།     ༣༽   ལྷུན་རྩེ་རྫོང་གི་འོག་ཀུར་སྟོད་མདོ་བཞི།
༣༽   བཀྲ་ཤིས་གཡང་རྩེ་ལུ་གཡང་རྩེ་ཚོ་ལྔ།                   ༤༽    བཀྲ་ཤིས་སྒང་ལུ་བཀྲ་ཤིས་སྒང་ཚོ་བཅུ།
༥༽   མོང་སྒར་རྫོང་གི་ཆ་འོག་གཞོང་སྒར་ཚོ་བདུན།         ༦༽   གཞལམ་སྒང་མཁན་རིགས་རྣམ་གསུམ།
༧༽   པདྨ་དགའ་ཚལ་ལུ་གདུང་བསམ་མདོ་གསུམ།          ༨༽   ཀྲོང་གསར་རྫོང་ཁག་མང་སྡེ་ཚོ་བཞི།

ཀྲོང་གསར་ཆོས་འཁོར་རབ་བརྟན་འདི།   །ཤར་ཕྱོགས་རྩིབས་བརྒྱད་ལྟེ་བ་ཨིན།།

༽ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་བསྒྱུར་མཛད་དགོ་པའི་རྒྱུ་མཚན།
ཆོས་རྗེ་དཔལ་འབྲུག་པ་ ཞབས་དྲུང་རིན་པོ་ཆེ་མ་བྱོན་པའི་ཧེ་མར། ཤར་ཕྱོགས་ཀྱི་གཡུས་ཕྱོགས་རྫོང་ཁག་སོ་སོ་ནང་། སྟོབས་ཤུགས་དང་ཁ་དྲག་དབང་ཆེན་ཡོད་མི་ཚུ་གིས་ ཁ་དབང་མེད་མི་ཉམ་ཆུང་ཚུ་ལུ་དབང་བཙོང་དང་། ཆགས་སྡང་ཕྱོགས་རིས་འབད་དེ། མི་སེར་ལུ་རང་དབང་མེད་ནི་དང་། དགྲ་དང་ཇག་པ།  ཨར་རྐུན་ཚུ་གིས་ཡང་ རྩ་ལས་རང་དགའཝ་སྐྱིདཔ་སྦེ་སྡོད་མ་བཅུགཔ་ཨིན་མས། རྒྱུ་མཚན་འདི་འབདཝ་ལས་བརྟེན་ཏེ། མི་སྡེའི་གནས་སྟངས་དང་འགྲོ་ལུགས་ཀྱི་རྣམ་གཞག་ཚུ་ལེགས་ཤོམ་བཟོ་སྟེ། མི་སེར་ཚུ་རང་དབང་དང་དགའ་སྐྱིད་ཀྱི་ངང་ལུ་ནགས་བཅུག་ནི་གི་དོན་ལུ། ཆོས་རྗེ་དཔལ་ལྡན་འབྲུག་པ་གིས། ཤར་ཕྱོགས་འཁོར་ལོ་རྩིབ་བརྒྱད་ཡོད་མི་དེ་ཚུ་དབང་བསྒྱུར་མཛད་མཛདཔ་ཨིན་མས།
༣༽  ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་པོ་ག་གིས། ག་དེ་སྦེ་དབང་བསྒྱུར་མཛད་ཚུལ་ལས།
དང་པ་ཀྲོང་གསར་དཔོན་སློབ་བསྐོས་ཚུལ།
དེ་ཡང་སྤྱི་ལོ་༡༦༤༦རབ་བྱུང་༡༡་པའི་མེ་ཕག་གི་ལོ་ལུ། ཞབས་དྲུང་མཆོག་གིས། ཆོས་རྒྱལ་མི་འགྱུར་བརྟན་པ་འདི། ཡོངས་འཛིན་ངག་གི་དབང་ཕྱུག་གི་གདན་ས་ཨིན་མི་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེའི་དཔོན་སློབ་སྦེ་བཀལ་གནང་གནང་ནུག།
གཉིས་པ་བུམ་ཐང་སྡེ་གཞི་དབང་བསྒྱུར་མཛད་ཚུལ།
དེ་ཡང་བུམ་ཐང་ཆོས་འཁོར་ལུ་ སྡེ་པ་ཀུན་ཐུབ་ཟེར་མི་ གནམ་མེད་ས་མེད་སྟོབས་ཤུགས་ཅན་ཅིག་ཡོདཔ་ལས། ཁོ་གིས་ཀྲོང་གསར་དཔོན་སློབ་ཀྱི་མངའ་འོག་མ་གནས་པར་ཡོདཔ་དང་། དེ་སྒང་ཤར་ཕྱོགས་ཁ་ཐུག་ལུ་ བླ་མ་རྣམ་སྲས་དང་ཁ་ལིང་རྒྱལཔོ་བདེ་བ་གཉིས་ཡང་མ་མཆམ་པར་ཡོདཔ་ལས། བླ་མ་རྣམ་སྲས་ཀྱིས། ཞབས་དྲུང་རིན་པོ་ཆེ་ལུ་སྐྱབས་འཚོལ་བར་འོངམ་ད། ཞབས་དྲུང་གི་ཞལ་མཇལ་བ་ཙམ་ཅིག་གིས་སེམས་ལུ་གཞན་དང་མ་འདྲ་བའི་དད་པ་བསྐྱེད་དེ། ཞབས་དྲུང་རིན་པོ་ཆེ་ལུ་བཀའ་བཞིན་དུ་ཕྱག་ཞུ་ནིའི་ཁས་བླངས་ཕུལ་ནུག།
ཞབས་དྲུང་རིན་པོ་ཆེ་མཆོག་གིས་ཡང་། བླམ་རྣམ་སྲས་ལུ། ཤར་ཕྱོགས་ལུ་ ངེད་ཀྱི་བསྟན་པ་སྤེལ་ནི་གི་ལུང་བསྟན་ཁྱོད་ལུ་ཡོདཔ་ལས་ཁྱོད་ཀྱི་ཆ་རོགས་གནང་ནི་ཨིན་ཟེར་ཁས་བླངས་གནངམ་བཞིན་དུ། བླ་མ་རྣམ་སྲས་ཀྱིས་ཡང་། དེ་ལུ་ཡིད་ཆེས་ཀྱི་ཁས་བླངས་ཕུལ་ཏེ། ཆོས་རྒྱལ་མི་འགྱུར་བརྟན་པ་མཇལ་ཞིནམ་ལས་གསུང་གྲོས་གནམ་ད། ཤར་ཕྱོགས་ཀྱི་དཀའ་སྡུག་འདི་ཞི་བའི་ཐོགས་ལས་སེལ་ནི་ཐབས་ཤེས་མེདཔ་གཟིགས་ཏེ། གཞུང་ལས་ཤར་དར་བརྒྱད་དང་། ཝྭང་ཚོ་ཆེན་བརྒྱད། དེ་ལས་ཀྲོང་གསར་ཆ་འོག་གི་དམག་དཔུང་དང་བཅས་པའི་ཐོག་ལས། ཆོས་འཁོར་སྟོད་ཀྱི་སྡེ་པ་བཅོམ་ཞིནམ་ལས་བུམ་ཐང་སྡེ་བཞི་དབང་བསྒྱུར་མཛད་ནུག དེ་ལས་ས་གནས་དེ་ཁར་ བྱ་དཀར་གཡུལ་རྒྱལ་རྫོང་བཞེངས་ཞིནམ་ལས་རྫོང་དཔོན་ གཉེར་པ་ལོང་བ་ཟེར་མི་ཅིག་བསྐོས་གནང་ནུག།
གསུམ་པ་ཀུར་སྟོད་མདོ་བཞི་མངའ་འོག་ལུ་བསྡུས་ཚུལ།
 དེ་བསྒང་ ཀུར་སྟོད་ལྷུན་རྩེ་ལུ་དཔོན་ལྷ་བུ་ཟེར་མི་འདི། སྐྱིད་གླིང་གི་དཔོན་དབང་ཆེན་དར་མ་དང་ ཕག་གདུང་གི་རྒྱལ་པོ་དགའ་བ་གཉིས་ཀྱི་བསད་ཡོདཔ་ཨིན་མས། དེ་ལས་ ལྷ་བུའི་བློན་པོ་རྣམས་ཀྱིས་ཤརཕྱོགས་རྫོང་ཁག་ཚུ་གི་དཔོན་སློབ་ཆོས་རྒྱལ་མི་འགྱུར་བརྟན་པ་ལུ་ཞུ་བ་ཕུལཝ་ལས། ཀྲོང་གསར་དཔོན་སློབ་ཀྱི་དམག་དཔུང་ཚུ་ཀུར་སྟོད་ལུ་བཏང་སྟེ། སྐྱིད་གླིང་དཔོན་དབང་ཆེན་དར་མ་དང་ ཕག་གདུང་རྒྱལ་པོ་དགའ་བ་གཉིས། གཞན་ཡང་འགོ་དཔོན་ཆ་ཁྱབ་བཟུང་སྟེ་བརྩོན་ནང་བཙུགས། ལྷུན་རྩེ་ཀུར་སྟོད་མདོ་བཞི་འབྲུག་པའི་མངའ་འོག་ལུ་བསྡུས་ཏེ་ གླེང་གླེང་ཟེར་བའི་ས་ཆའི་རྫོང་གི་མིང་ཡང་ལྷུན་གྲུབ་རྩེའི་རྫོང་ཟེར་བཏགས། དཔལ་ལྡན་འབྲུག་པའི་ཆོས་སྲིད་བཙུགས། འབྲུག་ཕུན་ཚོགས་ཟེར་མི་འདི་ རྫོང་འདི་གི་དཔོན་སློབ་འབད་བསྐོས་གནང་ནུག།
བཞི་པ་བཀྲ་ཤིས་གཡང་རྩེ་མངའ་འོག་ལུ་བསྡུས་ཚུལ།
དེ་སྒང་ཁོ་ལོང་ཕྱོགས་ལུ་ཁ་གཏད་ཟེར་མི་མགུ་ན་དྲགས་ཅིག་ཡོད་མི་འདི་ མི་ཆ་མཉམ་གྱིས་མགུ་སྐོར་རྐྱབ་པའི་གནས་ཚུལ་ཡོདཔ་ལས། འབྲུག་གཞུང་གི་དམག་རྐྱབ་སྟེ་ཁོ་ཡང་མངའ་འོག་ལུ་བཙུགས། གཡང་རྩེ་ཚོ་ལྔ་ཡང་མངའ་འོག་ལུ་བསྡུས་ཏེ། བཀྲ་ཤིས་གཡང་རྩེ་རྫོང་བཞེངས་གནང་ནུག།
ལྔ་པ་གཞོང་སྒར་རམ་མོང་སྒར་མངའ་འོག་བསྡུས་ཚུལ།
 དེ་ལས་མོང་སྒར་སྟོང་ཕུའི་རྒྱལཔོ་གིས་ གཞན་དང་མ་འདྲ་བའི་དབང་ཤུགས་བཙོང་སྟེ་ཡོདཔ་ལས། མི་སེར་ཚུ་གི་སེམས་ཁར་མ་བབས་པར་ གཞུང་གི་དམག་དཔུང་ཞུ་བར་འོངམ་ལས། གཞུང་གིས་དམག་དཔུང་བཏང་སྟེ་སྟོང་ཕུའི་དམག་ཚུ་ཐལ་བར་བརླགས། མོང་སྒར་སྔ་ཚང་གི་རྒྱལ་བློན་ག་ར་འབྲུག་པའི་དབང་ལུ་བསྡུས་ཏེ་ མོང་སྒར་རྫོང་རྩིས་ལེན་ཏེ་རྒྱ་བསྐྱེད་གནང་ནུག།

དྲུག་པ་བཀྲ་ཤིས་སྒང་མངའ་འོག་བསྡུས་ཚུལ།
དེ་སྒང་འབྲུག་པའི་དམག་དཔུང་ཚུ། ཤར་ཕྱོགས་རྫོང་ཁག་ཚུ་ནང་རིམ་པ་བཞིན་དུ་འོངམ་ཤེས་ཏེ། བཀྲ་ཤིས་སྒང་གི་རྒྱལ་པོ་ཚེ་དབང་ཚུ་གིས། བོད་གཞུང་ལུ་སྐྱབས་འཚོལ་ཞིནམ་ལས། འབྲུག་པ་ལུ་བྱང་ཕྱད་རྐྱབ་ནུག ཨིན་རུང་འབྲུག་པའི་དམང་དཔུང་ཚུ་གཞོང་སྒར་ལས་སྐྱེངས་ཁར་བརྒྱུད་དེ་བཀྲིས་སྒང་ཁ་ཐུག་སོང་། དེ་ནང་གི་དགྲ་སྡེ་དེ་ཚུ་བཅོམ་སྟེ། བཀྲ་ཤིས་སྒང་རྫོང་ཁག་ཡང་ཆོས་རྗེ་དཔལ་ལྡན་འབྲུག་པའི་མངའ་དབང་ལུ་བསྒྱུར་ནུག།
བདུན་པ་གཞལམ་སྒང་མངའ་འོག་བསྡུས་ཚུལ
དེ་ལས་ དམག་དཔོན་བླ་མ་རྣམ་སྲས་དམག་དཔུང་དང་བཅས་སྦེ། གཞོང་སྒར་ལས་སྟུང་ལ་སྦིས་བརྒྱུད་དེ་བྱོན་ཞིནམ་ལས།          དེ་གོང་ཞིང་། ཕང་ཁར། སུ་བྲང་། གོང་ཕུ། རྟ་ལི། བུ་ལི་བཅས་པའི་མཁན་རིགས་རྣམ་གསུམ་གཞལམ་སྒང་རྫོང་དང་བཅས་པ་གསར་བཞེངས་གནང་སྟེ་ དེ་ཚུ་ག་ར་ཆོས་རྗེ་འབྲུག་དཔལ་ལྡན་འབྲུག་པའི་མངའ་དབང་ལུ་བསྒྱུར་ནུག།
བརྒྱད་པ་གདུང་བསམ་པདྨ་དགའ་ཚལ།
དེ་བསྒང་ གདུང་བསམ་པདྨ་དགའ་ཚལ་འདི་ མོང་སྒར་རྫོང་གི་དབང་སྟེ་ཡོད་པའི་ལོ་རྒྱུས་གོཝ་བཞིན་དུ་ཤར་ཕྱོགས་དཔལ་འབྲུག་པ་རིན་པོ་ཆེ་གི་རྣམ་མཐར་དང་ འབྲུག་གི་རྒྱལ་རབས་འབྲུག་གསལ་བའི་སྒྲོན་མེ་ནང་ལུ་ དམག་རྐྱབ་པའི་ལོ་རྒྱུས་ཁ་གསལ་ཏོག་ཏོ་བཀོད་དེ་མ་མཐོང་ཟེར་ཞུ་ནི་ཨིན།
༤༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་དབང་བསྒྱུར་མཛད་པའི་ཤུལ་ལས། མི་སེར་ཚུ་ལུ་ཕན་ཐོགས་ག་ཅི་རང་བྱུང་བའི་སྐོར།
ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་པོ་ དཔལ་ལྡན་འབྲུག་པའི་ཆོས་སྲིད་གདུགས་དཀར་གཅིག་གི་འོག་ལུ་ཚུདཔ་ལས་བརྟེན་ཏེ། དཔལ་ལྡན་འབྲུག་པའི་ཆོས་སྲིད་ལུགས་གཉིས་ཀྱི་བསྟན་སྲིད་གོང་དུ་འཕེལ། ལུང་ཕྱོགས་སོ་སོའི་རྒྱལཔོ་དང་དཔོན་ཚུ་གི་བར་ན་གི་འཁྲུགས་རྩོད་རང་བཞིན་གྱིས་ཞི། མི་སེར་ཚུ་ཡང་དམག་འཐབ་ཀྱི་དཀའ་ངལ་ལས་གྲོལ་ཏེ་ཞི་བདེའི་ངང་ལུ་གནསཔ་མ་ཚད། ད་ལྟོ་ག་ནི་བ་སྦོམ་པའི་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་སྦུག་ཁར་། ང་བཅས་རའི་རྒྱལ་ཁབ་འདི་ཆུང་ཀུ་གཅིག་ལས་མེད་དེ་འབད་རུང་། རང་དབང་རང་བཙན་གྱི་ངང་ལུ་གནས་ཏེ་ཡོད་མི་འདི། ཆོས་ཀྱི་རྒྱལཔོ་དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་དགོངས་བཞེད་ལྟར་དུ་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དེ་ཡང་འབྲུག་པའི་མངའ་འོག་ལུ་བསྡུས་ཏེ། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་རྒྱལ་ཁབ་གཅིག་གྱུར་སོང་བའི་རྒྱུ་མཚན་ལས་བརྟེན་ཏེ་ཨིན་ནོ།།


No comments: