Tuesday, August 12, 2014

བྷུ་ཊི་ཡའི་སྐད་ཡིག་༼བོད་སྐད༽ ལ་རྒྱ་གར་གཞུང་ནས་ངོས་ལེན་དགོས་པའི་སྐོར།


བྷུ་ཊི་ཡའི་སྐད་ཡིག་༼བོད་སྐད་༽ ལ་རྒྱ་གར་གཞུང་ནས་ངོས་ལེན་དགོས་པའི་སྐོར།
  རྒྱ་གར་རྒྱལ་ཁབ་ཆེན་པོ་འདིའི་ཆ་ཤས་སུ་གྱུར་པའི་ས་ཁུལ་ནུབ་བྱང་ལ་དྭགས་ནས་ཤར་ཕྱོགས་ཨ་རུ་ན་ཅལ་བར་གྱི་ཧི་མ་ལའི་མི་བརྒྱུད་ཀྱི་ཆོས་དང་རིགས་གཞུང་ནི་བྷུ་ཊི་ཡའི་སྐད་དང་ཁ་འབྲལ་ཐབས་མེད་ཅིང༌། ལྷག་པར་རང་རེའི་གསོ་བ་རིག་པའི་གཞུང༌། ལག་ལེན་སྔོ་སྨན་དང་བཅས་པ་ནི་བྷུ་ཊི་ཡའི་སྐད་ཐོག་ལ་ཡོད་པས་གལ་ཏེ་སྐད་རིགས་དེ་དང་ཁ་བྲལ་ན་གསོ་བ་རིག་པ་འདི་ཉིད་སྲོག་དབང་དགག་ཟིན་པའི་མི་རོ་ཞིག་དང་འདྲ་བར་ཆགས་ཀྱི་རེད་ལ། མི་རོས་མིའི་བྱ་བ་བྱེད་མི་ནུས་པ་ལྟར་སྲོག་དང་བྲལ་བའི་གསོ་བ་རིག་པ་འདིས་ཀྱང་སྐྱེ་དགུ་ལ་ཕན་པའི་ཞབས་འདེགས་གང་ཡང་སྒྲུབ་ཐུབ་ཀྱི་མ་རེད།།


དེའང་རང་ཅག་ཧི་མ་ལ་ཡའི་རིག་བརྒྱུད་དུ་གནས་པ་རྣམས་ལ་སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་དང༌། གཞན་ཡང་སྐར་རྩིས། མངོན་བརྗོད། ཟློས་གར། སྡེབ་སྦྱོར་ལ་སོགསཔའི་རིག་པའི་གནས་མཐའ་ཡས་པ་ཞིག་ཡོད་པ་དེ་དག་ཡོངས་སུ་རྫོགས་པ་དེ་དག་རང་རེའི་ཡུལ་སྐད་ཟེར་ལབ་ནའང་འདྲ། བྷུ་ཊི་ཡའི་སྐད་ཟེར་ལབ་ནའང་འདྲ། གང་ལྟར་སྐད་རིགས་ཕུན་སུམ་ཚོགས་པ་ཞིག་གི་ཐོག་ལ་བཞུགས་ཡོད་པ་རེད།། 

དེང་སངས་དུས་རབས་ཉེར་གཅིག་པའི་སྐབས་ལ་རླུང་ཕྲིན་དང་བརྙན་ཕྲིན། ཚབ་ཤོག་སོགས་འབྲེལ་བའི་ཐབས་ལམ་སྣ་ཚོགས་པ་ཞིག་ཡོད་པ་ཡིན་ནའང༌། རྒྱ་གར་གྱི་སྐད་ཡིག་ཧིན་དི་དེས་རྒྱ་གར་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་ཡུལ་སྡེ་རྣམས་སུ་ཁྱབ་ཐུབ་བྱུང་མེད། དེ་འདྲའི་མཐུན་རྐྱེན་གང་ཡང་མེད་པའི་ལོ་ངོ་ཆིག་སྟོང་གི་སྔོན་དུ་རང་རེའི་སྐད་ཡིག་དེས་རང་རིགས་ཡོངས་ལ་ཁྱབ་ཐུབ་བྱུང་བ་ནི་དངོས་གནས་ཡ་མཚན་རེད།  དེ་འདྲ་ཁྱབ་ཐུབ་བྱུང་བའི་རྒྱུ་མཚན་ནི། ང་ཚོ་ཚང་མ་གངས་རི་ལ་གནས་ཤིང་གངས་ཆུ་མཐུང་བའི་གོམས་གཤིས་སྤྱི་མཐུན་ཞིག་ཡོད་པ་དེའི་དབང་གིས་ཀྱང་རེད་ལ། རྒྱུ་མཚན་གཙོ་བོ་ནི་ང་ཚོ་ཚང་མ་ལྟ་བ་དང་གྲུབ་མཐའ་གཅིག་པ་ཡིན་ཞིང་ལྟ་གྲུབ་དེ་ཉིད་སྟོན་པའི་སྐད་ཡིག་ནི་བྷུ་ཊི་ཡའི་སྐད་ཟེར་ལབ་དགོས་རེད་པས།  གང་ལྟར་ཡང་རང་རེའི་ཆོས་སྐད་དེ་ཉིད་ཡིན་པ་དེའི་དབང་གིས་རེད།། 

ནང་གསེས་གསོ་བ་རིག་པ་ལྟ་བུ་ཞིག་ལ་ཆ་མཚོན་ནའང༌། རྒྱ་གར་བའི་གསོ་རིག་གི་གཞུང་རྒྱས་ཤོས་ཡིན་པའི་ཡན་ལག་བརྒྱད་པ་དེ་དང༌། རང་རེའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་སྟེ་ཡོངས་གྲགས་སུ་རྒྱུད་བཞི་ཞེས་ཞུ་བ་དེ་གཉིས་བསྡུར་ན་གནམ་དང་ས་ལྟ་བུའི་ཁྱད་པར་ཡོད་པ་རེད།  རྒྱུད་བཞི་འདིའི་ནང་དོན་ནི་སྡེ་ཚན་བཞིར་ཕྱེ་ཞིང༌། དེའང་༼༡༽ དང་པོ་རྩ་བའི་རྒྱུད་ཀྱིས། རྒྱུད་ཕྱི་མ་གསུམ་གྱི་བརྗོད་བྱ་ཡོངས་སུ་རྫོགས་པའི་ནང་གསེས་ས་བཅད་ཆེ་འབྲིང་ཆུང་གསུམ་རྣམས་གོ་སླ་བའི་ཕྱིར་དུ་ཤིང་སྡོང་གི་རྩ་བ་དང་སྡོང་པོ། ཡལ་ག་དང་ལོ་འདབ་སོགས་ཀྱི་གཟུགས་སུ་བཀོད་ནས་བཤད་ཡོད།  ༼༢༽ གཉིས་པ་བཤད་པའི་རྒྱུད་ཀྱིས། གཙོ་བོ་སྨན་པ་རང་ཉིད་ཀྱིས་ཉམས་ལེན་གང་འདྲ་ཞིག་བྱེད་དགོས་པ་དང༌། བསམ་བློའི་ཁྱེར་སོ་གང་འདྲ་ཞིག་ཁྱེར་དགོས་པའི་སྐོར་བཤད་ནས། དེའི་རྗེས་ལ་འཁོར་བར་འཁོར་བའི་གང་ཟག་ཅིག་གི་ཐོག་མའི་ལུས་གྲུབ་པ་ནས་བཟུང་སྟེ་རྒས་ནས་ཤི་བའི་བར་གྱི་གནས་སྟངས་དང༌། དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་འཁོར་མོ་གཅིག་གི་ཟས་དང་སྤྱོད་ལམ་ཇི་ལྟར་བྱ་བའི་ཚུལ་བཤད་པའི་སྒོ་ནས་ནད་རིམས་སྔོན་འགོག་བྱ་བའི་ཚུལ། གལ་ཏེ་རླུང་མཁྲིས་བད་ཀན་གསུམ་པོ་ཆ་མི་སྙོམས་པ་ལས་བྱུང་བའི་ནད་བྱུང་ན། དེ་ལ་སྨན་དང་གཏར་བསྲེག་ཇི་ལྟར་བྱ་བའི་ཚུལ་སོགས་རྒྱས་པར་བཤད་ཡོད། ༼༣༽ གསུམ་པ་མན་ངག་རྒྱུད་ཀྱིས། ལུས་ཀྱི་ནང་གསེས་རེ་རེ་དང༌། ན་ཚ་དམིགས་གསལ་བ་རེ་རེ་ལའང་སྨན་བཅོས་ཇི་ལྟར་བྱ་བའི་ཚུལ་ཆེས་ཤིན་ཏུ་ཕྲ་བ་རྣམས་ཀྱང་རྒྱས་པར་བཤད།  ༼༤༽ བཞི་པ་ཕྱི་མའི་རྒྱུད་ཀྱིས་སྨན་སྦྱོར་ཇི་ལྟར་བྱ་བའི་ཚུལ་བཤད་ཡོད།།

དེང་སང་གི་དུས་ལ་ཆ་མཚོན་ན་འཕྲུལ་ཆས་རིག་པ་ཡར་རྒྱས་ཕྱིན་པའི་དབང་གིས་སྨན་གཞུང་རྣམས་ཀྱང་གཅིག་ལས་གཅིག་ཟབ་ཅིང༌། སྨན་པ་རྣམས་ཀྱང་གཅིག་ལས་གཅིག་མཁས་པ་ཡོད་པས་མི་མང་གི་ཕན་བདེ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ནི་ང་ཚོས་ཚང་མས་ཤེས་གསལ་རེད། ཡིན་ན་ཡང་དེ་དང་དུས་མཉམ་དུ་ནད་པ་མ་ཤི་བའི་གོང་ནས་ནང་ཁྲོལ་བཏོན་པ་དང༌། གཤག་བཅོས་གཞན་པ་ཞིག་གི་ཞོར་དུ་ནད་པའི་མཁལ་མ་བཏོན་ནས་བཙོང་བ་སོགས་དང༌། བུ་མོ་རྣམས་ན་ཚ་དམིགས་གསལ་བ་མང་པོ་ཡོད་པས་སྨན་ཁང་ལ་ཡང་ནས་ཡང་དུ་འགྲོ་དགོས་པ་ཞིག་ཡིན་ནའང༌། དེ་དག་སྨན་ཁང་ལ་འགྲོ་ཡ་ཞེ་སྣང་སྐྱེ་དགོས་པ་དང༌། ནད་པའི་ནད་གཞི་ལ་མ་ལྟོས་པར་སྨན་པ་རང་གི་ཨིན་ཀམ་ལ་བལྟ་ནས་གོང་ཆེན་གྱི་སྨན་གཏོང་བ་དང༌། གོང་ཆེན་གྱི་འཕྲུལ་ཆས་བེད་སྤྱོད་གཏོང་བ་སོགས་མདོར་ན་སྨན་པ་རྣམས་ཁྱི་སྤྱང་ཤ་ལ་སྒུག་པ་ལྟ་བུའི་ཚུལ་དེ་དག་ནི། གཅིག་ནས་སྨན་པ་རང་གི་བསམ་སྦྱོར་མ་དག་པ་དང༌། གཉིས་ནས་འཁྲུལ་ཆས་རིག་པའི་སྐྱོན་ཞིག་ཀྱང་ཡིན་པ་རེད།།   

དེ་ལྟ་བུའི་བྱ་སྤྱོད་ངན་པ་དེ་དག་མི་འོང་བའི་ཕྱེད་དུ་རྒྱུན་དུ་སངས་རྒྱས་སྨན་བླའི་ཉམས་ལེན་མཛད་ཅིང་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་སྨན་པའི་ལས་ཀ་བྱེད་དགོས་ཚུལ་བཤད་པའི་གཞུང་ནི། ང་རང་ཚོའི་རྒྱུད་བཞི་འདི་ཉིད་གཅིག་པུ་རེད། འདི་ནི་ང་རང་ཚོའི་མི་རྒྱུད་གོང་བ་རྣམས་ཀྱིས་བཞག་པའི་རིན་ཐང་དང་བྲལ་བའི་ཁྱད་ནོར་རེད་ལ།  བུ་རྒྱུད་ཕྱི་མ་ང་རང་ཚོའི་གཟི་བརྗིད་ཅིག་ཀྱང་རེད།།  ད་དུང་གཞན་ཡང་ཁ་ཤས་ཞུས་ན། སྨན་གཞུང་གཞན་པ་རྣམས་སྨན་བཅོས་ཀྱི་སྐོར་ཡོད་ཀྱང་སྨན་སྦྱོར་ཚུལ་མེད་པ་དང༌། སྨན་སྦྱོར་ཡོད་ཀྱང་སྨན་བཅོས་མེད་པ། དེ་གཉིས་ཚང་ནའང་ནད་རིམས་སྔོན་འགོག་བྱ་ཚུལ་མེད་པ། དེ་དག་ཡོངས་རྫོགས་ཚང་ནའང་ད་དུང་གཅིག་མ་ཚང་བ་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡིན།།

དེ་ལྟ་བུའི་རྒྱུད་བཞི་འདིའི་ལག་ལེན་ནི་རང་རེའི་ཕ་མེས་ཡང་མེས་ནས་སྐད་རིགས་གཅིག་བརྒྱུད་ནས་འོང་ཞིང༌། གཞུང་འདི་ནས་བཤད་པའི་ཧི་མ་ལ་ཡའི་སྔོ་སྨན་སོགས་ཀྱང་སྐད་རིགས་འདི་ཉིད་བརྒྱུད་ནས་ངོ་སྤྲོད་བྱེད་ན་མ་གཏོགས་པའི་སྐད་རིགས་གཞན་པ་གང་གིས་ཀྱང་དེ་དག་གི་ངོ་སྤྲོད་ཆ་ཚང་ཞིག་བྱེད་ཐུབ་ཀྱི་མ་རེད།  དེའང་དཔེར་ན་རིག་བྱེད་ཀྱི་གཞུང་དོན་ཆ་ཚང་བ་ཞིག་ཤེས་པ་ལ་ལེགས་སྦྱར་གྱི་སྐད་ཡིག་ངེས་པར་དུ་ཤེས་དགོས་པ་དང༌། ཀོ་རན་༼ཁ་ཆེ་སྟོན་པའི་གསུངས༽ གྱི་ནང་དོན་ཆ་ཚང་ཞིག་ཤེས་པ་ལ་ཨ་ར་བི་ངེས་པར་ཤེས་དགོས་པ་དང༌། ཚན་རིག་དང་དཔལ་འབྱོར་རིག་པ་ཡག་པོ་ཤེས་པ་ལ་ཨིན་ཇིའི་སྐད་ཡིག་ནི་ཇི་ཙམ་ཞིག་གལ་ཆེན་པོ་ཡིན་པ་ལྟར།  ཧི་མ་ལ་ཡའི་རིག་གཞུང་སྤྱི་དང་ལྷག་པར་གསོ་བ་རིག་པ་འདི་ཉིད་ཤེས་པ་ལའང་སྐད་རིགས་འདི་ཉིད་གལ་ཆེ་བ་ཙམ་དུ་མ་ཟད་མེད་ཐབས་མེད་པ་ཞིག་ཀྱང་རེད།། 

རང་རེའི་མེས་པོ་རྣམས་ཀྱིས་སྐད་ཡིག་འདི་ཉིད་རྒྱུན་འཛིན་བྱེད་ཐུབ་བྱུང་ཡོད་ཀྱང༌། དུས་རབས་ཉེར་གཅིག་པའི་རང་རེའི་བུ་ཕྲུག་རྣམས་ཀྱིས་རྩ་ཆེན་འདི་ཉིད་བརླག་སྟོར་གཏོང་ལ་ཉེ་བའི་དུས་སྐབས་སུ་སླེབས་འདུག  གལ་ཏེ་སྐད་ཡིག་འདི་ཉིད་བརླག་སྟོར་ཕྱིན་པའི་དབང་དུ་བཏང་ན། རྒྱལ་བའི་གསུངས་རབས་ཀྱིས་མཚོན་པའི་རང་རེའི་རིག་པའི་གནས་ཡོངས་སུ་རྫོགས་པ་དེ་དག་མཆོད་གཤམ་ནང་ལ་བཞག་ནས་མཆོད་པ་ཞིག་ཕུལ་ནས་བཞག་ན་མ་གཏོགས་གཞན་པའི་ལས་ཀ་གང་ཡང་ཡོང་གི་མ་རེད།།
དེང་སང་འཛམ་གླིང་འདིའི་སྟེང་དུ་སྐད་ཡིག་དང་ལམ་སྲོལ་དཀྱུས་མ་ཞིག་ཡིན་ནའང་དེ་ཉིད་མི་ཉམས་རྒྱུན་འཛིན་བྱེད་པའི་ཐབས་ལམ་སྣ་ཚོགས་བྱེད་བཞིན་འདུག་ན། རང་རེའི་སྐད་ཡིག་འདི་ནི་དེ་དག་དང་འདྲ་མཚུངས་མེད་པའི་རྩ་ཆེན་གྱི་སྐད་ཡིག་ཅིག་ཡིན་པས་བདག་འཛིན་དང་རྒྱུན་སྐྱོང་ངེས་པར་དུ་བྱ་དགོས་ངེས་རེད།།

དངོས་པོ་གང་འདྲ་ཞིག་ཡིན་པ་ཡིན་ནའང་འདྲ། དེའི་བདག་པོ་དེས་དེ་ལ་རིན་ཐང་ཞིག་ངེས་པར་སྤྲོད་དགོས་པ་ཡིན། རིན་ཐང་དེ་སྤྲོད་ན་དངོས་པོ་དེ་རང་གི་གོ་སར་གནས་ཐུབ་ཀྱི་རེད་ལ། གལ་ཏེ་མ་སྤྲོད་ན་དངོས་པོའམ་གང་ཟག་དེ། རང་གི་གོ་ས་དེར་གནས་ཐུབ་ཀྱི་མ་རེད།  དཔེ་དེ་དང་འདྲ་བར་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིེའི་ཁྱད་ནོར་དུ་གྱུར་པའི་རང་རེའི་བྷུ་ཊི་ཡའི་སྐད་ཡིག་དེ་ལའང་རིན་ཐང་ཞིག་སྤྲོད་ན་རྒྱ་གར་གཞུང་གིས་སྤྲོད་དགོས་པ་རེད་ལ། སྤྲོད་པའི་དུས་ཚོད་ཀྱང་སླེབས་ཡོད། ད་དུང་དེ་ལས་དུས་ཡུན་ཅུང་ཟད་རྒྱང་ནས་བཞག་པ་ཡིན་ན། ལོ་ངོ་བཅུ་ཕྲག་གཅིག་གི་རྗེས་ལ་རང་ཅག་ཧི་མ་ལ་ཡའི་རི་བརྒྱུད་པ་རྣམས་དང༌། རྒྱ་གར་གཞུང་གཉིས་ཀ་ལ་འགྱོད་པ་རྟས་ཀྱང་མི་ཟིན་པ་ཞིག་ཡོང་གི་རེད།།

No comments: