སྐད་རིགས། རྫོང་ཁ། སྤྱི་ཚེས་༡༦/༥/༢༠༡༡
ད་རེས་ན་ལུ་བྱོན་མི་གཙུག་ལག་མདོ་ཆེན་གྱིས་དབུ་གཙོས་པའི་སྒྲིག་འཛིན་རྣམ་གཉིས། མཁྱེན་ལྡན་གྱི་ལེགས་སྦྱར་བ་རྣམས་དང་། གཞན་ཡང་ཆོས་གྲོགས་ཕོ་མོ་ཡོངས་ལུ་དང་པ་རང་ངེད་ཀྱི་ཁ་ཐུག་ལས་སྐུ་གཟུགས་བཟངམ་དང་བྱོན་པ་ལེགས་སོ་ཟེར་ཞུཝ་དང་འབྲེལ་ཏེ་དུས་ཆེན་ལྔ་འཛོམས་ཀྱི་སྐོར་ལས་མདོར་བསྡུས་ཅིག་ཞུ་གེ།
དེ་ཡང་ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ལུ་
དང་ཕུག་ཕ་མའི་སྒང་ལས་རང་འབྲུག་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥འདི་
དུས་ཆེན་གསུམ་འཛོམས་ཟེར་བརྩི་སྲུང་ཞུཝ་མ་ཚད།
དུས་ཆེན་ལྔ་འཛོམས་ཟེར་ཡང་བརྩི་སྲུང་ཞུཝ་ཨིན་ཟེར་ཞུ་ནི་ཨིན།
དེ་སྦེ་བརྩི་སྲུང་ཞུ་དགོ་མི་འདི་ཡང་ བཀའ་དྲིན་བླ་ན་མེད་པའི་
བདག་ཅག་གི་སྟོན་པ་ཤ་ཀྱཱ་ཐུབ་པ་མཆོག་གི་ འཁྲུངས་འདས་ལ་སོགས་པའི་དུས་ཚོད་དེ་ཚུ་ག་ར་
ཟླཝ་འདི་ནང་ལུ་ཕོག་ནི་འདི་གིས་ཨིན་མས།
དེ་ཡང་དུས་ཆེན་ལྔ་འཛོམས་སྦེ་བརྩི་སྲུང་ཞུ་མི་དེ་ཚུ་གིས་འབད་བ་ཅིན།
ལོ་ངོ་ཉི་སྟོང་ལྔ་བརྒྱ་ལྷགཔ་ཅིག་གི་ཧེ་མར་ ༡༽ ས་ག་ཟླཝ་གཅིག་གི་ཚེས་༡༥ལུ་
སྟོན་པ་ཤ་ཀྱཱ་ཐུབ་པ་མཆོག་ལྷུམས་སུ་ཞུགས་པ་ཟེར་
ཡུམ་གྱི་ཕོ་བ་ལུ་སྲས་སྦེ་ཆགས་ནི་དང་། ༢༽ ལོ་ངོ་ཤུལ་མམ་དེ་གི་ས་ག་ཟླ་བའི་ཚེས་༡༥གཅིག་ལུ་སྐུ་བལྟམས་པ་ཟེར་སྲས་སྦེ་འཁྲུངས་ནི་དང་།
དེ་ལས་དགུང་ལོ་༣༥ལངས་པའི་ས་ག་ཟླ་བའི་ཚེས་༡༥གཅིག་ལུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནི། ༣༽
སངས་རྒྱས་ཚར་ཏེ་མ་གཤགསཔ་ཅིག་གི་ཧེ་མ་གི་
ས་ག་ཟླ་བ་ཚེས་༡༥གཅིག་ལུ་བདུད་བཏུལ་བ་ཟེར་དགྲའི་ཕྱོགས་ལས་རྣམ་པར་རྒྱལ་ནི། ༥༽
དེ་ལས་དགུང་ལོ་གྱ་གཅིག་བཞེས་པའི་ས་ག་ཟླ་བའི་ཚེས་༡༥གཅིག་ལུ་མྱ་ངན་ལས་འདས་པ་ཟེར་
སྡུག་བསྔལ་དང་མྱ་ངན་གྱི་རང་བཞིན་ཨིན་མི་ཟག་བཅས་ཀྱི་ཕུང་པོོ་འདི་དང་བྲལ་ཏེ་གཤགས་ཏེ་འགྱོ་ནི་དེ་ཚུ་ག་ར་དུས་ཚོད་འདི་ལུ་ཕོག་ནི་འདི་གིས་དུས་ཆེན་ལྔ་འཛོམས་ཟེར་བརྩིཝ་ཨིན།
དེ་ལས་གཉིས་པ་དུས་ཆེན་གསུམ་འཛོམས་བརྩི་མི་དེ་ཚུ་གིས་འབད་བ་ཅིན།
ལྷུམས་སུ་ཞུགས་པ་དང་བདུད་བཏུལ་བ་གཉིས་བཏོག་བཞག་སྟེ། ས་ག་ཟླ་བའི་ཚེས་༡༥འདི་ལུ་
སྐུ་འཁྲུངས་པ། སངས་རྒྱས་པ།
མྱ་ངན་ལས་འདས་པའི་དུས་ཆེན་གསུམ་ཅིག་ཁར་འཛོམས་ནི་འདི་གིས་དུས་ཆེན་གསུམ་འཛོམས་ཟེར་བརྩི་སྲུང་ཞུཝ་ཨིན་མས།
ལྷུམས་སུ་ཞུགས་པ་བཏོག་དགོ་མི་འདི་ཡང་
ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པ་གཉིས་དུས་ཚོད་གཅིག་ལུ་འབད་བ་ཅིན་
སངས་རྒྱས་ཡུམ་གྱི་མངལ་ལུ་ལོ་གཅིག་ཏག་ཏག་བཞུགས་དགོ་ནི་འདི་གིས་སྟབས་མ་བདེཝ་ཆུང་ཀུ་ཅིག་འདུག་ཟེར་ཨིནམ་མ་ཚད།
དཔེ་ཆ་ལ་ལོ་ཅིག་ནང་ ལྷུམས་སུ་ཞུགས་པའི་དུས་ཚོད་འདི་ ཆུ་སྟོད་ཟླ་བའི་ཚེས་པ་༡༥ཟེར་ཟླ་བ་དྲུག་པའི་ཚེས་༡༥ལུ་ཨིནམ་སྦེ་ཡང་བཤད་ནི་ཡོད་ནི་དེ་གིས་ཨིན་མས།
མྱ་ངན་ལས་འདས་པའི་དུས་ཚོད་འདི་ལུ་
ང་རང་གི་ཁ་ཐུག་ལས་དོགས་དཔྱོད་ཆུང་ཀུ་ཅིག་ཞུ་བ་ཅིན། རྒྱ་གར་དང་། ཤྲི་ལངྐ། འབར་མ།
ཐའི་ལེཎྜ་ལ་སོགས་པའི་ནང་པའི་རྒྱལ་ཁབ་གཞན་གྱི་ལུགས་ལུ་འབད་བ་ཅིན།
མྱ་ངན་ལས་འདས་པའི་དུས་ཚོད་འདི་ཡང་ ས་ག་ཟླཝ་ནང་མིན་པར་
སྨིན་དྲུག་ཟླ་བ་ཟེར་འབྲུག་ཟླ་བཅུ་པའི་ནང་ཨིནམ་སྦེ་ཡང་བཤད་ནི་ཡོདཔ་མ་ཚད།
ང་བཅས་རའི་དཔལ་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་སྐུ་ཐོག་གོང་མ་
ཀུན་མཁྱེན་པདྨ་དཀར་པོ་གི་གསུངས་རྩོམ་གཅིག་གི་ནང་ལུ་ཡང་སངས་རྒྱས་བཤགས་པའི་དུས་ཚོད་འདི་
སྨིན་དྲུག་ཟླཝ་ཨིནམ་སྦེ་བཤད་དེ་འདུག།
ད་རུང་ག་ནི་བ་གལ་ཆེ་བའི་དོགས་པ་གཞན་ཅིག་ཞུ་བ་ཅིན།
མ་གཞི་སངས་རྒྱས་ཤ་ཀྱཱ་ཐུབ་པ་མཆོག་
ས་ག་ཟླ་བའི་ཡར་ཚེས་༡༥ལུ་འཁྲུངས་འཁྲུངསམ་ཨིན་ནི་དེ་གིས་
ད་བཅས་ཆ་ཁྱབ་གིས་ཡང་དུས་ཚོད་འདི་ལུ་རྗེས་དྲན་འབདཝ་ཨིན་མས། ཨིན་རུང་རྒྱ་གར་གྱི་ཟླཝ་དང་འབྲུག་གི་ཟླཝ་གི་བར་ན་ཁྱད་པར་ཟླཝ་གཅིག་ཡོད་ནི་དེ་གིས་
རྒྱ་གར་ནང་ས་ག་ཟླ་བའི་དུས་ཆེན་བརྩི་སྲུང་ཞུ་ཚར་ཏེ་ ཟླཝ་གཅིག་གི་ཤུལ་མ་ལུ་
བོད་དང་འབྲུག་ལུ་ས་ག་ཟླ་བའི་བརྩི་སྲུང་ཞུཝ་ཨིན་མས།
དེ་སྦེ་འགྱོ་དགོ་མི་དེ་ཡང་རྒྱ་གར་གྱི་ས་ཆ་ཚུ་
ཁ་དམའ་སར་ཡོདཔ་དང་། འབྲུག་དང་བོད་ཀྱི་ས་ཆ་དེ་ཚུ་ཁ་མཐོ་སར་ཡོད་ནི་དེ་གིས་
དེ་གཉིས་ཀྱི་བར་ན་ཁྱད་པར་ཟླཝ་གཅིག་ཤོར་ཏེ་
རྒྱ་གར་གྱི་ཟླཝ་དེ་ཧེ་མར་ཐོན་ཏེ་འགྱོཝ་ཨིནམ་ལས་བརྟེན་ཏེ་ཨིན་མས། ཨིན་རུང་
དད་པ་ཡོདན་ ཁྱིི་སོ་ལས་ཡང་རིང་བསྲེལ་འཁྲུངས་ཟེར་སླབ་དོ་བཟུམ་སྦེ་
དད་པ་དང་མོས་གུས་ཀྱིི་ཐོག་ལས་སངས་རྒྱས་ཀྱི་མཛད་པ་དེ་ཚུ་སེམས་ཁ་ལུ་དྲན་ཏེ་
འབད་བ་ཅིན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིི་བྱིན་རླབས་འཇུག་ནི་ཨིནམ་ལས་
དུས་ཆེན་འདི་ཁ་ལུ་སངས་རྒྱས་ཀྱི་མཛད་རྣམ་ལྷག་ནི་ལ་སོགས་པའི་དགེ་བའི་ལཱ་དེ་ཚུ་ལུ་འབད་བརྩོན་བསྐྱེད་དེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན།
ད་མཇུག་རང་ ང་གིས་ཞུ་ཤེསཔ་ཅིག་དང་བཅའ་ཤེསཔ་ཅིག་མེད་རུང་
རང་བསྐལ་དེ་རྡོ་རང་ཨིན་རུང་རྨུར་ ཟེར་སླབ་དོ་བཟུམ་སྦེ་
དུས་ཆེན་གྱི་སྐོར་ལས་མདོར་བསྡུས་ཅིག་ཞུ་མི་འདི་ལུ་
མཁྱེན་ལྡན་རྣམས་ཀྱིས་སྙན་གྱི་དབང་མ་གཡེངས་པར་ང་ལུ་གསན་ཏེ་གནང་མི་འདི་ལུ་ག་ནི་བ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།
བཀའ་དྲིན་ཆེ།
No comments:
Post a Comment