Saturday, August 30, 2014

ཐེག་ཆེན་ཐེག་དམན་གཉིས་ཀྱི་ཁྱད་པར།

ཐེག་ཆེན་ཐེག་དམན་གཉིས་ཀྱི་ཁྱད་པར།
༈ ཐེག་ཆེན་དང་ཐེག་དམན་གཉིས་ལུ་མི་འདྲ་བའི་ཁྱད་པར་གཙོ་བོ་གསུམ་དེ་ཅིག་ཡོད། དེ་ཡང་ཀུན་སློང་སེམས་བསྐྱེད་ཀྱི་ཁྱད་པར། རྒྱུ་ཚོགས་ལམ་གྱི་ཁྱད་པར། འཐོབ་བྱ་འབྲས་བུའི་ཁྱད་པར་དང་བཅས་པ་ཨིན།
དེ་ཡང་ཀུན་སློང་སེམས་བསྐྱེད་ཀྱི་ཁྱད་པར་འདི། ཐེག་དམན་དེ་ཚུ་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ལུ་འདྲོག་སྟེ་ དེ་ལས་ཐར་ནི་གི་དོན་ལུ་རང་ཉིད་ཐར་པ་འཐོབ་ནི་གི་བློ་འདོད་བསྐྱེད་ནི་དང་། ཐེག་ཆེན་པ་དེ་ཚུ་ ཁམས་གསུམ་འཁོར་བའི་སྡུག་བསྔལ་མྱོང་མི་སེམས་ཅན་ག་ར་ འཁོར་བ་དེ་ལས་ཐར་བཅུག་ནི་གི་དོན་ལུ་ སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་བློ་འདོད་བསྐྱེདཔ་ཨིན། སེམས་བསྐྱེད་དེ་སྦེ་ཨིནམ་ལས་བརྟེན་ཏེ། ཐེག་དམན་གྱི་སེམས་བསྐྱེད་དེ་རྒྱ་ཆུང་ཀུ་དང་ ཐེག་ཆེན་གྱི་སེམས་བསྐྱེད་དེ་རྒྱ་ཆེཝ་ཨིན་མས།
རྒྱུ་ཚོགས་ལམ་གྱི་ཁྱད་པར་འདི། ཐེག་དམན་པ་དེ་ཚུ་ ཐར་པ་འཐོབ་པའི་རྒྱུའི་གཙོ་བོ་སོ་སོར་ཐར་པའི་སྡོམ་པ་ཞུ་སྟེ་སྲུང་ནི་དང་། དེ་ལས་ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་ལུ་བརྟེན་ཏེ་ བདེན་པ་བཞིའི་གནས་ལུགས་མི་རྟག་སྡུག་བསྔལ་ལ་སོགས་པ་བཅུ་དྲུག་ཡོད་མི་དེ་ཚུ་དང་། བདག་མེད་ཀྱི་དོན་དེ་ཚུ་བསྒོམས་ཞིནམ་ལས་ རྒྱུན་ཞུགས་ཕྱིར་འོང་ལ་སོགས་པའི་འཕགས་པའི་ལམ་དེ་རིམ་པ་བཞིན་དུ་འགྱོཝ་ཨིན། དེ་ལས་ཐེག་ཆེན་པ་དེ་ཚུ་འབད་བ་ཅིན་ རྒྱུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲུམས་སྲུང་ནི་དང་། ཕར་ཕྱིན་དྲུག་གི་སྒོ་ལས་གཞན་དོན་མཛད་པའི་ཞོ་ཁར་ སྟོང་པ་ཉིད་ཀྱི་དོན་དེ་བསྒོམས་ཞིནམ་ལས་ ས་བཅུའི་ལམ་དེ་ཚུ་རིམ་པ་བཞིན་དུ་བསྒོམ་སྟེ་འགྱོཝ་ཨིན།
འཐོབ་བྱ་འབྲས་བུའི་ཁྱད་པར་འདི། ཐེག་དམན་དེ་ཚུ་ རྒྱུན་འོང་ཕྱིར་འོང་ལ་སོགས་པ་རིམ་པ་བཞིན་དུ་ཐོབ་པའི་ཐ་མར་ རང་རྒྱུད་ཉོན་མོངས་པ་དང་ དེའི་འབྲས་བུ་དང་བཅས་པ་སྤང་པའི་དགྲ་བཅོམ་པའི་འབྲས་བུ་ཐོབ་ཞིནམ་ལས་ སེམས་ཅན་གཞན་གྱི་དོན་ལུ་མི་བྱོན་པར་རང་ཉིད་ ཞི་བའི་ངང་ལུ་བཞུགསཔ་ཨིན།
དེ་ལས་ཐེག་ཆེན་པ་དེ་ཚུ་འབད་བ་ཅིན། ས་བཅུ་རིམ་གྱིས་འགྱོ་བའི་ཐ་མར་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཞིནམ་ལས་ དག་པའི་ཞིང་ལུ་མི་བཞུགས་པར་ འཁོར་བའི་གནས་ལུ་སེམས་ཅན་གྱི་དོན་མཛད་པར་བྱོནམ་ཨིན།།

དེ་ལས་གཞན་ཡང་མདོ་སྡེ་རྒྱན་གྱི་ལེའུ་ཉི་ཤུ་པ་ཡོན་ཏན་གྱི་ལེའུ་ལས།
དམིགས་པ་ཆེ་བ་ཉིད་དང་ནི།  །དེ་བཞིན་སྒྲུབ་གཉིས་དག་པ་དང་།།
ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་།  །ཐབས་ལ་མཁས་པར་འགྱུར་བ་དང་།།
ཡང་དག་སྒྲུབ་པ་ཆེན་པོ་དང་།  །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ།།
ཆེན་པོ་འདི་དང་ལྡན་པའི་ཕྱིར།  །ཐེག་ཆེན་ཞེས་ནི་ངེས་པར་བརྗོད།།
ཟེར་ ཁྱད་ཆོས་ཆེན་པོ་བདུན་དང་ལྡན་པའི་རྒྱུ་མཚན་གྱིས་ཐེག་ཆེན་ཟེར་གསུངས་ནུག དེ་འབདཝ་ལས་བརྟེན་ཏེ། ཐེག་ཆེན་ཐེག་དམན་གཉིས་ཀྱི་ཁྱད་པར་འདི་ ཆེན་པོ་བདུན་དང་ལྡན་མི་དེ་ལུ་ཐེག་ཆེན་དང་། ཆེན་པོ་བདུན་དང་མི་ལྡན་པའི་ནང་པའི་ཐེག་པ་དེ་ལུ་ ཐེག་དམན་ཟེར་སླབ་རུང་མ་བཏུབ་མེད།
ཆེན་པོ་བདུན་ལས།
༼༡༽ དམིགས་པ་ཆེ་བ་ཟེར་མི་འདི། ཐེག་དམན་བཟུམ་སྦེ་ བདེན་བཞི་དང་བདག་མེད་ཙམ་ཅིག་ལུ་དམིགས་པ་བསྐྱེད་ནི་མེན་པར་ སེམས་ཅན་ཐམས་ཅད་དང་ ནམ་མཁའ་དང་མཉམ་པའི་ཆོས་ཉིད་སྟོང་པ་ཉིད་ལུ་དམིགས་པ་བསྐྱེད་དེ་བསྒོམ་པའི་དོན་ཨིན།
༼༢༽ སྒྲུབ་པ་ཆེ་བ་ཟེར་མི་འདི། དམིགས་པ་སེམས་ཅན་ཐམ་ཅད་ལུ་བསྐྱེདཔ་ལས་བརྟེན་ཏེ་ དོན་སྒྲུབ་པའི་ཚེ་ཡང་ རང་གཞན་གཉིས་ཀའི་དོན་སྒྲུབ་ནི་ལུ་གོ་ནི་དང་།
༼༣༽ ཡེ་ཤེས་ཆེ་བ་ཟེར་མི་འདི། དམིགས་པ་ཆེ་བའི་རྒྱུ་མཚན་ལུ་བརྟེན་ཏེ་སེམས་ཁོངས་ཡང་ རྒྱ་ཆེ་དྲག་སྦེ་ཡོད་པའི་དོན་ཨིན།
༼༤༽ བརྩོན་འགྲུས་ཆེ་བ་ཟེར་མི་འདི། གཞན་དོན་སེམས་ཅན་གྱི་འདོད་དོན་སྒྲུབ་པ་དང་ རང་དོན་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཚེ་ ཞུམ་པ་མེད་པའི་བརྩོན་འགྲུས་ཀྱི་ཐོག་ལས་སྒྲུབ་པའི་དོན་ཨིན།  
༼༥༽ ཐབས་ལ་མཁས་པ་ཆེན་པོ་ཟེར་མི་འདི། མངོན་ཤེས་དང་རྫུ་འཕྲུལ་གྱི་སྒོ་ལས་དོན་གཉིས་སྒྲུབ་པའི་ཐབས་ཤེས་ལེ་ཤ་ཡོད་པའི་དོན་ཨིན།
༼༦༽ ཡང་དག་སྒྲུབ་པ་ཆེན་པོ་ཟེར་མི་འདི། དོན་གྱི་ཉམས་ལེན་ངོ་མ་འདི་ལུ་ ཆོས་ཉིད་ཀྱི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཐོག་ལས་ ཉམས་ལེན་གཏིང་ཟབ་དྲག་སྦེ་འབད་བའི་དོན་ཨིན།

༼༧༽ ཕྲིན་ལས་ཆེ་བ་ཟེར་མི་འདི། རྒྱ་ཆེ་བའི་སྒྲུབ་པ་ཉམས་ལེན་ལུ་བརྟེན་ཏེ་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཚར་ཞིནམ་ལས་ གཞན་སེམས་ཅན་གྱི་དོན་ལུ་བྱོན་ཏེ་ ཕྲིན་ལས་ཉི་ཤུ་རྩ་བདུན་མཛད་པའི་དོན་ཨིན་ནོ།།

No comments: