Tuesday, August 12, 2014

གནམ་སའི་གསང་བ།

འཇིག་རྟེན་རྣམ་གཞག་སྐོར་གྱི་ངོ་སྤྲོད་མདོར་བསྡུས།

༄༅།  །རི་རབ་གླིང་བཞི་བཙལ་བའི་ཉམས་ཞིབ་པ་རང་འདྲའི་ལས་མེད་རྣམས་ལ་ཕུལ་བའི་
རོ་ལངས་ཀྱི་ལྕེ་གསར་ཞེས་བྱ་བ་བཞུགས།།



 ༄༅།།སྣ་ཚོགས་ལྟ་བས་བསླུས་པའི་འཇིག་རྟེན་ལ། །འདི་དང་ཕྱི་མ་བདེ་བའི་ལམ་གྱི་མཆོག།
མུན་སེལ་བདེན་བཞིའི་སྒྲོན་མེ་སྤར་མཛད་པའི། །ཐུབ་པ་མཆོག་དེར་གུས་ཕྱག་གྲངས་མེད་འབུལ།།
ནུ་ཟུང་འཇིག་རྟེན་ཁམས་འདིར་མི་ཤོང་བ། །སྙན་ངག་མཁན་པོའི་རྟོག་བཟོ་ཡིན་མོད་ཀྱང༌།།
གང་ལ་རྟོག་བཟོ་བྱ་ཡུལ་དངོས་པོ་དེར། །ཆེ་ཞིང་འབུར་བའི་ཁྱད་ཆོས་ལྡན་པ་དགོས།།
དེ་བཞིན་གླིང་བཞི་རི་རབ་སྟོང་གསུམ་བར།།བཤད་པ་ཡོངས་ལ་རྟོག་བཟོའི་ཤན་ཞུགས་ཀྱང༌།།
བཟོ་བཀོད་རྣམ་པར་བཀྲ་བའི་འཆར་སྣང་དེའི། །ས་བོན་གང་ལ་ཐུག་པ་དཔྱད་གཞིའི་གནས།།
རང་རེའི་གཞུང་གི་གླིང་བཞི་རི་རབ་དང༌།། ཉིན་མཚན་འཆར་ནུབ་བགྲོད་སོགས་ཕྲ་བའི་གནས།།
ས་གཞི་འདི་ལ་མཛུབ་མོས་བསྟན་ནུས་པ། །ལོ་སྟོང་ལྷག་པའི་གྲུབ་མཐའི་རྩིས་གཞུང་ཙམ།།

དེའང་རིམ་པར་ཞུ་བ་ལ་ལྟད་མོ་ལེའུ་བདུན་གྱི་མདོར་བསྡུས་རིམ་པ་བདུན་ལས།


༼མདོར་བསྡུས་དང་པོ།༽
དང་པོ་ནི་ཆོས་མངོན་པའི་མཛོད་ཀྱི་ལུགས་སྟེ། དེའི་ལུགས་ལ་ཐོག་མར་བར་སྣང་སྟོང་པའི་དཀྱིལ་ལ་རླུང་གི་དཀྱིལ་འཁོར་ཆགས་ཤིང༌། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་སའི་དཀྱིལ་འཁོར་དང༌། རི་རབ་གླིང་བཞི་གླིང་ཕྲན་སོགས་གྲུབ་པར་བཤད། གསང་སྔགས་རྒྱུད་སྡེ་ནས་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞིར་བཤད་ཡོད་ཀྱང༌། གཞུང་འདིར་མེའི་དཀྱིལ་འཁོར་བཤད་མེད། དེ་ལ་རླུང་གི་དཀྱིལ་འཁོར་མཐོ་ཚད་ལ་དཔག་ཚད་འབུམ་ཕྲག་བཅུ་དྲུག་ཙམ་ལས་མེད་ཀྱང་རྒྱ་ཁྱོན་གྲངས་མེད་ཡིན་པའི་རྒྱུ་མཚན་ནི། སྟོང་གསུམ་འཇིག་རྟེན་ཏེ། འཇིག་རྟེན་བྱེ་བ་ཕྲ་བརྒྱ་པོ་རླུང་དཀྱིལ་གཅིག་ལ་བརྟེན་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས། དེས་ན་ཚན་རིག་པས་བཤད་པའི་ཡུ་ནི་བརསི UNIVERSE དེ་ལ་ཡང་གི་ལེག་སི་༼GALAXY བྱེ་བ་ཕྲག་བརྒྱ་ཡོད་པར་ཚོད་དཔག་བྱེད་འདུག་པས་ཕལ་ཆེར་རང་རེའི་རླུང་དཀྱིལ་དེའང་ཡུ་ནི་བརསི་གཅིག་ལ་ཁྱབ་པའི་རླུང་ཁམས་ཤིག་ལ་གོ་དགོས་པ་ཡིན་ནམ་སྙམ།
ཆུའི་དཀྱིལ་འཁོར་དེ་ལ་རང་སྟོབས་ཀྱི་འགྲེལ་བཤད་ཅིག་རྒྱབ་ན་ཕལ་ཆེར་དངོས་ཡོད་གནས་ཚུལ་དང་ཉེ་བ་འགྱུར། དེ་ཡང་ཆུའི་དཀྱིལ་འཁོར་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་པ་ལས། གསུམ་འབུ་ཉི་ཁྲི་གསེར་དུ་གྱུར་པར་བཤད་པ་དེ། གསེར་དངུལ་གྱི་ཞེན་པ་སྤངས་ནས་ས་རང་ཡིན་པའི་དབང་དུ་བཏང༌། དེ་བརྒྱ་ཆ་ལ་ཕབ་ན་བརྒྱ་ཆ་ཉེར་དགུ་མ་ཟིན་ཙམ་ཞིག་རེད། དེ་ནས་ལྷག་མ་འབུམ་ཕྲག་བརྒྱད་ནི་ཆུ་རང་ཡིན་པས། དེ་ལ་བརྒྱ་ཆ་དོན་གཅིག་ལྷག་ཙམ་ཞིག་ཡོད། དེས་ན་འཇིག་རྟེན་འདིའི་ཕྱི་ངོས་བརྒྱ་ཆ་དོན་གཅིག་ཆུས་སྐོར་ནས་ཡོད་པས། ས་ཆ་ངོ་མ་དེ་བརྒྱ་ཆ་་ཉེར་དགུ་ཙམ་ཞིག་ཡིན། བཤད་པ་དེ་མངོན་པའི་སློབ་དཔོན་རྣམས་ཀྱི་དགོངས་པ་ཡིན་རུང་འདྲ། མིན་རུང་འདྲ།  དངོས་ཡོད་གནས་ཚུལ་ངོ་མ་ཞིག་ཡིན་པར་ནི། ཌིས྄་ཀ་བ་རི། ཅེ་ནལ་(DISCOVERY CHANNEL) གྱིས་༢༠༠༦ ལོར་བཀྲམ་སྤེལ་བྱེད་པའི་དེབ་དེ་ལས་ཤེས་ནུས།
དཀྱིལ་འཁོར་གྱི་བཟོ་དབྱིབས་ནི། ཆུ་དཀྱིལ་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ལ། བ་ཚྭའི་རྒྱ་མཚོ་སྟོང་ཕྲག་བརྒྱད་ཅུ་བསྡོམས་པས་འབུམ་ཕྲག་བཅུ་གཉིས་སུ་སོང་ལ། ད་དུང་དེའི་སྟེང་དུ་རི་རབ་དཔག་ཚད་བརྒྱད་ཁྲི་གོང་དུ་འཔགས་ཡོད། ཐད་ཀར་གྱི་ཚད་ལ་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་བཞི་བརྒྱ་ལྔ་ཅུ་ཡིན་པས། རགས་རྩིས་ལྟར་ན། མཐོ་ཚད་རྒྱ་ཁྱོན་མཉམ་པའི་གྲུ་བཞིར་སོང་ཞིང༌། །འཁོར་ཡུག་ཏུ་ནི་སུམ་འགྱུར་རོ། ཞེས་པའི་རིགས་པས་སུམ་འགྱུར་དུ་གཏོང་ན་མཛོད་ནས་བཤད་པའི་འཇིག་རྟེན་དེ་སྒོར་སྒོར་ཞིག་ཆགས་པ་རེད།  ཁང་པའི་ཡང་ཐོག་ཏུ་ཕྲད་དུ་ཉལ་ནས་བལྟ་ན་ཁང་པ་ལེབ་ལེབ་མཐོང་གི་རེད་པ། ཁང་པའི་དབྱིབས་གང་འདྲ་ཞིག་ཡོད་པ་མཐོང་དགོས་ན། ཁང་པའི་ཕྱི་ལོགས་ལ་ཐོན་ནས་བལྟ་དགོས་པ་རེད། ཆུ་དཀྱིལ་ཁྱོན་བསྡོམས་འབུམ་ཕྲག་བཅུ་གཉིས་པོ་དེ་དོར་ནས། ས་གཞི་རྐྱང་རྩིས་བྱེད་ན་ལེབ་མོ་ལོས་ཡོང༌། འོ་ན་རླུང་དཀྱིལ་ཡང་རྩིས་རྒྱབ་དགོས་པར་འགྱུར་རོ་ཞེ་ན།  མི་འགྱུར་ཏེ། སྟོང་གསུམ་གྱི་རྟེན་གཞི་རླུང་དཀྱིལ་གཅིག་ཡིན་པས། དེ་ནི་འཇིག་རྟེན་འདིའི་གྲངས་སུ་རྩིས་མི་རིགས་པའི་ཕྱིར་རོ།།  དེས་ན་མཛོད་ནས་བཤད་པའི་འཇིག་རྟེན་ལེབ་མོ་ཡིན་ཚུལ་སྐད་གསང་མཐོན་པོས་སྒྲོགས་པ་དེ་དག་དེ་རིང་ནས་མཚམས་འཇོག་གནང་བར་ཞུ།།  དགོས་པ་འདི་ལ་དམིགས་ནས་ཁོ་བོས་རྩ་བ་ཇི་བཞིན་རྩིས་རྒྱབ་བྱེད་པ་ཡིན་གྱི། སྤྱིར་བཏང་ཚད་དེ་ནི་ཡིད་བརྟེན་འཕེར་བའི་ཚད་གཞི་ཅིག་ནི་མིན་ནོ།།  གནས་ལུགས་ཁ་ཤས་གཞུང་འདི་གཅིག་པུ་བརྒྱུད་ནས་ངོས་འཛིན་བྱ་ཐབས་བྲལ་བས། ངས་གཤམ་དུ་འཆད་འགྱུར་གྱི་གཞུང་ལུགས་དག་ལ་སྦྱངས་བརྩོན་བྱེད་པ་ཡིན། དེས་ན་སྐབས་འདིའི་རི་རབ་ནི་ཁྱབ་འཇུག་སྔོན་རབས་ཀྱི་སྐབས་སུ་འཆད་པར་འགྱུར་ཞིང༌། དེ་བཞིན་གླིང་བཞི་ནི་གྲུབ་རྩིས་ལུགས་ཀྱི་སྐབས་སུ་འཆད་པར་འགྱུར།།
བློས་བཏང་གི་ཐུལ་ཤག་མི་རྒྱབ།།ཚད་དབྱིབས་ཀྱི་སྤྲོས་པའང་མི་བྱེད།།
དབུ་མ་ཡི་ལམ་བཟང་བསྟེན་ན།།ཚན་རིག་དང་མཐུན་པ་བྱེད་ཆོག།

༼མདོར་བསྡུས་གཉིས་པ།༽
དུས་ཀྱི་འཁོར་ལོའི་ལུགས་ཀྱི་འཇིག་རྟེན་ནི། ཐོག་མར་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་པོ་དཔེར་ན། སླ྄་ང་ཆེ་ཆུང་མི་འདྲ་བ་བཞི་གཅིག་གི་ནང་དུ་གཅིག་བཞག་ནས། སྟེང་ངོས་མཉམ་པའི་ནང་དུ་བྱེ་མ་བཀང་ནས་བཞག་པ་དང་འདྲ་ཞིང༌། རི་རབ་ནི་སླ་ང་དབུས་མ་དེ་ལ་དཀར་ཡོལ་བསླང་ནས་བཞག་པ་དང་འདྲ་བ་ཞིག་ཡོད་པ་དང༌། ད་དུང་དེའི་སྟེང་གི་བར་སྣང་ལ་རི་རབ་ཀྱི་མགྲིན་པ་དང་གདོང༌། དབུ་དང་བཅས་ཡོད་པར་བཤད་ཡོད།  ཕྱི་ཡི་འཇིག་རྟེན་ལ་འབུམ་ཕྲག་བཞི་ཡོད་པའི་རྟེན་འབྲེལ་ལས། ནང་གི་ལུས་ལའང་ཁྲུ་བཞི་འབྱུང་བའི་ཕྱི་ནང་སྦྱར་ཚུལ་ཧ་ལས་པ་ཞིག་ཡོད་ཀྱང༌། འཇིག་རྟེན་གྱི་བཟོ་བཀོད་དངོས་དེ། དཀོན་མཆོག་གི་བློའི་གཡོ་བའི་འཆར་གཞི་སྔོན་དུ་བཏང་ནས་བཟོས་པ་འདྲ་པོ་ཞིག་འདུག།

དགོས་པའི་དབང་གིས་ཡིན་ནམ། །ཞེན་ཆགས་དབང་གིས་མིན་ནམ།།
རྣམ་གཞག་དེ་དང་འདྲ་བ། །ཕྱི་རོལ་པ་ལའང་འདུག་གོ།

དཔལ་འཇམ་དཔལ་གྲགས་པའི་བསྡུས་རྒྱུད། །ཆོས་ཚིགས་ཅད་སྟོང་དང་སུམ་ཅུ།།
དེ་ཡོངས་རྫོགས་སྡེབ་སྦྱོར་ཕྲེང་འཛིན། སེམས་གདིང་ནས་ཧོན་ཐོར་བྱུང་སོང༌།།
ཕྱི་འཇིག་རྟེན་གྲུབ་རྩིས་གཞུང་དང༌། །སྒོས་ཚན་རིག་མཐུན་པ་མེད་ནའང༌།།
དེར་བརྟེན་པ་གཟའ་ཡི་རྣམ་གཞག །མགོ་སེར་པོ་ལས་ཀྱང་སྔོན་ཐོན།།
ནང་གསང་སྔགས་རྒྱུད་སྡེ་ཡོངས་དང༌། །ཕྱི་རིག་གནས་ཕྱི་མོ་ཡིན་པས།།
དཔལ་རྒྱུད་ཀྱི་རྒྱལ་པོ་ཟེར་བའང༌།།མཚན་དོན་དང་མཐུན་པ་རེད་འདུག།


༼མདོར་བསྡུས་གསུམ་པ།༽
ཁྱབ་འཇུག་སྔོན་རབས་ཀྱི་ལུགས་ནི་བཤད་སྟངས་བྱིས་པའི་སྒྲུང་དང་འདྲ་བ་ཞིག་ཡོད་ནའང་རང་རེའི་མཛོད་ཀྱི་རི་རབ་དེ་ངོས་འཛིན་པ་ལ་ཁེ་ཕན་ཆེན་པོ་ཡོད་པ་ཞིག་ནི་བརྟན་བརྟན་རེད། དེའང་སའི་གཱོ་ལ་འདི་ལ་གླིང་ཆེན་བདུན་ཡོད་པར་བཤད་ཅིང༌། དེ་དག་བདུན་གྱི་དབུས་མ་དེ་འཛམ་བུའི་གླིང་ཡིན་པ་དང༌། དེའང་རྒྱ་གར་ཡན་ཆོད་ཀྱི་ཨེ་ཤིའི་ས་ཆ་ལ་ངོས་འཛིན་གནང་བ་མ་ཟད། སྙན་གྲགས་ཆེ་བའི་རིའི་རྒྱལ་པོ་རི་རབ་དེའང་འཛམ་བུའི་གླིང་གི་དབུས་ཧི་མ་ལ་ཡའི་གངས་རིའི་དབུས་སུ་གནས་ཡོད་པ་དང༌། དེའང་ཁ་བབ་བཞིའི་ཆུ་ཆེན་རྣམས་ཀྱི་འབྱུང་ཁུངས་སུ་གྱུར་པའི་རི་བོ་ཀཻ་ལཱཤ་སྟེ། གངས་རི་ཏི་སེ་ཡིན་པར་བཤད་ཡོད།  དུས་འཁོར་ནས་རི་མཚོ་གླིང་བདུན་བདུན་ཡོད་པའི་ཐ་མ་དེ་འཛམ་གླིང་ཡིན་པར་གསུངས་ནའང༌། སྔོན་རབས་ནས་དེ་ལས་གོ་ལྡོག་སྟེ་གླིང་བདུན་མཚོ་བདུན་ཡོད་པའི་དབུས་མ་དེ་འཛམ་གླིང་ཡིན་པར་བཤད་ནས་དེ་གཉིས་ལྒང་བུ་ཕྱི་ནང་སློག་པ་ལྟ་བུ་ཞིག་སོང་འདུག 
ཆུ་ཆེན་བཞི་པོས་བྱེ་མ་མི་འདྲ་བ་འདྲེན་ཚུལ་དང༌། རི་རབ་ཀྱི་རང་མདོག་ནས་འཕོས་པའི་ཕྱོགས་བཞིའི་རྒྱ་མཚོ་སོགས་ལ་ཞིབ་འཇུག་ནན་ཏན་དུ་བྱེད་ཚེ་མཛོད་ཀྱི་རི་རབ་དེའང་གསེར་རི་བདུན་གྱི་དབུས་ན་གནས་པར་བཤད་ཡོད་ཀྱང༌། དོན་དངོས་ཐོག་སྔོན་རབས་ནས་བཤད་པ་དེ་དང་གཅིག་མཚུངས་ཤིག་རེད་འདུག།

ཕྱི་མུ་སྟེགས་བྱེད་ཀྱི་གཞུང་ལུགས།།མི་གཞན་ལ་ཀློག་དབང་མེད་ཟེར།།
ངས་དགོས་པའི་དབང་གིས་བལྟས་པས།།ནང་ཕྱི་རོལ་འདྲེས་པའང་འདུག་གོ།


བར་སྐབས་ཚིགས་བཅད་ཀྱི་སྒོ་ནས་སྙིང་དོན་མདོར་བསྡུས་སུ་བཀོད་པ།
ཡུལ་གསེར་གླིང་གསེར་གྱི་ས་གཞི། །དོན་ས་རྡོ་དཀྱུས་མ་ཡིན་ཙང༌།།
ཆུ་ལྷག་མ་གསེར་དུ་གྱུར་པའང༌། །དོན་དེ་འདྲ་ཙམ་ཞིག་ཡིན་འགྲོ།།
     ཆུས་བརྒྱ་ཆ་དོན་གཅིག་སྐོར་བའི། །ས་བརྒྱ་ཆ་ཉེར་དགུ་ཙམ་ལ།།
     གླིང་ཆེན་པོ་བདུན་དུ་གྱེས་པའི། །དབུས་འཛམ་གླིང་ཡངས་པའི་རྒྱལ་ཁབ།།
དེ་རྒྱ་གར་གཙོ་བོར་བྱེད་པའི། །ཨེ་ཤི་ཡའི་ཕྱོགས་གཅིག་རེད་འདུག།
གླིང་གཞན་མི་རྒྱ་གར་འགྲོ་དུས། །ཁོང་འཛམ་བུའི་གླིང་ལ་འགྲོ་ཟེར།།
        ད་དེ་ལས་ཡ་མཚན་ཆེ་བའི། །རི་རྒྱལ་པོ་རི་རབ་ཟེར་བ།།
        རི་ཧི་མ་ལ་ཡའི་སྟེང་གི། གངས་ཆེན་པོ་ཏི་སེ་དེ་རེད།།
ཁྱེད་ལྷ་ཡི་རྒྱལ་ཁམས་འགྲིམ་མཁན། །ངས་བཤད་དེར་ཡིད་ཆེས་མེད་མོད།།
ང་མི་ཡུལ་ས་མཐའ་སྐོར་ནས། །དོན་དེ་ཚོ་གསལ་པོར་མཐོང་བྱུང༌།།
      གཏམ་སྙན་གྲགས་འབྲུག་ལྟར་ལྡིར་ནའང༌། །ངོ་འཕྲོད་ཚེ་དཀྱུས་མའི་གངས་རི།།
      ཆོས་ཀུན་རྫོབ་བདེན་པའི་གནས་ལུགས། །མཐར་གཏུགས་ན་དེ་འདྲ་ལོས་ཡིན།།
རང་སེམས་ལ་འཆར་བའི་རྟོག་གཟུགས། །ཕྱི་དངོས་པོའི་སྟེང་ལ་གཡོགས་པས།།
དོན་ངོ་མ་མཛུབ་ཚུགས་བསྟན་ནའང༌། །ངོ་འཕྲོད་པའི་དུས་སྐབས་ཨེ་ཡོད།།

༼མདོར་བསྡུས་བཞི་པ།༽
འབྱུང་རྩིས་ལུགས་ཀྱི་འཇིག་རྟེན་གྱི་རྣམ་བཞག་ནི་འཕགས་པ་འཇམ་དཔལ་དབྱངས་དང༌། མཧཱ་གསེར་གྱི་རུས་སྦལ་གཉིས་གཞི་ལ་བཞག་པའི་ལྟ་གྲུབ་དེ་ལ་མཛོད་ཀྱི་བཤད་པས་ཁ་སྐོང་རྒྱབ་ནས་བགོད་བྲོ་ལ་ངུ་ཤོར་དགོས་པ་ཞིག་རེད་འདུག་མ་གཏོགས། བློ་བསྐྱེད་འོས་པའི་གནས་ལུགས་ཤིག་གང་ཡང་མ་རེད། མ་ཟད་ད་དུང་སྤར་ཁ་བརྒྱད་པོ་ཕ་མ་བུ་ཕྲུག་ལྟ་བུར་བཟོས་ཤིང༌། དེ་དག་ཕན་ཚུན་བྱི་ཤོར་བྱུང་བ་ལས་བཅུད་ཀྱི་སེམས་ཅན་བྱུང་བའི་ལོ་རྒྱུས་ཁྱད་མཚར་དེ་འདྲ་འགའ་ཞིག་སྡེ་སྲིད་སངས་རྒྱས་མཚོས་བཻ་དཀར་དུ་བྲིས་ཡོད། གནས་ཚུལ་དེ་འདྲ་ཆོས་པ་ཞིག་གིས་བྲིས་ན་ཡ་མཚན་དགོས་རྒྱུ་མེད་ཀྱང༌།  སྲིད་དབང་འཛིན་པའི་སྡེ་སྲིད་ཅིག་གིས་བྲིས་པ་དེ་ཡ་མཚན་རེད།།
  འཇམ་དཔལ་རྟུག་དྲི་བཏང་ནས། །ཆགས་པའི་རླུང་དཀྱིལ་དེ་ལ།།
ལྗགས་ཀྱི་མཆིམ་ཐུལ་གཤོལ་ནས། །ཆུ་དཀྱིལ་ཆགས་པ་ཡིན་ལོ།།
དེ་སྟེང་སྤྱན་གྱིས་གཟིགས་པས། །མེ་ཡི་དཀྱིལ་འཁོར་གྲུབ་ཅིང༌།།
ཕྱག་གི་རལ་གྲིས་དཀྲུགས་པས། །རི་གླིང་ཆགས་ཚུལ་དེ་དག།
སྤྲེ་འུ་གཙོག་པ་བཏང་བར། །ཐོག་མར་མིག་གིས་བལྟས་ནས།།
རིམ་གྱིས་ལག་པས་རྙོག་པའི། །དཔེ་དང་གཉིས་སུ་མ་མཆིས།།
མ་ཤི་ཚེ་རིང་བསྡད་ན། །དེ་འདྲའང་མཐོང་རྒྱུ་འདུག་གོ།
ཆོས་པར་ལང་ཤོར་གཏོང་ན། །གང་བྱུང་དཔེ་ལ་བྲིས་སྲིད།།

  རྒྱ་ཡི་མནྗུ་དེ་དང༌།།ལེགས་སྦྱར་མནྗུ་གཉིས་པོ།།
སྒྲ་མདངས་མཚུངས་ཐེངས་གཅིག་གིས།།གོང་མ་འཇམ་དབྱངས་ཆགས་ཟེར།།
ང་ཡི་བློ་མཐུན་བླ་མ། །རི་སྐྱ་སྤྲུལ་སྐུས་ཟེར་གྱི།།
དངོས་གནས་རེད་ཤག་བསམ་ནས། །གུས་ཕྱག་ལན་གཅིག་ཕུལ་ཡོད།།
མནྗུའི་མིང་ཅན་རྒྱལ་པོ།།དུས་སྐབས་ལན་གཅིག་བྱུང་བས།།
ཀུན་ཀྱང་འཇམ་དབྱངས་སྤྲུལ་པའི།།ཁ་འཕོ་བོད་ལ་མི་གཤོང༌།།
རྒྱ་གར་ཚངས་པའི་སྒོ་ང༌། །རྒྱ་ནག་གསེར་གྱི་རུས་སྦལ།།
གཡུང་དྲུང་བོན་པོའི་སྒོ་ང༌། །རྩ་བ་བོར་བའི་ཡལ་ག།
རྒྱ་རྩིས་བོད་ལ་བསྒྱུར་བའི། །ལོ་རྒྱུས་བཻ་དཀར་ལྟར་ན།།
གཞུང་ཚན་སྟོང་ལས་ལྷག་ཀྱང༌། །སྟོན་རྒྱུ་གཅིག་ཀྱང་མི་འདུག།
གནམ་ཁྱིའི་གཏོ་ཆོག་ལ་སོགས། །ད་དུང་བསྒྱུར་རྒྱུ་ལྷག་ཟེར།།
དེས་ན་བསྒྱུར་ཟིན་དེ་ཚོ། །ས་ཁྱིའི་ལྟོ་་ཆོག་ཡིན་འགྲོ།།
གཏོ་བཅོས་རྩེ་མོ་འདྲ་བ། །ལྷ་ཡིས་ག་ནས་བཞེས་པ།།
ལམ་གསུམ་འཛོམས་སར་གཡུག་དུས། །ས་འཁྱམ་ཁྱི་ཡི་ལྟོ་རེད།།


༼མདོར་བསྡུས་ལྔ་པ།༽
རྒྱ་གར་བའི་གྲུབ་མཐའི་རྩིས་གཞུང་ལུགས་ཀྱི་འཇིག་རྟེན་གྱི་རྣམ་གཞག་ནི་རང་རེའི་བཤད་པ་དེ་དག་དང་ཡེ་ནས་མི་འདྲ་བའི་ཚན་རིག་རང་ཡིན་པ་ཞིག་འདུག  སྤྱི་ལོའི་བརྒྱ་ཕྲག་གསུམ་བཞི་ཙམ་ནས་བརྒྱ་ཕྲག་བཅུ་གཉིས་པའི་བར་གྱི་གྲུབ་མཐའི་རྩིས་གཞུང་མི་འདྲ་བ་སུམ་ཅུ་ལྷག་ཙམ་བཞུགས་ཡོད་ལ། དེ་དག་ཀུན་གྱི་ཡང་རྩེར་སོན་པ་ནི། ཉི་མའི་གྲུབ་མཐའ་དང༌། ཨརྱ་བྷ་ཊི་ཡམ྄་ཞེས་པ་དེ་གཉིས་རེད། ཨརྱ་བྷ་ཊི་ཡམ྄་ནས་སའི་གཱོ་ལ་ནི་ཟླུམ་པོ་རིལ་རིལ། ཤིང་ཀ་དམ་པའི་མེ་ཏོག་ལྟ་བུ་ཞིག་ཡོད་པ་དང༌། ཡང་དཔེར་ན། ང་ཚོ་གྲུ་ནང་འཛུལ་ནས་འགྲོ་བའི་ཚེ། འགྲོ་མཁན་ང་རང་ཚོ་ཡིན་ནའང༌། མཐོང་སྣང་ལ་བརྟན་པར་གནས་པའི་རི་བོ་ལྡོག་ཕྱོགས་སུ་འགྲོ་བར་སྣང་བ་ལྟར། སའི་གོ་ལ་རང་འཁོར་རྒྱབ་ནས་འགྲོ་བ་ཡིན་ན་ཡང༌། ང་ཚོའི་སྣང་ངོར་ཉི་ཟླ་གཟའ་སྐར་འགྲོ་བ་ལྟ་བུར་སྣང་བ་ཡིན། ཞེས་གསུངས་འདུག ད་དུང་ཉི་ཟླ་སྒྲིབ་པའི་ཚུལ་ཡང༌། ད་ལྟའི་ཚན་རིག་པ་ཚོས་བཤད་པ་དེ་དང་ཁྱད་པར་སྤུ་ཙམ་ཡང་མེད་པར་དཔེ་རིས་དང་བཅས་པའི་སྒོ་ནས་བཤད་ཡོད།། 
གོང་ཞུས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་གར་གཞུང་ཡང་གཉིད་སད་ནས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ལ་གཞུང་འདི་བརྩད་དཔྱོད་གནང་མཐར། ལྷོ་ཕྱོགས་མ་ལ་བ་ཞེས་པའི་གྲོང་ནས་གཞུང་འདི་རྙེད་པས། སྤྱི་ལོ་༦༥ལོར་བི་ཧར་ཉམས་ཞིབ་ཁང་ནས་པར་སྐྲུན་གནང་བ་མ་ཟད། ལོ་དེའི་སྤྱི་ཟླ་གསུམ་པའི་ཉི་མ་ལུག་ཁྱིམ་དུ་སླེབ་པའི་ཉིན་མོར་གཞུང་འདིའི་རྩོམ་པ་པོ་སློབ་དཔོན་ཨཱརྱ་བྷ་ཊའི་འཁྲུངས་སྐར་དུས་ཆེན་ཡང་བརྩིས་སྲུང་ཞུས་ཡོད། ད་དུང་༧༥ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་་མིས་བཟོས་འཁྲུལ་སྐར་གནམ་ལ་བཏང་བ་དེ་ལ་ཨཱ་རྱ་བྷ་ཊ་ཞེས་པའི་མིང་བཏགས་ནས་སློབ་དཔོན་ཁོང་ལ་རྗེས་དྲན་བྱེད་ཅིང༌། ད་དུང་ཚན་རིག་པ་ཚོས་ཁོང་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་ཡོད།།
ཡ་མཚན་ཆེ་བའི་གནས་ཚུལ་ཞིག་ཞུ་རྒྱུར། གཞུང་འདི་རྩོམ་པ་པོ་སློབ་དཔོན་ཨཱརྱ་བྷ་ཊ་ནི་ན་ལནྜའི་མཁས་པ་ཞིག་ཡིན་པ་ཨིན་ཇིའི་ཀུན་ཁྱབ་ཚིག་མཛོད་དུ་བཤད་ཡོད་ཀྱང༌། རྒྱ་གར་བ་ཚོས་སློབ་དཔོན་ཁོང་ཧིན་དུ་ཡིན་ཞེས་གསལ་བསྒྲགས་གནང་འདུག དེས་ན་ཁོ་བོས་སྐུལ་མེད་ངལ་བ་ལྷུར་ལེན་བྱེད་ནས་རྒྱ་གར་བའི་རྩིས་གཞུང་རྙིང་པ་མང་པོ་ཞིག་ལ་ཞིབ་ཕྲར་བལྟས་པའི་ཉེར་ལེན་ལ་བརྟེན་ནས་སློབ་དཔོན་ཁོང་ནི། སྤྱི་ལོ་བརྒྱ་ཕྲག་ལྔ་པའི་ལོ་ངོ་༤༧༧པར་འཁྲུངས་ཤིང་༤༩༩ལོར་མེ་ཏོག་གྲོང་སྟེ། གྲོང་ཁྱེར་པཊ྄་ན་ལ་ཨཱརྱ་བྷཊི་ཡམ྄་ཞེས་པའི་གཞུང་དེ་བརྩམས་པ་དང༌། ཁོང་གིས་ས་གཞི་རང་འཁོར་རྒྱབ་ནས་འགྲོ་བའི་ལྟ་གྲུབ་དེ་བརྩམས་ཟིན་པའི་རྗེས་སུ། ཧིན་དུའི་སྐར་རྩིས་པ་ཚོས་དགག་པ་གཅིག་རྗེས་གཉིས་མཐུད་གནང་ནས། ལུགས་དེ་རིག་བྱེད་ཀྱི་གཞུང་དང་འགལ་བའི་ནང་པའི་བློ་གྲོས་ངན་པ་རེད། ཅེས་སོགས་གསུངས་པ་དེ་དག་ངས་གསལ་པོར་མཐོང་བྱུང༌།།
གཞུང་ལུགས་འདི་དང་གཞན་ཡང་ཉི་མའི་གྲུབ་མཐའ་གཉིས་པོས། སའི་གཱོ་ལ་འདི་ལ་༼ཨཀ྄ྵཾཤ༽ (Latitude) མིག་ཆའི་ཐིག་དང༌། ༼དེ་ཤཾ་ཏ་ར༽ (Longitude) ཡུལ་གྱི་བར་ཁྱད་ཀྱི་ཐིག་ཅེས། གཡས་གཡོན་སྟེང་འོག་གི་ཐིག་སོ་སོར་རྒྱབ་ནས་རི་རབ་གླིང་བཞི་དེ་དག་ཐིག་དེ་དང་དེ་ལ་ཡོད་ཅེས་ར་འཕྲོད་གསལ་པོར་གནང་ཡོད།
དེ་ཡང་ཐིག་ཚད་དེ་དག་ལས་གལ་ཆེ་ཤོས་ནི་ཚངས་ཐིག་དང༌། ལྷོ་བྱང་གི་ཐིག ཤར་ནུབ་ཀྱི་ཐིག་བཅས་གསུམ་ཡིན། ས་གཞི་ཆེན་པོ་འདིའི་དབུས་དྲང་པོ་ནས་ཕྲེད་དུ་སྒོར་ཐིག་གཅིག་གིས་སྐོར་བ་དེ་ལ་ཚངས་ཐིག་ཞེས་བྱ་ཞིང༌། ལྷོ་ནས་གྱེན་དུ་སོང་ཞིང་བྱང་ནས་ཐུར་དུ་བབ་ནས་འཁོར་བའི་སྒོར་ཐིག་དེ་ལ་ལྷོ་བྱང་གི་ཐིག་ཅེས་དང༌། དེ་བཞིན་ཤར་དང་ནུབ་ལ་འཁོར་བའི་སྒོར་ཐིག་དེ་ལ་ཤར་ནུབ་ཀྱི་ཐིག་ཅེས་བྱ་བ་ཡིན། ཐིག་དེ་གསུམ་གྱི་འཛོམས་སའི་ཚིགས་མཚམས་ཕྱོགས་བཞི་དང༌། སྟེང་འོག་གཉིས་བཅས་དྲུག་ཡོད།  ྄ཕྱོགས་ཀྱི་ཚིགས་མཚམས་བཞི་པོ་དེ་ལ་གླིང་བཞི་དང༌།  སྟེང་གི་དེ་ལ་རི་རབ། འོག་གི་དེ་ལ་རྟ་གདོང་རྒོད་མ་ཁའི་མེ་ཞེས་བྱ་བ་དེ་གནས་པ་དང༌། དེ་ལ་མིང་གཞན་དམྱལ་བ་དང༌། འབྱུང་པོའི་གནས་ཞེས་ཀྱང་གསུངས་འདུག ཚིགས་མཚམས་དེ་དག་ལ་གནས་པའི་ས་གནས་ངོ་སྤྲོད་གནང་དུས། ལྷོའི་ཚིགས་མཚམས་དེ་ལ་གནས་པའི་ལྷོ་གླིང་ནི་རྒྱ་གར་ཡུལ་གྲུ་འདི་ཉིད་བཤད་ཡོད་ཅིང༌། ནུབ་ཀྱི་ཆིགས་མཚམས་ལ་གནས་པའི་ནུབ་གླིང་ནི་ད་ལྟའི་ཨི་ཊ་ལིའི་རྒྱལ་ས་རོམ་ཞེས་བྱ་བ་དེས་གཙོ་བྱེད་པའི་ཡོ་རོབ་གླིང་ཆེན་དེ་ཡིན་པར་རྩ་ཚིག་གིས་གསལ་པོར་གསུངས་ཡོད། ཤར་གྱི་དེ་ལ། ཤར་གླིང་གི་གྲོང་ཁྱེར་ཡ་མ་ཀོ་ཊི་ཞེས་བྱ་བ་ཞིག་གསུངས་པས། དེ་ནི་ད་ལྟ་ངོས་འཛིན་གསལ་པོ་ཞིག་བྱུང་མེད། འོན་ཀྱང་ཤར་གྱི་ཐིག་བབ་ས་ནི་ད་ལྟའི་འཇའ་པཱན་དང་ཉེ་བ་ཡིན་ཞིང༌། ཡུལ་དེ་ལ་ཡ་མ་ག་ཏ་དང༌། ཡ་མ་ན་ཤི༌། ཡ་མ་གུ་ཆི༌། ཡ་མ་ན་ཀ་སོགས་ཡ་མའི་མཚན་ཅན་མང་པོ་ཡོད་པ་དང༌། མིང་མཐའི་ཀོ་ཊི་ཞེས་བྱ་བ་ལེགས་སྦྱར་གི་ཚིག་ཡིན་པས། ཕལ་ཆེར་ཉི་ཧོང་གི་གྲོང་ཁྱེར་ཡ་མ་མིང་ཅན་ཞིག་ལ་་རྒྱ་གར་བས་ཀོ་ཊི་ཞེས་སྦྱར་བ་མིན་ནམ་སྙམ། དེ་བཞིན་བྱང་གི་དེ་ལ། སིད྄་དྷ་པུ་རི་ཞེས་བྱ་བ་ཞིག་གསུངས་པས་དེ་ཡང་ངོས་འཛིན་གསལ་པོར་བྱུང་མེད་ཀྱང༌། བྱང་གི་ཚིགས་མཚམས་དེ་ལྷོ་ཨ་རིའི་སྟེང་ལ་བབ་ཡོད་པ་དང༌། ལྷག་པར་ལྷོ་ཨ་རིའི་གླིང་ཆེན་ལ་པུ་རི་ཞེས་བྱ་བའི་ཡུལ་གྲོང་རྙིང་པ་ཞིག་འདུག་པས། ཡུལ་གྲོང་དེས་གཙོས་པའི་ལྷོ་ཨ་རིའི་གླིང་ཆེན་དེ་ནི་བྱང་གླིང་ཡིན་པར་དེང་དུས་ཀྱི་སྐར་རྩིས་པས་ངོས་ལེན་གནང་འདུག 
རང་རེའི་མཛོད་ནས་གླིང་བཞིའི་ཉི་མ་འཆར་ཚུལ་བཤད་པའི་སྐབས་སུ། །ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག  ཅེས་པ་ནི་གྲུབ་མཐའི་གཞུང་ཀུན་དང་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པ་དང༌།  འཆར་ཚུལ་དེ་འདྲ་བ་དེ། གྲུབ་མཐའི་རྩིས་གཞུང་ནས་བཤད་པའི་གླིང་བཞི་དེ་ལ་འོང་བ་ཡིན་གྱི། ང་རང་ཚོའི་བསམ་ཚུལ་ལྟར། སའི་གོ་ལ་ཟླུམ་པོ་ཡོངས་རྫོགས་དེ་ལྷོ་འཛམ་བུའི་གླྀང་ཡིན་པའི་དབང་དུ་བྱེད་ནས། མཛོད་ཀྱི་ཚིག་དེའི་འགྲེལ་བཤད་རྒྱབ་པ་རྣམས་ནི་ཨ་ཁུ་ནེ་ཙོའི་ཆོས་བཤད་རང་ཆགས་ཀྱི་རེད། དེས་ན་འདིའི་གླིང་བཞི་དང་མཛོད་ཀྱི་གླིང་བཞི་པོ་གཅིག་པ་ཡིན་པ་ལ་དོགས་པ་སྐྱེས་མི་དགོས་པ་ཞིག་ཡིན། འོན་ཀྱང་འདིའི་རི་རབ་ནི་སའི་གཱའོ་ལ་འདིའི་བྱང་སྣེ་(North Pole)ཞེས་པ་འདི་ཉིད་ཡིན་པས་མཛོད་ཀྱི་རི་རབ་དང་རྣམ་པ་ཀུན་ཏུ་མི་འདྲ་བའི་ཐ་དད་གཅིག་ཡིན།།
དུས་འཁོར་བསྡུས་རྒྱུད་རྩ་འགྲེལ་གཉིས་ཀ་ནས། ཤ་བྷ་ལ་མ་གཏོགས་པའི་ཡུལ་གཞན་ལ་གྲུབ་མཐའི་རྩིས་གཞུང་ཉམས་པར་གསུངས་ན་ཡང༌། རྩིས་གཞུང་དེ་དག་ཕལ་ཆེ་བ་ད་ལྟའང་ཞལ་རས་མངོན་སུམ་དུ་བཞུགས་འདུག  སྤྱི་ལོའི་དུས་རབས་ལྔ་པ་ཡན་མན་ཞིག་ལ་ནུབ་ཕྱོགས་ཀྱི་གྲགས་ཅན་ས་གནས་རོམ་དང༌། གི་རིས། པོ་ལེནྜ། བག་དཱཏ྄། བེ་བི་ལོན་སོགས་ཀྱི་གནམ་རིག་སྐར་རྩིས་པའི་མཁས་དབང་རྣམས་དང༌། རྒྱ་གར་བའི་མཁས་དབང་རྣམས་ཕན་ཚུན་འབྲེལ་བ་བྱུང་ནས་ལེགས་ཆ་ལེན་རེས་གནང་ཡོད། སྐབས་དེར་རྒྱ་གར་བས་ཁོང་ཚོ་ནས་རོ་མ་ཀ་སིདྡྷནྟ་དང། པོ་ལིཤ་སིདྡྷནྟ་སོགས་ཀྱི་ལེགས་ཆ་མང་པོ་ཞིག་ལེན་ཡོད་ལ། ཁོང་ཚོས་ཀྱང་རྒྱ་གར་ནས་སཽར་སིདྡྷནྟ་དང༌། ཨཱརྱ་བྷ་ཊི་ཡམ་སོགས་ཀྱི་ལེགས་ཆ་ལེན་ནས་ཕྱིན་པ་རེད། འོན་྄ཀྱང་ཁོང་ཚོས་གཟའ་རྣམས་ལ་བགྲོད་བཞི་ཡོད་པ་དེ། དུས་རབས་བཅུ་བདུན་པའི་ནང་ལ་མ་གཏོགས་ཤེས་མྀ་འདུུག་པས། དེ་དག་ཕལ་ཆེར་བྲམ་ཟེ་བསམ་པ་ངན་པའི་དབང་གིས་སྦས་ནས་བཞག་ཡོད་པ་འདྲ། གནའ་དུས་རྒྱ་གར་ལ་དེ་འདྲའི་ཚན་རིག་ཡོད་ན་ཡང༌། རྒྱལ་ཁབ་འཕོ་འགྱུར་སོགས་ཀྱི་རྐྱེན་དབང་གྱིས། གཞུང་ནས་ཚན་རིག་པ་དེ་དག་ལ་མིའི་དགོས་མཁོ་ལ་དཔག་པའི་འགྲོ་སོང་བཏང་ཐུབ་བྱུང་མེད། དེའི་དབང་གིས་ཡར་རྒྱས་ཟེར་བ་དེའང་རི་བོང་རྺའི་གཅེན་པོ་ཆགས་པ་རེད།  ད་ལྟའི་ཆར་རྒྱ་གར་སྐར་རྩིས་སྡེ་ཚན་དེ། ཚན་རིག་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་ཙམ་ཞིག་ཡོད་ནའང༌། རང་རེའི་བོད་ཀྱི་རྩིས་པའི་ས་གཞོང་དེར་དེ་འདྲའི་གནས་ཚུལ་གང་ཡང་ཤར་གྱི་མ་རེད། དེ་གང་ཡིན་ཟེར་ན་བོད་྄ཀྱི་རྩིས་པས་གྲུབ་མཐའི་རྩིས་གཞུང་དེ་དག་ཤེས་རྟོགས་བྱུང་ཡང་ཕར་ཞོག ཐ་ན་གོ་མྱོང་ཙམ་ཡང་མེད་ཅིང༌། ད་དུང་ངས་ངོ་སྤྲོད་བྱེད་པ་དེ་ལའང་ངོ་རྒོལ་བྱེད་མདོག་ཁ་པོ་འདུག  རྩིས་གཞུང་དེ་དག་གི་ཡང་རྩེར་སོན་པའི་ཉི་མའི་གྲུབ་མཐའ་དེ་ལ་ལེའུ་བཅུ་བཞི་ཡོད་ཀྱང༌། ཨཱརྱ་བྷ་ཊི་ཡམ྄་ལ་ལེའུ་གསུམ་ལས་མེད། དེ་དག་གཉིས་ཀའི་ནང་ལ་སའི་གོ་ལའི་ལེའུ་ཡོད་ཅིང༌། ལེའུ་དེས་སའི་གོ་ལ་འདིའི་དབྱིབས་དང་ཚད། དེ་བཞིན་ས་གནས་ངོ་སྤྲོད། གཙོ་བོ་ས་གཞི་འདི་ལ་ཉིན་ཚན་འཆར་ནུབ་དང༌། ཉིན་མཚན་རིང་མཐུང་ཇི་ལྟར་བྱེད་པའི་ཚུལ། ཆུ་ཚོད་ཉེར་བཞི་ནས་ཟླ་བ་དྲུག་གི་བར་དུ་ཉི་མ་ཤར་བའི་ས་གནས་དེ་དག་ཐིག་ཚད་བརྒྱུད་ནས་ངོ་སྤྲོད་གནང་ཡོད། ད་ལྟའི་ཚན་རིག་པས་སའི་གོ་ལ་འདི་ལ་ཐིག་ཚད་རྒྱབ་ནས། ང་ཚོའི་མདུན་ལ་གསལ་གསལ་རིལ་རིལ་སྟོན་གནང་བ་དེ་དག་གི་རིག་པ་ནི། གྲུབ་མཐའི་རྩིས་གཞུང་ནས་྄བྱུང་བ་ཞིག་རེད། དེས་ན་གཞུང་དེ་གཉིས་ཀྱི་སའི་གོ་ལའི་ལེའུ་དེ་གཉིས་པོ་ཁོ་བོས་ཕབ་བསྒྱུར་ཞུས་ནས་འགྲེལ་པ་དང་བཅས་པ་གྲུབ་ཟིན་ན་ཡང༌། གནམ་རིག་སྐར་རྩིས་དང་འགྲེལ་བའི་ལེའུ་ཆ་ཚང་ད་དུང་བསྒྱུར་རྒྱུ་ལྷག་ཡོད།།

ནང་སྲོལ་རྒྱུན་མཁས་པའི་གསུངས་ལས། །ཕྱི་ཚན་རིག་བསྟན་པའི་དགྲ་ཟེར།།
དཔལ་ན་ལན་ཌ་ཡི་རྩིས་པས།།དགྲ་ཚན་རིག་ལམ་སྲོལ་གཏོད་འདུག།
ཤར་རྒྱ་ཡི་བཙུན་པ་ཧུན་ཙང༌།།དབུས་ན་ལན་ཌ་རུ་ཕེབས་དུས།།
ཁོང་རྩིས་པའི་བརྟག་དཔྱད་ཁང་ཞིག།ཡར་གཙུག་ལག་ཁང་སྟེང་འདུག་གསུངས།།


༼མདོར་བསྡུས་དྲུག་པ།༽
གསང་སྔགས་རྒྱུད་སྡེ་གོང་མ་རྣམས་ནས་སྐྱེད་རིམ་ལྷའི་དཀྱིལ་འཁོར་བཤད་པའི་སྐབས་སུ། འོག་ནས་རིམ་པ་བཞིན་རླུང་མེ་ཆུ་སའི་དཀྱིལ་འཁོར་རིམ་པར་བརྩེགས་པའི་སྟེང་གི་རི་རབ་ལྷུན་པོ་ལ། བརྒྱ་བྱིན་ཁང་བཟང་གི་ཚབ་ཏུ། བདེ་མཆོག་དགྱེས་རྡོར་དུས་འཁོར་གསང་འདུས་སོགས་ལྷ་གང་ཡིན། རང་རང་གི་དཀྱིལ་འཁོར་གྲུབ་པར་བཤད། འོན་ཀྱང་རི་རབ་དེ་ཀཥ྄མིར་དང༌། ཨ་རུ་ན་ཅལ་ལྟ་བུར་གྱུར་ནས་དངོས་གནས་སུའི་ཡིན་མིན་ཐག་དཔྱོད་དཀའ་བ་ཞིག་ཡིན།  གང་ལྟར་བདེ་མཆོག་གིས་མཚོན་པའི་རྒྱུད་སྡེ་འགའ་ཞིག་རི་རབ་ཀྱི་རྩེར་གསུངས་པ་བཤད་པ་དང་གཅིག  གསང་སྔགས་ཨོ་རྒྱན་ཡུལ་ནས་དར་བ་དང་གཉིས། ཨོ་རྒྱན་ཡུལ་གྱི་རི་བོ་ཨི་ལོ་པྲ་བཏ་ཞེས་པ་དེ་རི་མཐོ་ཤོས་ཡིན་པར་ཡུལ་འདིའི་ཡུལ་མིར་གྲགས་པ་གསུམ། སུམ་ཅུ་རྩ་གསུམ་གྱི་ལྭ་བ་དཀར་པོའི་རྡོ་ལེབ་དེ། རི་དེ་ལ་ཡོད་པ་རྒྱའི་བཙུན་པ་དང༌། དགེ་ཆོས་ལགས་ཀྱིས་གཟིགས་པ་དང་བཞི། གསོལ་འདེབས་ལེའུ་བདུན་མའི་ནང་གསེས་ལེའུ་གསུམ་པས། ཟངས་མདོག་དཔལ་གྱི་རི་བོ་ཞེས་པའང་རི་དེ་ལ་ངོས་འཛིན་གནང་བ་དང་ལྔ༌། ལྷག་པར་ལེའུ་དེས་ཟངས་མདོག་དཔལ་རིའི་ཕྱོགས་བཞིའི་རིན་ཆེན་བཞི་པོ་མཛོད་ནས་བཤད་པའི་རི་རབ་དང་མཐུན་པར་འབྱུང་བ་དང་དྲུག  ཡང་དེའི་ཕྱོགས་མཚམས་རྣམས་སུ་དཔག་བསམ་ཤིང་དང་བདུད་རྩིའི་ཆུ་མིག་བཤད་པ་དེའང༌། སྔོན་རབས་ནས་རི་རབ་ཀྱི་ཕྱོགས་བཞིར། རི་རབ་མི་འགྱུར་བི་གཟེར་བཞི། ཆུ་མིག་བཞི། དགོས་འདོད་འབྱུང་བའི་ཤིང་བཞི་བཤད་པ་དང་མཐུན་པ་དང་བདུན། ཡང་དེའི་ཕྱོགས་མཆམས་བརྒྱད་དུ་སྒྲུབ་ཆེན་བཀའ་བརྒྱད་བཤད་པ་དེའང༌། སྔོན་རབས་ནས་ཕྱོགས་མཆམས་བརྒྱད་ལ། ཕྱོགས་སྐྱོང་བརྒྱད་བཤད་པ་དང་མཐུན་པ་དེ་དང་བརྒྱད།  ལྷ་ཀླུ་དྲི་ཟ་མིའམ་ཅི་སོགས་ཐམས་ཅད་ས་སྟེང་འདིའི་མི་རང་ཡིན་པར་དགེ་ཆོས་ལགས་ཀྱིས་གསུངས་ཤིང་དོན་ལའང་གནས་པ་དེ་དག་ཕྱོགས་བསྡོམས་ཤིག་བྱེད་ན། གསང་སྔགས་རྒྱུད་སྡེ་ནས་བཤད་པའི་རི་རབ་དེའང༌། ད་ལྟའི་པ་ཀིས་ཏཱན་ལ་ཡོད་པའི་རི་བོ་ཨི་ལོ་པྲ་བཏ྄་ཞེས་པ་དེ་ཉིད་ཡིན་ནམ་སྙམ་པ་ཞིག ལས་མ་དག་པའི་འཕྲུལ་ངོར་ཤར་བྱུང༌།

རིང་བའི་དག་ཞིང་གཟིགས་ཀྱང༌།།ཉེ་བའི་སྦྲ་གུར་མ་མཐོང༌།།
རོ་བརྒྱའི་ཟས་ལ་རྔམ་པས།།ཙམ་ཐུག་འཐུང་ནས་ལྷག་སོང༌།།
མ་མཐོང་ལམ་རྒྱགས་བསྒྲུབ་ནས།།མཐོང་བའི་ལྟོ་རྒྱགས་ཆད་དུས།།
ཉམ་ཐག་མི་དམངས་རྩ་ནས།།མ་སློང་རང་སློང་རེད་འདུག།

༼མདོར་བསྡུས་བདུན་པ།༽
འཇིག་རྟེན་གྱི་ཁམས་དང་འབྲེལ་བའི་ཚན་རིག་ལོ་རྒྱུས།  ཨ་རིའི་མིས་ཟླ་བའི་གྲོང་ཁྱེར་དུ་ཕྱིན་པ་རེད་ཅེས་ལབ་དུས།  ཨ་པའི་ཕོར་པ་གཙང་ཤས་འཛིན་པའི་རང་རེའི་སྲོལ་རྒྱུན་གྱི་མཁས་པ་ཚོས།  ཁོང་ཚོ་ད་ལྟ་གསེར་རི་བདུན་ལའང་བསླེབ་ཐུབ་བྱུང་མེད། བྱས་ཙང་ཁོང་ཚོ། བར་གྱི་གླིང་ཕྲན་ཞིག་ལ་བསླེབས་ཡོད་ཀྱི་རེད་ཅེས་ཟེར། དོན་དངོས་ཐོག་ཁོང་ཚོ་༦༩ ལོ་ནས་ཟླ་བའི་གྲོང་ཁྱེར་ལ་བསླེབས་ཟིན་ཅིང༌། ད་དུང་བརྟག་དཔྱད་འཕྲུལ་ཆས་བཏང་བ་དེ་དག་ད་ལྟའི་སྐབས་ཉི་མའི་ཁྱིམ་རྒྱུད་བརྒལ་ནས་འགྲོ་ཟིན། གཞན་ཡང་རེས་གཟའ་མིག་དམར་དང༌། ཕུར་བུའི་སྟེང་ལ་སྲོག་ཆགས་གནས་ཐུབ་མིན་གྱི་ཚོད་བརྟག་མང་པོ་བྱས་མཐར། མིག་དམར་སྟེང་ལ་ཕལ་ཆེར་གནས་ཐུབ་པའི་གྲུབ་འབྲས་ལེགས་ཐོན་བྱུང༌།། 
བཞི་བཅུ་ཞེ་གྲངས་ཀྱི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཡན་མན་ཞིག་ལ་འཇིག་རྟེན་གཞན་གྱི་ཡུལ་མི་འཇིག་རྟེན་འདིར་འོང་བའི་མཐོང་ཐོས་དོགས་གསུམ་གྱི་སྙན་ཞུ་ཁྲི་ལྷག་ཅིག་ཨ་རི་མཁའ་དམག་སྡེ་ཚན་ལ་འབྱོར་ཡོད། དེ་ལ་བརྟེན་ནས་ཕྱིས་སུ་འཛམ་གླིང་རྒྱལ་སྤྱི་ཚོགས་པས་དེའི་ཞིབ་དཔྱད་སྡེ་ཚན་ལོགས་སུ་བཙུགས་ཡོད། ད་དུང་ནུབ་ཕྱོགས་སྲང་ཁྱིམ་གྱི་ཁྱོན་ལ་འཇིག་རྟེན་གྱི་ཁམས་གསར་པ་ཞིག་སྤྱི་ལོ་༢༠༠༧ལོར་གསར་རྙེད་བྱུང༌།  གཞན་ཡང་ཚན་རིག་འཕྲུལ་ཆས་བརྒྱུད་ནས་སའི་གཱོ་ལ་འདིའི་སྟེང་ལ་གནས་པའི་གླིང་དང་གླིང་ཕྲན། མཚོ་དང་མཚེའུ། རི་ལུང་ཁྲོམ་སྡེ་རེ་རེ་ནས་པར་ལེན་བྱེད་དེ་ཕྱོགས་བསྒྲིགས་བྱེད་པའི་གུ་གཱལ་ཨར྄ཐ་ (Google Earth) ཞེས་བྱ་བའི་དྲྭ་རྒྱ་ཞིག་བཟོས་ཡོད་པས། དེར་གཟིགས་ན།
ལྟ་བར་འདོད་ན་ཨ་རིའང་ཁྱོད་ཀྱི་འགྲམ། །མི་འདོད་ཚེ་ན་ཀི་ལིག་གནོན་ཐེངས་གཅིག
གང་འདོད་ཁྲོམ་ཚོགས་ཁྱོད་ཀྱི་མདུན་ནས་ཤར། །ཡ་མཚན་གུ་གཱལ་ལན་གཅིག་མཐོང་བར་ཤོག།

ཅེས་སྨོན་ལམ་རྒྱབ་ནའང་རྒྱབ་རིན་ཆོག་པ་ཞིག་ཡོད།
མདོར་ན་རང་རེའི་མི་རིགས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་བསྒྲུབས་པའི་ཆོས་ཀྱི་བགོ་སྐལ་དེ་དག ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བཏང་ནས་བསྒྲུབས་པ་རང་རེད་མ་གཏོགས། མཐུ་དང་རྫུ་འཕྲུལ་སོགས་ལ་བརྟེན་ནས་བྱུང་བ་གང་ཡང་མ་རེད། བླ་མ་རང་ཉིད་སྐུ་དངོས་བཞུགས་དུས་རྫུ་འཕྲུལ་གང་ཡང་སྟོན་རྒྱུ་མེད་ཀྱང༌། རྗེས་འཛིན་སློབ་མས་བྲིས་པའི་རྣམ་ཐར་དུ་རྫུ་འཕྲུལ་མང་པོ་བྱུང་བ་དེ་ནི། སློབ་མ་ཁོ་རང་འགྲོ་བ་ཐ་དད་པ་ཞིག་ཆགས་པའི་དབང་གིས་བྱུང་བའི་སྣང་ཚུལ་ཞིག་རེད། དེས་ན་དངོས་ཡོད་གནས་ཚུལ་སྤྱི་དང༌། ལྷག་པར་དུ་ས་གནས་ངོ་སྤྲོད་དང༌། རྒྱལ་རབས་ལོ་རྒྱུས་སོགས་ནི། རྫུ་འཕྲུལ་གྱི་ལྷ་སྒྲུང་སོགས་དང་རྩ་ནས་འདྲེས་མི་རུང་བ་ནི། རིན་ཆེན་གསེར་ལས་རིན་ཐང་ཆེ་བའི་གནད་དགག་ཅིག་ཡིན། མ་ཟད་ད་ལྟའི་དུས་ཚོད་ནི་ལྷ་སྒྲུང་དང་ལུང་ཚད་མ། གནམ་ཡིག་དང་གཏེར་ཡིག རང་བྱུང་རྡོ་སྐུ་ལ་སོགས་པའི་དུས་ཚོད་རྫོགས་ནས་མངོན་སུམ་ཚད་མའི་དུས་ལ་བསླེབས་པ་རེད། ལུང་ཚད་མ་མང་པོ་ཞིག་གིས་རྫ་མ་ཆག་གྲུམ་ཞིག་གི་ཁ་གཏད་ལྕོགས་ཀྱི་གི་མི་འདུག རོ་ལངས་ཀྱི་ལྕེ་ལས་གྲུབ་པའི་རལ་གྲི་འཁྱེར་ནས་རི་རབ་གླིང་བཞིའི་བཀོད་པ་བལྟའི་དུས་ཚོད་ཀྱང་རྫོགས་པ་རེད། ད་ནི་དེའི་ཚབ་ལ་ཧ་བཱལ་བར་སྣང་རྒྱང་མཐོང་(Hubble Space Telescope)  འཇིག་རྟེན་འདིའི་ཕྱི་ལོགས་ནས་ང་ཚོ་ལ་ལྟད་མོ་བལྟ་བཞིན་བཞུགས་འདུག།
ལྷ་ཡི་རྒྱལ་ཁམས་བསྐྱངས་པས།།མི་ཡི་རྒྱལ་ཁབ་ཤོར་སོང༌།།
གནམ་ཡིག་གཏེར་ཡིག་མང་བས།།ཐུབ་ཆོས་ངོ་མ་བརླགས་འདུག།
གསང་བ་བསམ་མི་ཁྱབ་དེས།།སྡུག་བསྔལ་བསམ་མི་ཁྱབ་སོང༌།།
ད་དུང་གསང་བ་མང་ན།།མི་བརྒྱུད་གསང་བར་ཆགས་སྲིད།།
ཟབ་ཆོས་གཏེར་གྱི་སྒྲོམ་བུར། །གསར་འགོད་ཁ་གཏད་ལྕོགས་ཀྱི།།
ལུང་གི་ཚད་མ་དེ་ཚོར། །རྫ་མས་ཁ་གཏད་ལྕོགས་ཀྱི།།
རང་བྱུང་རྡོ་ཡི་སྐུ་ལ། །བཟོ་ཡི་ལག་རྗེས་ཡོང་གི།།
བྲག་ལ་རྒྱབ་བསྟན་སྐུ་རྗེས། །ཁ་མིག་སྣ་གསུམ་ཡོང་གི།།
སྟེང་ནས་བུབ་པའི་བྲག་ལ། །བླ་མའི་ཞབས་རྗེས་མཇལ་དུས།།
མཚན་ལྡན་བླ་མ་དེ་ཉིད། །རྒྱབ་མཆོང་རྡོག་རྒྱག་མཁྱེན་གྱི།།
རྡོ་བརྐོས་མ་མཐོང་མི་ལ། །རྡོ་རིས་རང་བྱུང་རེད་འདུག།
ལྷོ་ཕྱོགས་བྲག་བརྐོས་མཐོང་ན། །རང་བྱུང་སེམས་ནས་བརྗེད་ཡོང༌།།

དེ་ལྟར་གོང་དུ་ཞུས་པ་དེ་དག་ གནམ་སའི་གསང་བ་ ཞེས་པའི་དེབ་འདིར་ཁུངས་དང་རྒྱུ་མཚན་ལྡན་པའི་པར་དང༌། གློག་བརྙན། ལོ་རྒྱུས། ལྟ་གྲུབ་སོགས་གང་ཅིའི་ཐད་ནས་རྒྱས་པར་བཤད་ཡོད་པར་ལགས་ན་དོན་གཉེར་ཅན་རྣམས་ནས་དེར་གཟིགས་པར་ཞུ།།

ཞེས་མི་ཚེ་ཐོས་པར་བསྐྱལ་བའི་སློབ་བུ་བསམ་གཏན་མིང་པས་རབ་གནས་ས་བྱི་ཆུ་སྟོད་ཟླ་བའི་མར་ངོ་རྒྱལ་བ་གསུམ་པའི་ཉིན་(28/8/2008)ལ་ཝཱ་ཎའི་མཐོ་སློབ་ཁང་གི་རང་ཤག་ཏུ་བྲིས་པ་འདིས་ཀྱང་རང་འདྲའི་སློབ་བུ་རྣམས་སྲོལ་རྒྱུན་གྱི་གཉིད་ལས་སློང་བའི་རྒྱུར་གྱུར་ཅིག་གུ།།         བྷ་བ་ཏུ་སརྦ་མངྒ་ལཾ།།    །།




No comments: