༄༅། །སྒོ་འབྱེད་འབྱུང་བའི་རྩ་བ་རིན་ཆེན་བསྡུས་པ་མཁས་པ་ཁྱུང་ནག་གིས་མཛད་པ་ལ་
འབྱུང་རྩིས་ཟླ་འོད་སོགས་ནས་ཁ་སྐོང་བསྣན་པ་བཅས་བཞུགས་སོ།།
༄༅། །ན་མོ་མཉྫུ་ཤྲཱི་ཡེ།
བཙོ་མ་གསེར་མདོག་ཨུཏྤལ་བསྣམས། །སྣ་ཚོགས་ཐེག་པའི་འགྲོ་དོན་མཛད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།
།འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞུ་འཕྲུལ་ལེན་འཆང་སྐྱེས་བུ་མཆོག །བཞི་ཚན་བཞི་ལས་བརྒྱུད་པ་ཡི།
།འཇིག་རྟེན་བསྟན་པའི་གཙུག་ལག་ནི། །རྩ་བ་རུས་སྦལ་ཆེན་པོ་སྟེ། །ངོ་བོ་གནས་པའི་རུས་སྦལ་ནི།
།ཆོས་ཉིད་སྐྱེ་བ་མེད་པ་ཡིན། །རང་བཞིན་ཆགས་པའི་རུས་སྦལ་ནི། །རྩལ་སྣང་འཁོར་འདས་ཀུན་ལ་བརྗོད།
།
གཟུང་འཛིན་སྲིད་པའི་རུས་སྦལ་ནི། །འཁྲུལ་སྣང་འཁོར་བའི་སྣོད་བཅུད་ཡིན། །མཚོན་བྱེད་སྤྲུལ་པའི་རུས་སྦལ་གྱིས།
།གནས་ཆགས་སྲིད་པ་མཚོན་ཚུལ་ལ། །བཤས་པའི་རུས་སྦལ་ཉིད་དུ་གསུངས། །དེ་ཕྱིར་དགོས་དོན་སྙིང་པོ་ནི།
།རྩ་བ་སྲིད་པའི་རུས་སྦལ་ཡིན། །དེ་ཡང་གན་རྐྱལ་དག་ཏུ་གནས། །མགོ་བོ་ལྷོར་བསྟན་མཇུག་མ་བྱང་།
།གློ་གཡས་ཤར་ལ་གློ་གཡོན་ནུབ། །ཡན་ལག་མཚམས་བཞིར་བརྐྱངས་ནས་གནས།།
༈ དེ་ལ་བརྩི་བྱ་རྩི་བྱེད་ཀྱི། །གཙུག་ལག་ཐམས་ཅད་གྲུབ་པ་ཡིན། །བརྩི་བྱའི་གཞི་ནི་འབྱུང་ལྔ་སྟེ།
།ཤིང་མེ་ས་ལྕགས་ཆུ་ལྔའོ། །ངོོ་བོ་བརྟགས་ན་སྟོང་པ་ཉིད། །ངེས་ཚིག་ཆོས་ཀུན་འབྱུང་ཕྱིར་བརྗོད།
།དབྱེ་བ་ལྔའམ་བདུན་བརྒྱད་སྲིད། །མཚན་ཉིད་ལྕགས་ཆུ་མེ་ས་ཤིང་། །གཅོད་བརླན་དྲོ་སྲ་གཡོ་བའི་ཕྱིར།
།བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་། །ལྡོག་ན་ན་འཆི་སྡུག་སོགས་འབྱུང་། །དེ་ཕྱིར་སྤང་བླང་གསལ་བའི་གནད།
།འབྱུང་བའི་རྩིས་འདི་ཤིན་ཏུ་གཅེས།། ༈ རྩི་བྱེད་གཙུག་ལག་རྣམ་གཉིས་ཏེ། །རང་བཞིན་གཞི་དང་འཁྲུལ་སྣང་ངོ་།།
༈ རང་བཞིན་གཞི་ཡི་གཙུག་ལག་ནི། །སྣང་སྲིད་འབྱུང་བ་ལྔར་སྣང་བ། །ཀུན་ཀྱང་ནམ་མཁའི་རང་བཞིན་ཏེ། །མཐའ་དབུས་བྲལ་བའི་དབུ་མ་ཡིན།
།མ་རིག་འཁྲུལ་སྣང་གཙུག་ལག་ལ། །བརྩི་བའི་གཞི་དང་བརྩི་ཐབས་གཉིས།། ༈ བརྩི་བའི་གཞི་ལའང་རྣམ་བཞི་སྟེ། །འབྱུང་བ་རང་རྒྱུད་སྣང་བ་ཡུལ།
། གཅོད་བྱེད་ཡིད་དང་འཛིན་པ་སེམས། །འབྱུང་བ་ཕྱི་ནང་གསང་གསུམ་གྱི། །དབྱེ་བས་རང་རྒྱུད་གཏན་ལ་འབེབས།།
༈ དབང་ཡུལ་ཅིར་སྣང་འབྱུང་བ་རུ། །ཤེས་པ་དེ་ནི་སྣང་བ་ཡུལ།།
༈ དེ་དག་ཕན་ཚུན་འབྱུང་བ་ཡི། །གཅོད་བྲལ་བསམ་པ་གཅོད་བྱེད་ཡིད།།
༈ དེ་ཡི་སྐྱོན་དང་ཡོན་ཏན་དག །འཛིན་པ་སེམས་ཀྱི་གབ་རྩེར་གྲགས། །ཕྱི་ནང་གསང་གསུམ་འབྱུང་བ་ལས།
།ཕྱི་འབྱུང་ནམ་མཁའི་དྭངས་མ་སྟེ། །འོག་དང་སྟེང་དུ་གནས་པ་ཡིན། །དེ་སྟེང་འབྱུང་བ་ཤིང་ཁམས་ཆགས།
།དེ་སྟེང་ཆུ་ལ་དེ་སྟེང་ལྕགས།། ༈ དེ་སྟེང་ས་ལ་ས་སྟེང་མེ།
།དེ་ནི་ཕྱི་ཡི་འབྱུང་ལྔ་ཡིན།། ༈ ནང་གི་འབྱུང་བ་དྭངས་མ་སེམས།
།དྭངས་མ་རླུང་གི་རྟརབཞོན་ནས། །མངལ་འཇུག་ཤིང་ཁམས་རྩ་རྒྱུད་ཆཊ། །རྩ་ལ་ཁྲག་དང་ཆུ་སེར་ཆུ།
།རུས་པ་ལྕགས་ལ་ཤ་ནི་ས། །དྲོད་ནི་མེ་ཡིན་ཀུན་ལ་ཁྱབ།། ༈ གསང་འབྱུང་ཤིང་ནི་མཆིན་པ་ཡིན། །མེ་ནི་སྙིང་ལ་མཆེར་པ་ས།
།གློ་བ་ལྕགས་ལ་མཁལ་མ་ཆུ། །མཆིན་པ་མཁྲིས་པ་འབྲེལ་བ་དང་། །སྙིང་དང་རྒྱུ་མ་གློ་བ་ལོང་།
།ཕོ་དང་མཆེར་པ་མཁལ་གང་འབྲེལ། །ཀེག་ཇི་ཀུངས་ཤང་འུ་དང་ལྔ་། །རུས་ཁམས་མིང་དུ་ཡོངས་སུ་གྲགས།། ༈ ཅིར་སྣང་འབྱུང་བ་ཤེས་བྱ་བ། །གྲངས་དང་ཁ་དོག་བརྩི་བའི་ཡུལ།
།བརྗོད་པ་ཕྱོགས་དང་དབྱིབས་གནས་ལུགས། །མགོ་རིགས་ཤ་མཚན་འདྲེ་དང་ཟས། །ནད་སོགས་འབྱུང་ལྔར་ཤེས་པར་གཅེས།།
༈ རྩི་ཐབས་བསྡུ་ན་རྣམ་པ་དགུ །དེ་ལ་སྤར་སྨེ་ལོ་འགྲོས་གསུམ། །རུས་ཁམས་ཟླ་ཞག་དུས་ཚོད་དང་།
།གཟའ་དང་སྐར་མ་ལ་སོགས་པ། །གོ་རིམ་ངེས་མེད་ཚུལ་ཙམ་གྱིས། །ཆད་པའི་རིམ་པ་བསྟན་པ་ནི། །ཤར་ཕྱོགས་ཤིང་ལ་ལྷོ་ཕྱོགས་མེ།
།ནུབ་ཕྱོགས་ལྕགས་ལ་བྱང་ཕྱོགས་ཆུ། །མཚམས་བཞི་ས་རུ་ཤེས་པར་བྱ།།
༈ རུས་སྦལ་སྐྱེ་མཆེད་བཅུ་གཉིས་ལས། །འབྱུང་བའི་ལོ་འགྲོས་བཅུ་གཉིས་ནི། །ཤིང་ལས་སྟག་ཡོས་གཉིས་སུ་མཆེད།
།མེ་ལས་རྟ་སྦྲུལ་གཉིས་སུ་མཆེད། །ལྕགས་ལས་བྱ་སྤྲེལ་གཉིས་སུ་མཆེད། །ཆུ་ལས་བྱི་ཕག་གཉིས་སུ་མཆེད།
།ས་ལས་གླང་ལུག་ཁྱི་འབྲུག་བཞི། །གང་ལས་མཆེད་པ་སྲོག་ཡིན་ནོ། །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ།
།གླང་ཡོས་སྦྲུལ་ལུག་བྱ་ཕག་མོ།།
༈ དེ་ནས་སྤར་ཁའི་མཆེད་ལུགས་ནི། །རུས་སྦལ་རྣམ་ཤེས་ཚོགས་བརྒྱུད་ལས།
།འབྱུང་བའི་སྤར་ཁ་བརྒྱད་པོ་ནི། །ལི་མེ་ཁོན་ས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་གིན་རི་དང་།
།ཟིན་ཤིང་ཟོན་རླུང་མཆེད་ལུགས་ནི། །ཕྱོགས་ཀྱི་སྤར་ཁ་ཕྱོགས་དང་མཚུངས། །མཚམས་ཀྱི་སྤར་ཁ་ས་ཡིན་ནོ།།
༈ དེ་ནས་སྨེ་བའི་མཆེད་ལུགས་ནི། །རུས་སྦལ་བུ་ག་དགུ་རྣམས་ལས། །བྱུང་བའི་སྨེ་བ་དགུ་པོ་ནི།
།གཅིག་དཀར་དྲུག་དཀར་བརྒྱད་དཀར་ལྕགས། །གཉིས་ནག་གསུམ་མཐིང་ཆུ་ཡིན་ལ། །བཞི་ལྗང་ཤིང་ལ་ལྔ་སེར་ས།
།བདུན་དམར་དགུ་དམར་མེ་ཡིན་ནོ། །ལི་ལས་གསལ་བའི་མེ་དཔུང་དགུ །ཁོན་ལ་གཉིས་ཏེ་སྲིབ་རི་ནག
།ལྕགས་ལས་རིན་ཆེན་འབར་བ་བདུན། །ནམ་མཁའི་རྒྱལ་པོ་དྲུག་ལྡན་དཀར། །ཆུ་སྲོག་སྙིང་པོ་ལྦུ་བ་གཅིག
།རི་ཡི་རྒྱལ་པོ་རྩེ་བརྒྱད་དཀར། །དཔག་བསམ་ཤིང་ལས་འབྲས་བུ་མཐོན། །རླུང་གི་རྒྱལ་པོ་འཕྱོ་བ་བཞི།
།ལྔ་སེར་རུས་སྦལ་ལྟོ་ལ་གབ།།
༈ ལོ་ཡི་གྲལ་རིམ་བསྟན་པ་ནི། །བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེའུ་བྱ་ཁྱི་ཕག
།རྩ་བའི་ལོ་འགྲོས་བཅུ་གཉིས་ལ། །ལྔ་ལྔར་ལྡན་པས་དྲུག་ཅུར་འགྱུར། །དྲུག་ཅུ་བསྐོར་ཞེས་གྲགས་པ་ཡིན།
།སྨེ་བ་དྲུག་ཅུ་ཚན་གསུམ་ལ། །བརྒྱ་དང་བརྒྱད་ཅུ་ཐམ་པ་འབྱུང་། །བརྒྱད་ཅུ་བསྐོར་ཞེས་གྲགས་པ་ཡིན།
།སྨེ་བ་བསམ་མཁའ་གསུམ་འགྱུར་ནི། །ཕོ་བྲང་དང་པོ་གཅིག་འབྱུང་སྟེ། །གཅིག་གི་མཐའ་མ་ལྔ་རུ་ཟད།
།ལྔ་ཟད་མཐའ་མ་བཞི་ལ་དྲོངས། །བཞི་ཡི་མཐའ་མ་བརྒྱད་དུ་ཟད། །བརྒྱད་ཟད་མཐའ་མ་བདུན་ལ་དྲོངས།
།བདུན་གྱི་མཐའ་མ་གཉིས་སུ་ཟད། །གཉིས་ཟད་མཐའ་མ་གཅིག་ལ་དྲོངས། །འཁོར་ཞིང་འཁོར་བ་མ་གཏོགས་པ།
།ལྷག་ཅིང་ཆད་པ་མི་སྲིད་དོ།། ༈ ཤིང་ཕོ་བྱི་བའི་བཞི་ལྗང་ནས། །ཆུ་མོ་ཕག་གི་བརྒྱད་དཀར་བར།
།དགྲ་ཟུར་གཉིས་གཉིས་སྨེ་བ་གཅིག །ས་ཕོ་བྱི་ནས་ས་ཕག་བར། །ལོ་བསྐོར་དབུས་མ་མ་གཏོགས་སོ།།
༈ ཤིང་བྱི་མེ་སྟག་ལ་སོགས་པའི། །དབང་ཐང་མ་བུའི་རིམ་གྱིས་འཁོར། །སྲོག་ལུས་དབང་ཐང་རླུང་རྟ་བཞི།
།སྲོག་ནི་གོང་གི་མཆེད་ལུགས་ཡིན།། ༈ སྟག་ཡོས་ཤིང་དང་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་དང་བྱི་ཕག་ཆུ།
།གླང་ལུག་ཁྱི་འབྲུག་ས་ཡིན་ནོ། །སྲོག་གི་མ་ནི་བླ་རུ་གྲགས།།
༈ དེ་ནས་ལུས་ཀྱི་ལྡེ་མིག་ནི། །ཤིང་བྱི་ཆུ་སྤྲེལ་ལྕགས་འབྲུག་ལྕགས། ། ཤིང་རྟ་ཆུ་སྟག་ལྕགས་ཁྱི་ལྕགས།
།རང་རང་ལྕགས་ནས་བྱེད་པ་ཡིན། །དེ་རྣམས་སོ་སོའི་མ་ཤིང་འཐུ། །བུ་ནི་ཆུ་འཁྱུ་དགྲ་ས་བརྐོ།
།གྲོགས་ནི་མེ་ཡི་ཕུང་པོར་འབུད། །ཁ་སྲོག་སུམ་ཅུ་ལུས་སུ་ཤེས།།
༈ ཤིང་བྱི་མེ་བྱི་ལ་སོགས་པའི། །འབྱུང་བའི་ཁ་དོག་དབང་ཐང་ཡིན། །དེ་ཡི་ལྡེ་མིག་བསྟན་པ་ནི།
།ཕོ་ལོ་གནམ་ལོར་ཤར་བའི་ཚེ། ། གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས།
།བརྒྱད་དགུ་བུ་རུ་ཤེས་པར་བྱ། །མོ་ལོ་གནམ་ལོར་ཤར་བའི་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ།
།ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་དང་བཅུ་ནི་བུ་ཡིན་ཏེ། །ལོ་རྒན་དྲུག་ཅུ་ཕོ་མོ་གཉིས། །སྦྲགས་མ་རེ་རེ་དབང་ཐང་གཅིག
།དེ་ཕྱིར་བུ་འདེད་སུམ་ཅུར་འགྱུར།།
༈ དེ་ནས་རླུང་རྟའི་ལྡེ་མིག་ནི། །སྟག་རྟ་ཁྱི་གསུམ་རླུང་རྟ་སྤྲེལ་ཏེ་ལྕགས། །བྱི་འབྲུག་སྤྲེལ་གསུམ་རླུང་རྟ་སྟག་སྟེ་ཤིང་།
།ཕག་ལུག་ཡོས་གསུམ་རླུང་རྟ་སྦྲུལ་ཏེ་མེ། །བྱ་གླང་སྦྲུལ་གསུམ་རླུང་རྟ་ཕག་སྟེ་ཆུ། །རྩ་བའི་ལོ་ནི་བཅུ་གཉིས་ལ།།
༈ གསུམ་ཚན་བཞི་རུ་དབྱེ་བ་ལས། །ར་བ་འབྲིང་པོ་ཐ་ཆུང་གསུམ། །ར་བ་བཞི་ནི་བརྩི་བ་ཡིན།
།རླུང་རྟ་མཐུན་པ་སྡེབས་པས་ན། །མཐུན་གསུམ་ཞེས་སུ་བཤད་པ་ཡིན། །འབྱུང་བ་ས་ཡི་རླུང་རྟ་མེད།
།དེ་ལྟར་སྲོག་ལུས་དབང་རླུང་སྟེང་། །རང་ཀླུང་སྐྱེས་པའི་སྨེ་བ་དང་། །མ་ཀླུང་སྐྱེས་པའི་སྤར་ཁ་བསྣན།
།དྲུག་དྲུག་དག་ཏུ་བརྩི་བའང་ཡོད། །བཞི་ཚན་གསུམ་དུ་དབྱེ་བ་ལས། །སྟག་དང་སྤྲེའུ་ཕག་དང་སྦྲུལ།
།ར་བ་བཞི་ཞེས་དེ་ལ་བྱ། །གཉིས་ནག་ལྔ་སེར་བརྒྱད་དཀར་གསུམ། །ར་བ་བཞི་ཡི་སྐྱེས་སྨེ་ཡིན།
།བྱི་རྟ་བྱ་དང་ཡོས་བུ་བཞི། །འབྲིང་པོ་བཞི་ཞེས་དེ་ལ་བྱ། །གཅིག་དཀར་བཞི་ལྗང་བདུན་དམར་གསུམ།
།འབྲིང་པོ་བཞི་ཡི་སྐྱེས་སྨེ་ཡིན། །གླང་དང་ལུག་དང་ཁྱི་དང་འབྲུག །ཐ་ཆུང་བཞི་ཞེས་དེ་ལ་བྱ།
།གསུམ་མཐིང་དྲུག་དཀར་དགུ་དམར་གསུམ། །ཐ་ཆུང་བཞི་ཡི་སྐྱེས་སྨེ་ཡིན། །སྐྱེས་སྨེ་གསུམ་པོ་རང་རང་གི།
།སྲོག་ལུས་དབང་ཐང་སྨེ་བ་ཡིན། །གང་ལ་སྐྱེས་པའི་ཁ་དམར་གདགས།།
༈ གཅིག་པ་རང་སྐེག་གཉིས་པ་ནད་འབྲེལ་ཏེ། །གསུམ་པ་བྱེ་བྲལ་བཞི་པ་བཞི་གཤེད་ཡིན། །ལྔ་པ་ལྔ་མཐུན་དྲུག་པ་དྲུག་འགྲས་ཏེ།
། བདུན་པ་བདུན་ཟུར་ཤེས་པར་བྱ།།
༈ ཁ་ཡན་ལོ་ལྔ་བསྟན་པ་ནི། །སྲོག་དང་དབང་ཐང་གཅིག་པ་ལ། །ཁ་ཡན་ལོ་ཞེས་བཤད་པ་ཡིན། །དཔེར་ན་ཤིང་སྟག་ཡོས་ལ་སོགས།།
༈ སྲོག་གི་བུ་རུ་དབང་ཐང་སོང་། །ཁ་རལ་ཞེས་སུ་བཤད་པ་ཡིན། །དཔེར་ན་ས་ཕོ་སྟག་ལ་སོགས།།
༈ སྲོག་གི་དགྲ་རུ་དབང་ཐང་སོང་། །མདུན་ཁུར་ཞེས་སུ་བཤད་པ་ཡིན། །དཔེར་ན་ལྕགས་སྟག་ཡོས་ལྟ་བུ།། ༈ ལོ་བསྐོར་དྲུག་ཅུ་ཐམ་པ་ལ། །ཁ་ཡན་ལོ་ནི་བཅུ་གཉིས་ཡོད།
།ཆུ་ཕོ་བྱི་བ་ལྟ་བུའོ།། ༈ ཁོང་ནོང་ལོ་ནི་བཅུ་གཉིས་ཡོད།
།ལྕགས་ཕོ་བྱི་བ་ལྟ་བུའོ།། ༈ སེ་ཞིག་ལོ་ནི་བཅུ་གཉིས་ཡོད།
།ཤིང་ཕོ་བྱི་བ་ལྟ་བུའོ།། ༈ ཁ་རལ་ལོ་ནི་བཅུ་གཉིས་ཡོད། །མེ་ཕོ་བྱི་བ་ལྟ་བུ་འོ།།
༈ མདུན་ཁུར་ལོ་ནི་བཅུ་གཉིས་ཡོད། །ས་ཕོ་བྱི་བ་ལྟ་བུ་འོ། །རང་རང་སྲོག་དང་དབང་ཐང་འཐབ།
།གནམ་ལོ་དག་དང་འཐབ་པ་མིན། །ཁ་དམར་འགྲེལ་པ་བཞིན་དུ་གདགས།།
༈ མེ་དང་ཆུ་ཡི་སྟག་སྦྲུལ་དང་། །ཤིང་ལྕགས་མེ་སྤྲེལ་མེ་ལྕགས་བྱ། །ལྕགས་ཆུ་ཤིང་ཕག་མེའི་བྱི་བ།
།དེ་རྣམས་ནག་འཐུས་ལོ་རུ་གྲགས།། ༈ མེ་ཡི་སྟག་ཡོས་འབྲུག་སྦྲུལ་དང་།
།རྟ་ལུག་བྱ་སྤྲེལ་མེ་བརྒྱད་དོ།། ༈ ལྕགས་ཀྱི་ཁྱི་ཕག་བྱི་གླང་རྣམས།
།ལོ་ངན་ལྕགས་བཞིའི་ལོ་ཡིན་ལ།། ༈ ལྕགས་ཀྱི་བྱ་ཁྱི་ས་གླང་འབྲུག
།མེ་སྤྲེལ་ཆུ་སྦྲུལ་སྐར་ཆུང་དྲུག། ༈ མེ་ཆུའི་སྟག་དང་ལྕགས་ཆུ་སྦྲུལ། །ཆུ་ཤིང་སྤྲེའུ་ཤིང་ཕག་རྣམས།།
གདུག་པ་ཅན་གྱི་ལོ་བདུན་ནོ།། ༈ མེ་སྦྲུལ་ཆུ་ཡི་བྱ་ཕག་དང་། །ཤིང་བྱ་ལྕགས་ཀྱི་ཕག་ལུག་སྟེ།
།ས་བྱ་བདུན་ནི་ལྟས་ངན་ལོ།། ༈ ས་འབྲུག་ལྕགས་ལུག་ས་སྤྲེལ་དང་། །ལྕགས་བྱ་ལྕགས་ཁྱི་མེ་མོ་ཕག
། མེ་གླང་ཐན་པ་ལོ་བདུན་ནོ།། ༈ མེ་རྟ་ཆུ་བྱིའི་ལོ་གཉིས་ལ། །གནམ་སའི་བྱ་ར་ཞེས་སུ་གྲགས།།
༈ ལྕགས་བྱི་ནས་བཟུང་ལྕགས་ཕག་བར། །ཐན་སྐྱེས་ལོ་ནི་བཅུ་གཉིས་སོ།། ༈ ལྕགས་གླང་ཤིང་ལུག་མེ་ཁྱི་དང་། །ཆུ་འབྲུག་དུར་མིག་ནག་པོ་བཞི།། ༈ ཆུ་ཡི་སྟག་སྦྲུལ་ལྕགས་སྤྲེལ་གསུམ། །ལྡིང་ནག་བུ་གསུམ་བྱ་བ་ཡིན།།
༈ སྨེ་བ་གཉིས་ནག་ལ་སྐྱེས་པའི། །སྟག་སྤྲེལ་ཕག་སྦྲུལ་ལོ་བཞི་ལ། །ལོ་ནག་ཆེ་བ་ཅན་དུ་གྲགས།།
༈ ཆུ་ཡི་བྱི་རྟ་བྱ་ཡོས་བཞི། །ས་ཡི་ཕག་འབྲུག་བྱ་དང་ཡོས། །མེ་འབྲུག་མེ་བྱ་ཆུ་གླང་རྣམས།
།སྲིན་ཁྱེར་ལོ་ནི་བཅུ་གཉིས་ཡིན།། ༈ མེ་རྟ་ཆུ་བྱ་ཤིང་ཡོས་དང་། །ལྕགས་བྱ་ཐེར་འདྲེ་མེ་བཞི་ཡིན།། ༈ སྨེ་ཕྲེང་དང་པོའི་ཤིང་གླང་དང་། །བར་པའི་ས་སྦྲུལ་ཤིང་ཕོ་ཁྱི།
།འོག་མའི་ཆུ་ལུག་སའི་བྱི་ཕག །ཤིང་ལུག་ལྕགས་བྱི་རྣམ་པ་བརྒྱད། །འབྱུང་བ་ལྔ་ལྡན་ལོ་ཡིན་ནོ།།
༈ སྨེ་ཕྲེང་དང་པོའི་མེ་ཡོས་དང་། །ཆུ་བྱ་ས་ལུག་ལྕགས་སྤྲེལ་བཞི།
།བར་པའི་ཆུ་སྦྲུལ་འོག་མ་ཡི། །མེ་ཡོས་ལྕགས་སྟག་ལྕགས་ཁྱི་གཉིས། །ཆུ་ཡི་བྱི་ཕག་བཅུ་པོ་ནི།
།འབྱུང་བ་གཉིས་ལྡན་ལོ་ཡིན་ནོ།། ༈ ལྕགས་སྤྲེལ་ལྕགས་ཕག་མེ་འབྲུག་སྦྲུལ།
།ས་ལུག་ལྕགས་ཁྱི་ཤིང་སྦྲུལ་དང་། །མེ་བྱ་ཡུགས་སའི་ལོ་བརྒྱད་དོ།། ༈ ཤིང་སྟག་ལྕགས་སྤྲེལ་མེ་ཕོ་སྟག
།ཆུ་ཡི་སྟག་སྦྲུལ་ཕག་སྤྲེལ་བཞི། །ས་ཁྱི་དྭ་ཕྲུག་ལོ་བརྒྱད་ཡིན།། ༈ ཐ་ཆུང་ལོ་བཞི་རྭ་རུ་དང་། །ར་བ་བཞི་ནི་བསེ་རུ་སྟེ།
།འབྲིང་པོ་བཞི་ལ་འཆོལ་བུར་གྲགས།།
༈ འབྱུང་བ་རྣམ་པ་ལྔ་པོ་ལས། །ཁམས་ལྔའི་བརྩི་ལུགས་བསྟན་པ་ནི། །ཀེག་ཤིང་ཇི་མེ་ཤང་ལྕགས་དང་།
།འུ་ཆུ་ཀུང་ས་ལྔ་རུ་བསྡུས། །རུས་ཁམས་གང་དང་མཐུན་པར་སྦྱར།། ༈ དེ་དག་སོ་སོའི་ངོས་འཛིན་ཀྱང་།
།སྐད་འགགས་གྲེ་བ་འདར་ཀེག་ཤིང་། །སོ་བར་སྒྲ་འདོན་ཇི་མེ་སྟེ། །སྟེ་ཁུང་དབུགས་སྡུད་ཀུང་ས་དང་།
།ཁ་གདངས་ལྕེ་འཕྱར་སྣ་ནས་དབུགས། འོང་བ་དེ་ནི་ཤང་ལྕགས་ཁམས། །མཆུ་སྡུད་མཆུ་འཛུམ་འུ་ཆུར་བཤད།།
༈ ལོ་དང་སྦྱར་བའི་མཐུན་སྡེབས་ནི། །འུ་དང་སྦྱར་བའི་ཆུ་ཁམས་ལ།
།བྱི་ཕག་བྱུང་ན་དབང་ལོ་ཡིན། །འབྲུག་བྱུང་འཆད་ཆེན་གཙོ་བོའི་ལོ། །ཁྱི་ནི་འཆད་ཆུང་སྣང་མའི་ལོ།
།བྱ་སྤྲེལ་གཉིས་ནི་མ་ལོ་ཡིན། །སྟག་ཡོས་གཉིས་ནི་བུ་ལོ་ཡིན། །རྟ་སྦྲུལ་གཉིས་ནི་གྲོགས་ལོ་ཡིན།
།གླང་ལུག་གཉིས་ནི་དགྲ་ལོ་ཡིན། །དབང་གཟའ་ཟླ་ལྷག་དབང་སྐར་ནི། །བྱང་ཕྱོགས་ཆུ་སྐར་དྲུག་པོ་ཡིན།
།རུས་ཆེན་ལྷག་མ་བཞི་པོ་ཡང་། །དེ་ཡིས་བསྒྲེས་པས་ཤེས་པར་བྱ། །འབྱུང་བ་མ་བུ་དགྲ་གྲོགས་བརྩི།
།མ་ལྔ་བུ་ལྔ་བྱ་བར་ཤེས། །མེ་དུར་ཁྱི་ལ་ལྕགས་དུར་གླང་། །ཤིང་དུར་ལུག་ལ་ས་ཆུ་འབྲུག །ཐ་ཆུང་བཞི་ལ་དུར་ཞེས་བྱ།
།དུར་ཞུགས་གང་ཡིན་འཆད་ཆེན་ཡིན། །དེ་ཡི་བདུན་ཟུར་འཆད་ཆུང་ཡིན། །ལྕགས་དཔྱིད་མེ་དགུན་ཤིང་སྟོན་དང་།
།ས་ཆུ་གཉིས་པོ་དབྱར་ནས་བརྩི། །ར་བ་བཞི་ནི་བརྩི་བ་ཡིན།། ར་བ་འབྲིང་པོ་ཐ་ཆུང་གསུམ། །དཔྱིད་དང་དབྱར་དང་སྟོན་དང་དགུན།
།ཀུན་ལ་གསུམ་གསུམ་སྦྱར་བ་ཡིས། །བཅུ་གཉིས་དག་ཏུ་ཤེས་པར་བྱ། །ཁམས་དང་ལོ་གཉིས་སྦྱར་བ་ཡི།
།ཁ་དམར་འགྲེལ་པར་ཤེས་པར་བྱ། །དེ་རྣམས་ཕལ་ཆེར་སྔ་རྟགས་ཡིན།།
༈ ལོ་གཅིག་སྐེག་རྩིས་བསྐོར་འགོ་ནི། །གནམ་ལོ་གང་ཤར་རྡེའུ་བཞག །གང་ལ་ཤར་བའི་ལོ་ངོས་བཟུང་།
།སྐྱེས་པའི་ལུས་རྡེལ་དཀར་པོ་ལ། །བུད་མེད་ལུས་རྡེལ་ནག་པོ་བོར།
།ཕོ་མོ་མི་ནོར་ངོས་འཛིན་ཡིན། །སྲོག་ལུས་དབང་ཐང་རླུང་རྟ་བཞི། །གནམ་ལོ་དག་དང་འཐབ་ཏུ་གསོལ།
།ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ཡིན་ས་མ་མེ།
།མེ་ཡི་མ་ནི་ཤིང་ཡིན་ནོ།། ༈ ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ།།
༈ ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས།
།ས་ཡི་དགྲ་ནི་ཤིང་ཡིན་ནོ།། ༈ ཤིང་གྲོགས་ས་ལ་ས་གྲོགས་ཆུ། །ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས།
།ལྕགས་ཀྱི་གྲོགས་ནི་ཤིང་ཡིན་ནོ། །གཡས་སུ་བསྐོར་བས་མ་རུ་བྱུང་། །མ་ཡི་མ་འདེད་དགྲ་རུ་བྱུང་།
།གཡོན་དུ་བསྐོར་བས་བུ་རུ་བྱུང་། །བུ་ཡི་བུ་འདེད་གྲོགས་སུ་བྱུང་། །དེ་ལྟར་མ་བུ་དགྲ་གྲོགས་འཐབ།
།མ་དང་འཕྲད་ན་དཀར་པོ་གསུམ། །བུ་དང་འཕྲད་ན་དཀར་ནག་གཉིས། །གྲོགས་དང་འཕྲད་ན་དཀར་པོ་གཉིས།
།སྟོང་ན་དཀར་ནག་ཟུང་རེའོ། །དགྲ་དར་ནག་པོ་གཉིས་སུ་བཞག །ས་ཆུ་ནང་འཕྲད་དཀར་པོ་རེ། །ཤིང་ལྕགས་མེ་གསུམ་ནག་པོ་འོ།
།ཁ་དམར་འགྲེལ་པ་བཞིན་དུ་གདགས།།
༈ དེ་ནས་སྤར་ཁའི་བསྐོར་འགོ་ནི། །སྐྱེས་པ་ལི་ནས་ཁོན་ཕྱོགས་བསྐོར། །བུད་མེད་ཁམ་ནས་ཁེན་ཕྱོགས་བསྐོར།
།སྤར་ཁ་རེ་ལ་ལོ་གྲངས་རེ། །སྤར་ཁ་ཟུར་བཞི་བཅུ་ཚན་རེ། །བཅུ་ཁ་མ་ལོང་རེ་རེ་བརྩི། །སྤར་ཁ་བཟང་བཞི་ངན་བཞི་སྟེ།
།བརྒྱད་བསྐོར་དག་ཏུ་ཤེས་པར་བྱ།། ༈ དང་པོ་བཟང་བཞིའི་འདི་ལྟ་སྟེ།
།མེ་ཡིས་ཆུ་བསྐོལ་སྨན་དུ་ཆེ། །གནམ་ནས་ས་བལྟས་སྨན་དུ་ཆེ། ། ལྕགས་ཀྱིས་རི་བསྐོལ་སྨན་དུ་ཆེ།
།རླུང་གིས་ཤིང་བསྐྱེད་སྨན་དུ་ཆེ། ། གནམ་སྨན་འགོ་བ་རབ་ཀྱི་རབ།། ༈ ཤིང་གིས་མེ་སྤར་རླུང་གིས་ཆུ་ཡང་བཏོན། །གནམ་ནས་ལྕགས་རྙེད་ས་ལ་རི་ཡང་ཚུགས།
།སྲོག་འཚོ་བ་ནི་རབ་ཀྱི་འབྲིང་།། ༈ རླུང་གིས་མེ་བུས་ས་ལས་ལྕགས་བསྐྱེད་ཅིང་། །རི་ཡིས་གནམ་སྙེགས་ཆུ་ཡིས་ཤིང་ཡང་བསྐྱེད།
།དཔལ་བསྐྱེད་པ་ནི་རབ་ཀྱི་ཐ།། ༈ ཕྱྭ་ལོན་རང་རང་ཕྱོགས་ནས་བྱེད།
།རབ་ཐ་ཡིན་ཏེ་བཟང་བཞི་འོ། །ཕྱེ་ན་ལྕགས་མེ་གནམ་རི་བཞི། །ཕྱྭ་ལོན་འབྲིང་རབ་ས་ཆུ་དང་།
།ཤིང་རླུང་ཕྱྭ་གཡང་འབྲིང་གི་འབྲིང་།། ༈ མེ་རེ་རླུང་གནམ་ལྕགས་ཆུ་དང་།
།ཤིང་ས་གནོད་པ་ཡོད་པ་འོ། །དེ་ནི་འབྲིང་གི་ཐ་མ་ཡིན།། ༈ ལྕགས་ལས་མེ་འབར་ས་ལས་རླུང་ཡང་འཚུབ། །གནམ་དུ་ཤིང་སྙེགས་རི་ལ་ཆུ་ཡང་བྲུབ།
།འདྲེ་ལྔ་སྡོད་པའི་རིམ་པའོ།། ༈ ལི་ཁེན་འགྲས་ཤིང་རྡོ་ཟིན་འགྲས།
།ཁོན་ཁམ་འགྲས་ཤིང་གིན་ཟོན་འགྲས། །དེ་རྣམས་བདུད་གཅོད་ཕན་ཚུན་གནས།། ༈ ཕ་ཡིས་ཆུ་བཅུས་མ་ཡིས་མེ་ཡང་འབུད། །སྨྱོན་མེད་འཇོར་ཐོགས་སྒོམ་ཆེན་ཤིང་ཡང་སྒྲུབ།
།ལུས་ཆད་ཡིན་ཏེ་ངན་བཞི་འོ།། ༈ འདྲེ་ལྔ་བདུད་གཅོད་ལུས་ཆད་གསུམ། །ངན་བཞིའི་རབ་འབྲིང་ཐ་གསུམ་ཡིན།།
༈ རྭ་རུ་ཕྱོགས་བཞི་བསེ་རུ་མཚམས།། ༈ ཕོ་མོའི་དབྱེ་བ་དྭ་ཁེན་ཁམ། །གིན་བཞི་ཕོ་ལ་ཁོན་ལི་ཟོན།
།ཟིན་བཞི་མོ་ཡི་སྤར་ཁ་ཡིན། །ལི་ཁམ་དྭ་ཟིན་ལྟ་མིག་བཞི། །ཁེན་ཁོན་གིན་ཟོན་རྡུང་རྭ་བཞི།།
༈ལི་ཁམ་གིན་ཟོན་བན་བཞི་ཡིན། །ཁེན་ཁོན་དྭ་ཟིན་བོན་བཞི་འོ།།
༈ ཕོ་ལི་མོ་ཁམ་ལ་བབས་ན། །ནང་གི་རོ་འདོད་དགུ་མིག་གྲགས།། ༈ ཁེན་ལ་གནམ་སྒོ་ཁོན་ས་སྒོ།།
༈ དེ་ནི་སྤྱི་ཡིན་བྱེ་བྲག་ནི། །བརྩི་བྱའི་སྲོག་གི་མར་གྱུར་པའི། །སྤར་ཁ་ལ་བབས་གནམ་སྒོ་སྟེ།
།བུ་ནི་ས་སྒོ་དགྲ་གཤེད་སྒོ། །བྱིས་པའི་སྐྱེས་སྤར་མ་ཀླུང་སྟེ། །དེ་ཉིད་བདེ་བླག་འཚོལ་འདོད་ན།
།མ་ལོ་སྟེང་ནས་བུ་ཡི་ལོས། །ཕྲི་ལྷག་སྟེང་དུ་གཅིག་བསྣན་པའི། །གྲངས་དེར་མ་ཡི་སྤར་ཁ་བསྐོར།
།མ་དེ་གར་བབས་སྤར་ཁ་དེ། །བུ་དེ་སྐྱེས་པའི་སྤར་ཁ་ཡིན།།
༈ སྟག་རྟ་ཁྱི་གསུམ་ལི་ཡིས་ཚེས། །བྱི་འབྲུག་སྤྲེལ་གསུམ་ཁམ་གྱིས་ཚེས། །བྱ་གླང་སྦྲུལ་གསུམ་དྭ་ཡིས་ཚེས།
།ཕག་ལུག་ཡོས་གསུམ་ཟིན་གྱིས་ཚེས། །རིམ་བཞིན་འདེད་པས་ཚེས་ལ་འཆར། །གང་ཚེས་ཉིན་མཚན་ཐོག་མ་ནས།
།ཉིན་བརྒྱད་མཚན་བརྒྱད་དུས་ལ་འཆར། ། ཕྱོགས་དང་གོས་དང་བཟང་ངན་དང་། །ནོར་དང་བསྲུང་སྡོམ་ལ་སོགས་ཀུན།
།སོ་སོའི་ཁ་དམར་འགྲེལ་པར་ལྟོས།།
༈ དེ་ནས་སྨེ་བའི་བསྐོར་འགོ་ནི། །གཅིག་དཀར་གཉིས་ནག་གསུམ་མཐིང་དང་། །བཞི་ལྗང་ལྔ་སེར་དྲུག་དཀར་དང་།
།བདུན་དམར་བརྒྱད་དཀར་དགུ་དམར་ཏེ། ། ལྷ་བདུད་བསེན་མོ་ཀླུ་ས་བདག །རྒྱལ་བཙན་ལྷ་དང་མ་མོ་ཡི།
།མེ་ལོང་ཞེས་བྱ་རིམ་བཞིན་སྦྱར།།
༈ སྐྱེས་སྨེ་བདེ་བླག་འཚོལ་འདོད་ན། །གནམ་ལོའི་སྨེ་བ་དབུས་བཞག་ནས། །བྱ་འཕུར་ཁོ་ནས་སྨེ་བ་རེར།
།བཅུ་ཚན་རེ་རེ་བགྲང་བྱ་ཞིང་། །བཅུ་ཁ་མ་ལོངས་རེ་རེ་བརྩི།། ༈ ཡང་ན་དབུས་འཚོག་ལོ་ལོངས་དང་།
།ད་ལྟའི་གནམ་ལོའི་སྨེ་བ་སྤྲད། །དེ་ནས་དབུས་འཚོག་མ་ལོངས་པའི། །ལོ་གྲངས་གནམ་ལོའི་སྨེ་བ་ནས།
།བཟུང་སྟེ་ལུགས་འབྱུང་བགྲངས་པའི་གྲངས། །གང་བབས་སྐྱེས་སྨེར་ཐེ་ཚོམ་མེད།། ༈ གང་ལ་སྐྱེས་པ་དབུས་བཟུང་ནས།
།བསྐོར་སྨེ་དབུས་ནས་ཤར་དུ་ཐོན། །ཕོ་ལོ་གཡོན་བསྐོར་མོ་ལོ་གཡས། །གར་བབས་སྨེ་བཟུང་རྡེའུ་བཞག།
༈ སྨེ་བའི་བྱ་འཕུར་བསྟན་པ་ནི། །དབུས་ནས་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་ལ་འཁོར།
།རླུང་ནས་སླར་ཡང་ནང་དུ་འཇུག། ༈ སྨེ་བ་རེ་ལ་བཅུ་ཚན་རེ། །བཅུ་ཁ་མ་ལོངས་རེ་རེ་བརྩི། །གཅིག་བཅུ་བཅུ་དགུ་ཉི་ཤུ་བརྒྱད།
།སུམ་ཅུ་བདུན་དང་བཞི་བཅུ་དྲུག །ལྔ་བཅུ་ལྔ་དང་དྲུག་ཅུ་བཞི། །བདུན་ཅུ་གསུམ་དང་གྱ་གཉིས་དང་།
།གོ་གཅིག་རྣམས་ལ་དབུས་སུ་འཚོག།
༈ དེ་ཡང་ཡར་བཞི་སྲོག་སྨེ་སྟེ། །མར་བཞི་དབང་སྨེ་གང་སྐྱེས་ལུས། །མཐུན་གསུམ་རླུང་རྟའི་སྲོག་སྨེར་སྦྱར།
།དཔེར་ན་བརྩི་བྱ་ཤིང་བྱི་ཡི། །ལུས་སྨེ་བདུན་དམར་ལ་བབས་དུས། །ཡར་བཞི་བཞི་ལྗང་སྲོག་སྨེ་དང་།
།མར་བཞི་གཅིག་དཀར་དབང་སྨེ་སྟེ། །ཀླུང་སྨེ་ཤིང་སྟག་སྲོག་གི་སྨེ། །ལྔ་སེར་ཉིད་དང་སྦྱར་བ་གཅེས།།
༈ སྨེ་བའི་བཟང་བཞི་ངན་བཞིའི་སྐབས། །སྐྱེས་པ་ལྔ་སྨེ་གཉིས་གནག་དང་། །བུད་མེད་ལྔ་སྨེ་བདུན་ལ་བརྩི།།
༈ མེ་ལྕགས་ཆུ་གསུམ་རྭ་རུ་དང་། །ས་ཤིང་གཉིས་པོ་བསེ་རུ་ཡིན།། ༈ ནག་མཐིང་དམར་གཉིས་སྟེང་བབས་ན།
།བར་གྱི་རོ་འདོད་ཅེས་སུ་བཤད།། ༈ གཅིག་དཀར་ལ་སོགས་རིམ་པ་བཞིན། །བྱིས་པ་སྐྱེས་དར་ཤར་པོ་དང་།
།ཡུགས་ས་བན་བོན་བུད་མེད་དང་། །ཞང་བློན་དང་ནི་བཙད་པོ་ལ། །གཉན་པས་གཉིས་ནག་ཅེས་སུ་བཏགས།།
༈ གནམ་སྒོ་ཕོའི་དྲུག་མོའི་གཅིག་དཀར། །ས་སྒོ་ཕོའི་གཉིས་མོའི་བཞི་ལྗང་།།
༈ ར་བ་བཞི་པོ་གཅིག་དཀར་ཚེས། །འབྲིང་པོ་བཞི་ལ་བཞི་ལྗང་ཚེས། །ཐ་ཆུང་བཞི་ལ་བདུན་དམར་ཚེས།
།རིམ་པར་འདེད་པས་ཚེས་ལ་འཁོར།། ༈ ཉིན་མཚན་དུས་གཉིས་ཐོག་མ་ལ། །ཚེས་སྨེ་སྦྱར་ནས་འདེད་པ་ཡིས།
།ཉིན་དགུ་མཚན་དགུ་དུས་ལ་འཆར། །ཁ་དམར་སྨེ་བའི་འགྲེལ་པར་གཅེས། །སྤར་ཁ་མི་ཡི་ཕོ་མོ་དང་།
།སྨེ་བ་ལོ་ཡི་ཕོ་མོ་གཉིས། །དེ་ཕྱིར་སྤར་ཁ་སྨེ་མི་མཚུངས།། ༈ གནམ་ལོ་མཐུན་གསུམ་ལི་ཁམ་ཐོག
།དེ་ཡི་བདུན་ཟུར་དྭ་ཟིན་ཐོག། སྤྱིར་ན་གནམ་ལོ་ཕོ་མོ་གཉིས། །ཕོ་རྣམས་ཤར་ན་མོ་རྣམས་ཡ།
།མོ་རྣམས་ཤར་ན་ཕོ་རྣམས་ཡ། །ཕོ་དྲུག་གནམ་ཤར་མོ་དྲུག་ཟུར། །མོ་དྲུག་གནམ་ཤར་ཕོ་དྲུག་ཟུར།།
༈ ཟླ་བའི་བརྩི་ལུགས་བསྟན་པ་ནི།། སྔགས་རྒྱུད་སྨན་དཔྱད་གཙུག་ལག་དང་། །དུས་འཁོར་གདན་བཞི་ལ་སོགས་པའི།
།མི་མཐུན་བྱེ་བྲག་མང་ཡོད་ཀྱང་། །འདི་ནི་རྒྱ་ནག་རྩིས་ཀྱི་ལུགས། །མི་འགྱུར་བ་ཡི་གཟེར་ཆེན་ཡིན།
།དགུན་ཉི་ལྡོག་པའི་ཟླ་བ་དེ། །ཧོར་གྱི་ཟླ་བ་བཅུ་གཅིག་པ། །དཔྱིད་ཟླ་ར་བ་སྟག་ཏུ་འདོད།།
ལོ་གསར་ཚེས་པ་གཅིག་ནས་ཟིན། །མགོ་ལ་ཉ་ན་ཟླ་་བཤོལ་མེད། །གཟའ་ནི་སྤེན་པ་དར་བས་ཚེས། །དབྱར་ཉི་ལྡོག་པའི་ཟླ་བ་དེ། །ཧོར་ལུགས་ཟླ་བ་ལྔ་པ་ཡིན།
།སྟོན་ཟླ་ར་བ་སྤྲེའུར་འདོད། །སྣྲུབས་ལ་ཉ་ན་ཟླ་བཤོལ་མེད། །གཟའ་ནི་མིག་དམར་དར་བས་ཚེས།
།དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །འབྲིང་པོ་ཡོས་ལ་ཐ་ཆུང་འབྲུག །དབྱར་ཟླ་ར་བ་སྦྲུལ་ཡིན་ཏེ།
།འབྲིང་པོ་རྟ་ལ་ཐ་ཆུང་ལུག །སྟོན་ཟླ་ར་བ་སྤྲེའུ་སྟེ། །འབྲིང་པོ་བྱ་ལ་ཐ་ཆུང་ཁྱི། །དགུན་ཟླ་ར་བ་ཕག་ཡིན་ཏེ།
།འབྲིང་པོ་བྱི་ལ་ཐ་ཆུང་གླང་།།
༈ ཚེས་གྲངས་ཟླ་བ་གཅིག་ལ་ནི། །ཞག་པོ་སུམ་ཅུ་ཐམ་པ་ཡོད། །ཕོ་དྲུག་ཟླ་བ་སྟག་གིས་ཚེས།
།མོ་ཟླ་དྲུག་པོ་སྤྲེའུས་ཚེས། །ཚེས་གཅིག་བཅུ་གསུམ་ཉེར་ལྔ་ལ། །གང་ཚེས་དེ་ཡི་ཉི་མ་འཆར།
།ཕོ་ཟླ་འབྲུག་ཉ་སྟོང་ལ་ལུག །མོ་ཟླ་ཁྱིས་ཉ་སྟོང་ལ་གླང་། །ཞག་རེ་ལོ་འགྲོས་རེ་རེ་བཞིན།
།རིམ་པར་སྦྱར་བས་ཆད་ལྷག་མེད། །དུས་ཚོད་ཞག་པོ་རེ་རེ་བཞིན། །ཉིན་དྲུག་མཚན་དྲུག་རྣམ་པར་བཞག
།ནམ་ལངས་ཡོས་དང་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་དང་ཉིན་ཕྱེད་རྟ། །ཕྱེད་ཡོས་ལུག་དང་ཉི་མྱུར་སྤྲེལ།
།ཉི་ནུབ་བྱ་དང་ས་སྲོས་ཁྱི། །སྲོད་འཁོར་ཕག་དང་ནམ་ཕྱེད་བྱི། །ཕྱེད་ཡོལ་གླང་དང་ཐོ་རངས་སྟག
།ལོ་ཟླ་ཞག་དུས་དེ་དག་གི །དབང་ཐང་ལོ་ཟླ་གཉིས་སྦྲགས་དང་། །ཞག་དང་དུས་ཚོད་རྐྱང་པར་འདེད།
།གནམ་ལོ་མ་ལ་ཟླ་བ་བུ། །ཞག་ནི་མ་ལ་དུས་ཚོད་བུ།།
༈ ཟླ་ཞག་དུས་ཀྱི་དབང་ཐང་རྣམས། །བདེ་བླག་བརྟག་པའི་མན་ངག་ནི། །གནམ་ལོའི་དབང་ཐང་གང་ཡིན་དེའི།
།སྟག་ཡོས་བྱི་གླང་བུ་ཡིན་ལ། །འབྲུག་སྦྲུལ་གྲོགས་ལ་རྟ་ལུག་དགྲ། །བྱ་སྤྲེལ་མ་ལ་ཁྱི་ཕག་རང་།།
༈ ཟླ་བ་དེ་ཉིད་གཞིར་བྱས་ཏེ། །ཟླ་རེའི་ཞག་པོ་སུམ་ཚན་བཅུའི། །གཅིག་དྲུག་བུ་ལ་གཉིས་བདུན་གྲོགས།
།གསུམ་བརྒྱད་དགྲ་ལ་བཞི་དགུ་མ། །ལྔ་བཅུ་རང་ཡིན་ཞག་དེ་ཡི། །དུས་ཚོད་ཡོས་སྤྲེ་གླང་གསུམ་བུ།
།འབྲུག་བྱ་སྟག་གསུམ་གྲོགས་ཡིན་ཏེ། །སྦྲུལ་ཁྱི་དགྲ་ལ་རྟ་ཕག་མ། །ལུག་དང་བྱི་བ་རང་ཡིན་ནོ།
།དེ་དག་རྣམས་ཀྱི་སྲོག་ལུས་དང་། །རླུང་རྟ་གསུམ་པོ་ལོ་བཞིན་བརྩི།།
༈ རུས་སྦལ་མཆེ་བརྒྱད་ལས་བྱུང་བའི།། གཟའ་རྩིས་བསྟན་པ་འདི་ལྟ་སྟེ། །སྟག་རྟ་ཁྱི་གསུམ་སྤེན་པ་དར་བས་ཚེས།
།བྱི་འབྲུག་སྤྲེལ་གསུམ་མིག་དམར་དར་བས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བ་དར་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུ་དར་བས་ཚེས།
།གང་ཚེས་དེ་དར་བུ་ཡང་དར། །མ་ཞུད་དགྲ་གུད་གྲོགས་ནི་གྱོད། །ཉི་ཟླ་དམར་ལྷག་ཕུར་སངས་སྤེན།
།ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་རུ་འདོད། །ཕུར་བུ་ཤིང་ལ་སྤེན་པ་ས། །པ་ཝ་སངས་ནི་ལྕགས་ཡིན་ནོ།
།རཱ་ཧུ་སྤྱི་ཁྱབ་འབྱུང་ལྔ་ཚང་། །ཕྱོགས་ཀྱང་རང་རང་ཁམས་ལྟར་གནས། །དེ་ལྟར་དར་གུད་བརྩི་བར་བྱ།
།ཚེས་གཅིག་བརྒྱད་ཉ་ཉེར་གཉིས་དང་། །ཉི་ཤུ་དགུ་རྣམས་བདུན་བསྐོར་དུ། །འཁོར་ལོ་ལྟ་བུར་བར་མཚམས་མེད།།
༈ གཞན་ཡང་བཏགས་པའི་གཟའི་བྱེ་བྲག །ཕྱི་གཟའ་ནང་གཟའ་བར་གཟའ་གསུམ། །ཕྱི་གཟའ་ལོ་རྒན་དྲུག་ཅུ་ཡི།
།ས་ལྕགས་ལོ་རྣམས་སྤེན་པ་དང་། །ཤིང་ལོ་ཕུར་བུ་མེ་མིག་དམར། །ཆུ་ལོ་བཅུ་གཉིས་ལྷག་པའོ།།
འདི་ལ་དམར་ཆུང་སྟག་མགོ་ལས། །ཕུར་སྤེན་མགོ་ལྡོག་སྦྱར་བའང་ཡོད།། ༈ བར་གཟའ་ལོ་གྲོས་བཅུ་གཉིས་ཀྱི།
།བྱི་འབྲུག་སྤྲེལ་གསུམ་ལོ་མིག་དམར། །བྱ་གླང་སྦྲུལ་གསུམ་ཕུར་བུ་དང་། །སྟག་རྟ་ཁྱི་གསུམ་སྤེན་པ་སྟེ།
།ཕག་ལུག་ཡོས་གསུམ་ལྷག་པའོ།། ༈ ནང་གཟའ་སྤར་ཁ་བརྒྱད་ཡིན་ཏེ། །ལི་ཁམ་ཕོ་སྤེན་མོའི་མིག་དམར།
།དྭ་ཟིན་ཕོའི་དམར་མོའི་སྤེན་པ། །ཁེན་ཟོན་ཕོའི་ཕུར་མོའི་ལྷག་པ། །གིན་ཁོན་ཕོའི་ལྷག་མོའི་ཕུར་བུ།།
༈ རུས་སྦལ་སྒལ་ཚིགས་ཉེར་བརྒྱད་ལས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སྲིད། །སྨིན་དྲུག་སྣར་མ་མགོ་དང་ལག
།ནབས་སོ་རྒྱལ་ཤར་སྐག་ཤར་ལྷོ། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ལྷོ་སྐར་ས་ག་ནི། །ལྷོ་ནུབ་ཡིན་ཏེ་ལྷ་མཚམས་སྣྲོན།།
སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་ནུབ་སྐར་བྱི་བཞིན་ནི། །ནུབ་བྱང་མཚམས་ཀྱི་སྐར་མ་ཡིན།
།མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད།། ནམ་གྲུ་དབྱུ་གུ་བྱང་སྐར་ཏེ། །བྲ་ཉེ་བྱང་ཤར་མཚམས་སྐར་ཡིན།
།ཤར་སྐར་དྲུག་ཤིང་ལྷོ་སྐར་མེ། །ནུབ་ལྕགས་བྱང་ཆུ་མཚམས་སྐར་ས།
།སྐར་ཆུང་ཉི་ཤུ་རྩ་བདུན་ཡོད། །མགོ་ལག་བར་ན་སྐར་ཆུང་མེད། །དཔྱིད་ཟླ་ར་བ་ནས་བརྩམས་ཏེ།
།མགོ་རྒྱལ་མཆུ་དབོ་ནག་པ་དང་། །ས་ག་སྣྲོན་དང་ཆུ་སྟོད་དང་། །གྲོ་བཞིན་ཁྲུམས་དབྱུག་སྨིན་དྲུག་རྣམས།
།ཟླ་བ་བཅུ་གཉིས་ཉ་སྐར་ཏེ། །གང་ཉ་དར་བ་སྟོང་སྐར་གུད།།
༈ དར་གུད་རྣམ་པ་བཅུ་གཉིས་ནི། །དབུགས་ལེན་མངལ་གནས་ལུས་རྫོགས་གསུམ། །བཙས་པ་ཁྲུས་བྱེད་གོས་གྱོན་གསུམ།
།ལས་བྱེད་དར་བ་གུད་པ་གསུམ། །ན་བ་ཤི་བ་དུར་ཞུགས་གསུམ། །ར་བ་བཞི་ནས་བསྐོར་འགོ་བྱ། །ཤིང་སྟོན་མེ་དགུན་ལྕགས་དཔྱིད་དང་། །ས་ཆུ་གཉིས་ནི་དབྱར་དབུགས་བརྩི།
།ལོ་ཟླ་ཞག་དུས་བཞི་ཡི་སྟེང་། །སྐབས་དང་སྦྱར་ཏེ་བཞག་པར་བྱ། །དར་གུད་བཟང་ངན་དབྱེ་བ་ནི།
།ལས་བྱེད་དར་བ་བཟང་པོའི་རབ་༜། །ཁྲུས་བྱེད་གོས་གྱོན་བཟང་པོའི་འབྲིང་༛། །ལུས་རྫོཊ་བཙས་པ་བཟང་པོའི་ཐ ༚།། དབུགས་ལེན་མངལ་གནས་ངན་པའི་རབ༟། །གུད་པ་ན་བ་ངན་པའི་འབྲིང་༝། །ཤི་བ་དུར་ཞུགས་ངན་པའི་ཐ༞། །དེ་ལྟར་སྲོག་ལུས་དབང་རླུང་དང་། །རླུང་རྟ་བཞི་ལ་སྦྱར་ཏེ་བརྩི།། ༈ དེ་དག་རྣམས་ཀྱང་རིམ་པ་བཞིན།
།གཏེར་ཆེན་རྙེད་དང་རྒྱུན་རིང་བ། །བསམ་གྲུབ་གསོ་ཐུབ་བདེ་བ་ལྡན། །ལོངས་སྤྱོད་ཚེ་ཐོབ་སྐལ་ཟད་དང་། །བྱུར་ངན་ལྷུང་དང་བྱེ་བྲལ་དང་།
།ཕུང་གྱོད་གཡང་ཉམས་རྒྱུན་ཆད་ཅེས། །བཟང་དྲུག་ངན་དྲུག་ཉིད་དུ་ཤེས།།
༈ སྟག་ཡོས་ཟིན་དང་རྟ་སྦྲུལ་ལི། །བྱ་སྤྲེལ་དྭ་དང་ས་ཆུ་ཡི། །ལོ་དྲུག་ཁམ་ནས་དབུགས་བླངས་ཏེ།
།བསྐོར་བ་སྤར་ཁའི་དར་གུད་ཡིན།།
༈ ལོ་འགྲོས་ཆུང་བའི་བརྩི་ལུགས་ནི། །སྤྱིར་ན་ལོ་ལ་དཀྱུས་ལྡོག་གཉིས། །དཀྱུས་མ་ཤིང་བྱི་ཤིང་གླང་དང་།
།མེ་སྟག་ལ་སོགས་བུ་འདེད་ཀྱིས། །རིམ་བཞིན་ཆུ་ཕག་བར་དུ་སྦྱར། །ལྡོག་པ་ལོ་ཡི་བསྐོར་འགོ་ནི།
།སྐྱེས་པ་དང་ནི་བུད་མེད་གཉིས། །ཕོ་ལོ་མོ་ལོ་གང་ཡིན་ཀྱང་། །དབང་ཐང་ཤིང་ལ་དཔེར་མཚོན་ན།
།ཕོ་ནི་མེ་སྟག་ཡོས་ལ་བརྩི། །མོ་ནི་ཆུ་སྤྲེལ་ལུག་ལ་བརྩི། །ཕོ་ནི་སྤུབས་ལ་མོ་ནི་བཀན།
།གང་ལ་བབས་པའི་འགྲེལ་པར་བལྟ། །སྟག་ཡོས་འབྱོར་པ་ཡིན་པས་བཟང་། །ཁྱི་འབྲུག་གཉིས་ནི་གནམ་སྒོ་ཡིན།
།ཕག་སྦྲུལ་གཉིས་ནི་ས་སྒོ་ཡིན། །ཕོ་ཁྱི་གནམ་སྒོ་ཕག་ས་སྒོ། །མོ་གནམ་འབྲུག་ལ་ས་སྒོ་སྦྲུལ།
།གླང་ལུག་གཉིས་ནི་ཕུང་གྱོད་ལ། །བྱ་སྤྲེལ་གཉིས་ནི་བྱེ་བྲལ་ཡིན། །བྱི་རྟ་གཉིས་ནི་གསོ་ཐུབ་ཡིན།
།ཡར་ལྔ་བགྲངས་པ་འཇུ་ཐག་སྟེ། །མར་ལྔ་ས་ཡི་རྟེན་ཕུར་ཡིན། །ཡར་བརྒྱད་བགྲངས་པ་གནམ་བརྒྱངས་ལ།
།མར་བརྒྱད་བགྲངས་པ་ས་བརྒྱངས་ཡིན། །རང་གི་ལོག་མེན་སྲོག་དབང་གཉིས། །རང་ལོའི་སྲོག་དབང་གཉིས་ཀ་ཡི།
།དགྲ་རུ་གྱུར་ཚེ་ཕོ་ལོ་དང་། །མོ་ལོ་སོ་སོ་ཕན་ཚུན་དུ། །རང་བདུད་ཆད་ཅིང་གཞན་བླ་འཁྱམས།
།དཔེར་ན་ལོག་མེན་ཤིང་སྟག་ལ། །ས་ཁྱི་ས་འབྲུག་བདུད་གཅོད་དང་། །ས་ཡི་གླང་ལུག་བླ་འཁྱམས་མོ།
།དེ་བཞིན་ལོག་མེན་ཤིང་ཡོས་ཚེ། །ས་གླང་ས་ལུག་བདུད་ཆད་ཅིང་། །ས་ཡི་ཁྱི་འབྲུག་བླ་འཁྱམས་འགྱུར།
།དེ་ཡིས་ཀུན་ལ་བསྒྲེ་བར་བྱ། །ཤིང་གིས་ཕ་ཁུ་མེས་གསུམ་བརྩི། །མེ་ཡིས་བུ་ཚ་མ་མེས་བརྩི།
།ས་ཡིས་ས་ཞིང་ཡུལ་མཁར་བརྩི། །ལྕགས་ཀྱིས་ཞང་ཉེ་ནོར་དང་གྲོགས། །ལྷ་དང་སྲུང་མ་བརྩི་བར་བྱ།
།ཆུ་ཡིས་གཉེན་ལམ་མཐའ་བཞི་བརྩི། །དཔེར་ན་ཤིང་གི་ཁྱི་འབྲུག་བབས། །ཕ་ཁུའི་ས་རུ་གནམ་སྒོ་འབྱེད།
།མེ་ཡི་གླང་ལུག་ལོག་མེན་བབས། །བུ་ཚ་མ་སྨད་ཕུང་གྱོད་འབྱུང་། །ས་ཡི་བྱ་སྤྲེལ་ལ་བབས་ཚེ།
།ས་ཞིང་ཡུལ་མཁར་བྱེ་བྲལ་བྱེད། །དེ་ཡིས་བསྒྲེས་ཏེ་ཤེས་པར་བྱ།།
༈ ཡར་གྱི་བཞི་གཤེད་ན་རེས་དང་། །མར་གྱི་བཞི་གཤེད་འཆི་རེས་ཏེ། །དེ་ལ་ལོ་སྐར་ཆེ་ཆུང་ཟེར།
།དེ་ཡི་བདུན་ཟུར་སྐར་ཆུང་ཡིན། །དཔེར་ན་བྱི་བ་ལོ་པ་ཡི། །གནམ་ལོ་ཡོས་ཤར་སྐར་ཆེན་ཏེ། །བྱ་ཤར་སྐར་ཆུང་གཞན་དུ་ན།
།ཕྱི་ཡི་རོ་འདོད་ཆེ་ཆུང་ཟེར།།
༈ དགུ་མིག་རྣམས་ཀྱི་བསྐོར་འགོ་ལ། །རྐྱང་སྦྲགས་སྤར་སྨེ་རུས་ཁམས་ལྔ། །དང་པོ་རྐྱང་པའི་དགུ་མིག་ནི།
།ཕོ་ནི་རང་ལྔའི་བྱི་བ་དང་། །མོ་ནི་རང་ལྔའི་བྱ་ནས་བཟུང་། །དགུ་ཚན་གྱེན་བགྲང་གཤེད་བཞིར་སྡོད།
།དེ་ཡང་དགུ་དང་བཅོ་བརྒྱད་དང་། །ཉེར་བདུན་སོ་དྲུག་ཞེ་ལྔ་དང་། །ང་བཞི་རེ་གསུམ་བདུན་ཅུ་གཉིས།
། གྱ་གཅིག་རྣམས་ལ་དགུ་མིག་འབབ། །ཁྱད་པར་གནམ་ལོའི་མདུན་རྒྱབ་ཏུ། །དགུ་དུར་གཉིས་འཛོམ་རེ་རེ་ཡོད།
།དེ་ཡང་སྟག་ཡོས་ལོ་པའི་ཕོ། །བཅོ་བརྒྱད་བུད་མེད་སོ་དྲུག་པ། །རྟ་སྦྲུལ་སྐྱེས་པ་སོ་དྲུག་དང་།
།བུད་མེད་བཅོ་བརྒྱད་བྱ་སྤྲེ་ནི། །ང་བཞི་ཕོ་ལ་དོན་གཉིས་མོ། །གཤེད་བཞི་བྱི་ཕག་བཅས་པ་ལ།
།སྐྱེས་པ་དོན་གཉིས་མོ་ང་བཞིར། །དགུ་མིག་དུར་ཐོག་ཕྱིན་པས་ངན།། ༈ སྦྲགས་མ་འབྲིང་པོ་བཞི་ནས་བསྐོར།
།ས་ཆུ་ལོ་དྲུག་བྱི་བ་ནས། །གྱེན་དུ་བགྲངས་པས་འབྲུག་ལ་སྡོད། །དེ་བཞིན་སྟག་ཡོས་ཡོས་ནས་ལུག
།རྟ་སྦྲུལ་རྟ་ནས་ཁྱི་ལའོ།། བྱ་སྤྲེ་བྱ་ནས་གླང་ཐོག་སྡོད། །དེ་དག་གནམ་ལོ་གང་ཤར་དེའི།
།མར་གྱི་ལྔ་མཐུན་ལོ་པར་འབྱུང་། །དེ་ཕྱིར་ལོ་དགུ་ཉེར་གཅིག་དང་། །སོ་གསུམ་ཞེ་ལྔ་ལྔ་བཅུ་བདུན།
།རེ་དགུ་གྱ་གཅིག་རྣམས་ལ་སྟེ། །དེ་རྣམས་དུར་བཞིའི་ཐོག་ཕྱིན་པས། །གནད་ཀྱི་དགུ་མིག་ཅེས་སུ་གྲགས།།
༈ སྤར་ཁ་ཕོ་ལི་མོ་ཁམ་དང་། །སྨེ་བ་སྐྱེས་སྨེར་བབས་པའོ།། ༈ རུས་ཁམས་དགུ་མིག་བསྐོར་འགོ་ནི།
།འུ་དང་ཀུངས་གཉིས་བྱི་བ་ནས། །ཀེག་ནི་ཡོས་དང་ཇི་ནི་རྟ། །ཤང་ནི་བྱ་ནས་བསྐོར་འགོ་བྱ། །གྱེན་བགྲང་དུར་སྟེང་ཕྱིན་པས་ངན།
།དོན་ལ་སྦྲགས་མ་ཁོ་ནའོ།།
༈ དུར་མིག་ཕྱི་ནི་དུར་ལོ་དང་། །ནང་ནི་སྤར་ཁ་དག་ལ་སྦྱོར། །དེ་ཡང་ཤིང་དུར་ལུག་དང་ཁོན།
།མེ་དུར་ཁྱི་དང་ཁེན་ལ་ཞུགས། །ལྕགས་དུར་གླང་དང་གིན་ལ་སྟེ། །ས་ཆུ་འབྲུག་དང་ཟོན་ལ་བཏབ།།
༈ དུར་གྱི་ཁང་བུ་བརྒྱད་ཅུ་ནི། །བྱི་རྟ་བྱ་ཡོས་བཞི་ནས་བསྐོར། །འབྱེད་པའི་ལྡེ་མིག་བཞི་ཞེས་བྱ།
།དེ་ཡང་བརྩི་བྱ་དབང་མཐུན་གྱི། །ས་ཆུ་བྱི་བ་སྡེ་ལྔ་དང་། །ཤིང་གཉིས་ཡོས་དང་མེ་གཉིས་རྟ།
།ལྕགས་གཉིས་བྱ་ལྔ་ནས་བསྐོར་ཕྱིར། །ཡང་དག་བསྐོར་འགོ་ཉི་ཤུར་གྲགས། །ཐམས་ཅད་གྱེན་བསྐོར་རང་རང་གི
།དབང་མཐུན་དུར་སྟེང་སླེབ་པ་ནི། །རང་དུར་ཆེ་སྟེ་དེའི་བདུན་ཟུར། །དབང་ཐང་མཐུན་པ་རང་དུར་ཆུང་།
།རང་རང་དབང་ཐང་དགྲ་ཐོག་གི །དུར་སྟེང་སླེབ་པ་གཤེད་དུར་ཆེ། །དེ་ཡི་བདུན་ཟུར་གཤེད་དུར་ཆུང་།
།དེ་ཡང་གནམ་ལོ་གང་ཤར་ཀྱང་། །སྐྱེས་བུའི་ལོ་གྲངས་ཉེར་གཅིག་དང་།
།ང་གཅིག་ཞེ་ལྔ་བཅོ་ལྔའི་སྟེང་། །སླེབ་པ་རང་དུར་ཆེ་དང་ཆུང་།
།གཤེད་དུར་ཆེ་ཆུང་རིམ་པར་སྦྱར། །དེ་ལྟར་བསྐོར་འགོ་ཉི་ཤུ་ལ། །བཞི་བཞི་སྦྱར་བས་བརྒྱད་ཅུའོ།
།དུར་གྱི་ཉི་མ་སོ་དྲུག་ནི། །དྲུག་གསུམ་དུར་གྱི་ཉི་མ་ཞེས། །ཟླ་བ་ཀུན་ལ་གསུམ་གསུམ་ཡོད།
། ཕོ་ཟླ་དྲུག་ལ་ལུག་ཉི་དང་། །མོ་དྲུག་གླང་གི་ཉི་མར་ངེས། །ཟླ་བའི་ར་འབྲིང་ཐ་གསུམ་ལ།
།རིམ་བཞིན་གནམ་དུར་བར་དུར་དང་། །ས་དུར་ཞེས་པའི་ཐ་སྙད་བཏགས། །ཁ་དམར་འགྲེལ་པས་དམིགས་སུ་གདགས།།
༈ སོ་སོའི་སྲོག་རྩིས་དེ་ནས་ལུས། །དེ་ནས་དབང་ཐང་རླུང་རྟ་བརྩི། །དེ་ནས་སྨེ་བ་གར་བབས་བལྟ།
།དེ་ནས་སྤར་ཁའི་ཕྱོགས་རྣམས་བརྟགས། །རིམ་གྲོ་གདོན་དང་བསྲུང་མཚམས་རྣམས། །སོ་སོའི་ཁ་དམར་འགྲེལ་པར་ལྟོས།
།སྐོར་འགོ་མང་དུ་བསྐོར་བར་བྱ། །ཁ་དམར་ཉུང་དུ་གདགས་པར་བྱ། །འབྱུང་བའི་རྩ་བ་རིན་ཆེན་བསྡུས་པ་ཞེས་བྱ་བ།
མཁས་པ་ཁྱུང་ནག་གིས་མཛད་པ་ལ། འབྱུང་རྩིས་ཟླ་བའི་འོད་ཟེར་སོགས་ནས་ཁ་སྐོང་བསྣན་ཏེ་འབྱུང་རྩིས་སྔོན་འགྲོའི་སྐབས་ཀྱི་ཉེར་མཁོ་མཐའ་དག་གསལ་བར་བྱས་པ་བཅས་རྫོགས་སོ།།
ཨོཾསྭསྟི།
སྣང་སྲིད་རང་བཞིན་སྐུ་གསུམ་དངོས་ཡིན་ཀྱང་། །འཁྲུལ་པའི་དབང་གིས་རིགས་དྲུག་སྣང་ཚུལ་ཤར།།
དེ་དག་ཐམས་ཅད་འབྱུང་ལྔའི་རངབཞིན་ཏེ། །གཅོད་འབྲལ་འཁྲུགས་པའི་སྐྱིད་སྡུག་བཟོད་བླག་མེད།།
དེ་ཕྱིར་གནས་ལུགས་རྟོགས་པའི་རྣལ་འབྱོར་དང་། །ལས་འབྲས་མེད་པར་ལྟ་བའི་རིགས་མ་གཏོགས།།
ལེགས་ཉེས་སྤང་བླང་སྟོན་པའི་འབྱུང་རྩིས་འདི། །ལུས་ཅན་བདེ་བའི་རྒྱུ་རུ་མེད་ཐབས་བྲལ།།
དེས་ན་སྨན་ལྗོངས་གྲྭ་ཚང་ཆེན་པོ་ཡི། །རྩིས་སློབ་བཀྲིས་དོན་གྲུབ་མཆོག་གི་ངོར།།
འབྱུང་རྩིས་རིན་ཆེན་བསྡུས་པ་ཁ་སྐོང་བཅས། །དགེ་སྦྱོང་ནོར་བུ་དབང་ཕྱུག་བདག་གིས་བསྡེབས།།
གསར་རྩོམ་བྱས་ན་མདོར་བསྡུས་འཇུག་བདེ་ཡང་། །མཁས་གྲུབ་གསུང་ལ་བཀྲིན་གཟོ་བའི་ཕྱིར།།
རང་བཟོ་གང་ཐུབ་སྤངས་ནས་བྲིས་པའི་དགེས། །འགྲོ་ཀུན་འབྱུང་ལྔའི་གནས་ལུགས་རྟོགས་པར་ཤོག།
ཞེས་པ་འདིའང་བསམ་གཏན་མིང་པས་རབ་གནས་ལྕགས་སྟག་དབོ་ཟླ་རྗེས་མའི་མར་ངོ་རྫོགས་པ་གསུམ་པའི་ཉིན་མོར་ཕྱོགས་བསྒྲིགས་སུ་བཀོད་པ་འདིས་ཀྱང་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག།
བྷ་བ་ཏུ་སརྦ་མངྒ་ལཾ།། །།
No comments:
Post a Comment