Tuesday, March 9, 2021

སྐར་ནག་རྩིས་ཀྱི་བྱུང་རིམ།

རྩིས་ཀྱི་དགོས་པ།

བྱིས་པའི་མི་ཚེའི་གནས་སྟངས། གཉེན་སྒྲིག་གི་མཐུན་ལམ། རང་གི་ཉིན་རེ་བཞིན་གྱི་བྱ་བ་ལམ་འགྲོ། གཤིན་པོའི་རྐྱེན་སེལ་རིམ་གྲོ་ལ་སོགས་པའི་འཇིག་རྟེན་གྱི་བྱ་བཞག་རྣམས་རྩིས་ལ་བརྟེན་ནས་ཤེས་དགོས་པ་དང་། དེ་བཞིན་ཆོས་ཕྱོགས་ཀྱི་བྱ་བ་བཟང་པོའི་རྟེན་འབྲེལ། བསྡོམ་པ་དབང་བསྐུར། བསྒོམ་ཉམས་ལེན་ལ་སོགས་པ་ཀུན་ཀྱང་རྩིས་དང་བསྟུན་ནས་བྱ་དགོས་པ་ཡིན་པས། གལ་ཏེ་རྩིས་ཀྱི་རྣམ་གཞག་འདི་དག་རང་གིས་ཤེས་ན། གཞན་ལ་རེ་མ་དགོས་པར་རང་འགོ་རང་འདྲོངས་ཀྱི་སྤང་བླང་ཚུལ་བཞིན་བྱ་ནུས་པའི་ཁེ་ཕན་ཡོད།

 སྐར་ནག་དབྱངས་གསུམ་རྩིས་ཀྱི་བྱུང་རབས།

.   སྐར་རྩིས་ཀྱི་སྔོན་བྱུང་།

རྩིས་ལ་སྐར་ནག་དབྱངས་གསུམ་ཅེས་གསུམ་ཡོད་པའི་ནང་ནས། སྐར་རྩིས་ནི་ནམ་མཁའི་གཟའ་དང་ སྐར་མིའི་འཕོ་འགྱུར་ལས་བརྟེན་ནས་ སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་རིག་པ་ཞིག་ཡིན། འདི་ལ་ཡང་ཕྱི་ནང་གི་སྐར་རྩིས་རིགས་མི་འདྲ་བ་ཡོད་པའི་ནང་ནས། ནང་པའི་སྐར་རྩིས་ནི་དུས་འཁོར་གྱི་གཞུང་ལ་བརྟེན་ནས་བྱུང་བ་ཞིག་ཡིན། 

དུས་འཁོར་གྱི་གཞུང་འདི་ཡང་། དོན་དགུ་བཞེས་པའི་ཆུ་རྟ་ལོར། །ནག་ཉར་དཔལ་ལྡན་འབྲས་སྤུངས་སུ། །ཆོས་རྒྱལ་ཟླ་བ་བཟང་སོགས་ངོར། །དུས་ཀྱི་འཁོར་ལོ་གསུངས་ནས་ལོ།། ཞེས་གསུངས་པ་ལྟར།  གསང་སྔགས་ཆོས་ཀྱི་བཀའ་བསྡུ་མཛད་མཁན། གསང་བདག་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ བྱང་ཤམྦྷ་ལའི་རྒྱལ་པོ་ཟླ་བ་བཟང་པོས་གཙོས་པའི་ ཡུལ་འཁོར་དགུ་ཅུ་རྩ་དྲུག་གི་རྒྱལ་པོ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག དགུང་ལོ་དོན་དགུ་བཞེས་པའི་ཆུ་ཕོ་རྟའི་ལོཟླ་བ་གསུམ་པ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོའི་ནང་དུ།  སྟོན་པ་བཅོམ་ལྡན་འདས་ཁོ་རང་ དུས་ཀྱི་འཁོར་ལོའི་སྐུར་བཞེངས་ནས། ཚིགས་བཅད་སྟོང་ཕྲག་བཅུ་གཉིས་ཅན་གྱི་དུས་འཁོར་རྩ་བའི་རྒྱུད་གསུངས། ༼ཕུན་སུམ་ཚོགས་པ་ལྔ། ག་ཏེ་ལུ། དུས་ནམ། ག་གིས། ག་ལུ། ག་ཅི་གསུངས་ནུག།༽

དེ་ནས་རྒྱལ་པོ་ཟླ་བ་བཟང་པོ་མཆོག་རང་གི་རྒྱལ་ཁམས་སུ་ལོག་ནས། ཤམ་བྷ་ལའི་མ་ལ་ཡའི་སྐྱེད་ཚལ་ལྡུམ་ར་ནང་ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བློས་བླངས་བཞེངས་སྟེ་དུས་འཁོར་ཀྱི་ཆོས་གསུངས་ཡོད་པས་མི་ཚད། རྩ་རྒྱུད་ཀྱི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་མ་ཡང་མཛད། དེ་ནས་ཁོ་རང་གི་སྲས་བརྒྱུད་དྲུག་གིས་བརྒྱུད་འཛིན་མཛད་ནས་འོངས་པ་ལ་བརྟེན་ནས། ཤམ་བྷ་ལའི་འདས་པའི་རྒྱལཔོ། ༡ཟླ་བཟང་༢ལྷ་དབང་༣གཟི་བརྗིད་ཅན།། ༤ཟླ་བས་བྱིན་དང་༥ལྷའི་དབང་ཕྱུག། ༦སྣ་ཚོགས་གཟུགས་དང་༧ལྷའི་དབང་ལྡན།། བཅས་ཀྱི་རྒྱལ་པོ་བདུན་ལ་ཆོས་རྒྱལ་བདུན་ཅེས་བྱ་བ་ཡིན། དེ་ནས་རྒྱལ་བརྒྱུད་བརྒྱད་པ་དང་། རིགས་ལྡན་དང་པ་རིགས་ལྡན་འཇམ་དཔལ་གྲགས་ས་དུས་འཁོར་སྡུད་རྒྱུད་མཛད་ནས་དབང་གནང་། བྲམ་ཟེ་ལ་སོགས་པའི་རིགས་མ་འདྲ་བ་རྣམས་རིགས་གཅིག་ཏུ་འགྱུར་བ་ལ་བརྟེན་ནས། འཇམ་དཔལ་གྲགས་པ་ལས་བརྒྱུད་པའི་རྒྱལ་བརྒྱུད་ཉེར་ལྔ་རྣམས་ལ་རིགས་ལྡན་རྒྱལ་པོ་ཞེས་བྱ་བ་ཡིན། དེ་ནས་རིགས་ལྡན་གཉིས་པ་པདྨ་དཀར་པོས། སྡུད་རྒྱུད་ཀྱི་འགྲེལ་པ་འགྲེལ་ཆེན་དྲི་མེད་འོདམཛད་པ་དང་།  རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་མཆོག་གིས། དུས་རབས་དགུ་པ་སྤྱི་ལོ་༨༠༦འི་ལོ་དེར་རྩིས་འགོ་སྤོས་གནང་ནས། ད་ལྟའི་བར་ཡང་ དུས་ཀྱི་འཁོར་ལོའི་ཆོས་སྐོར་འདི་ཉིད་ཤམ་བྷ་ལའི་ཡུལ་དུ་དར་ཁྱབ་བྱུང་ནས་ཡོད་པ་ཡིན་ནོ།།

རྒྱ་བོད་གཉིས་ལུ་དུས་འཁོར་གྱི་ཆོས་དར་ཚུལ།

དུས་རབས་བཅུ་པའི་ནང་། རྒྱ་གར་བྷང་ག་ལའི་ཡུལ་ནས་ཡིན་པའི་སློབ་དཔོན་ཙི་ལུ་པ་མཆོག་གིས། ཤམ་བྷ་ལར་བྱོན་པའི་ལམ་དུ་རིགས་ལྡན་རྒྱལ་པོ་དང་མཇལ། དུས་འཁོར་ཀྱི་ཆོས་སྐོར་གསན་ནས་རྒྱ་གར་འཕགས་པའི་ཡུལ་དུ་སྤེལ་གནང་ཡོད་པ་དང་། དེ་ནས་རིམ་པ་བཞིན་དུ་རྒྱ་གར་ཨོ་རི་སའི་ས་གནས་རིན་ཆེན་རི་བོ་ཞེས་བྱ་དེར་དར་ཁྱབ་བྱུང་བ་ཡིན་ནོ།།

དེ་ནས་དུས་རབས་བཅུ་གཅིག་པ་སྤྱི་ལོ་༡༠༢༧ རབ་བྱུང་དང་པོའི་མེ་ཡོས་ཀྱི་ལོར། གྱི་ཇོ་ལོ་ཙཱ་བ་མཆོག་གིས་ དུས་འཁོར་སྡུད་རྒྱུད་འགྲེལ་ཆེན་དང་བཅས་པ་བོད་ཀྱི་ཁ་སྐད་ནང་འགྱུར་ཡོད་པ་དང་། རྭ་ལོ་ཙཱ་བ། འབྲོག་མི་ལོ་ཙཱ་བ། ཙ་མི་ལོ་ཙཱ་བ་གསུམ་ནས་བརྒྱུད་དེ་དུས་ཀྱི་འཁོར་ལོའི་གཞུང་དེ་བོད་དུ་དར་ཁྱབ་བྱུང་བ་ཡིན་ནོ།།

 

 

 

༡.༢   ནག་རྩིས་ཀྱི་སྔོན་བྱུང་།

ནག་རྩིས་ནི། རྒྱ་ནག་ནས་བྱུང་བའི་རྒྱུ་མཚན་གྱིས་ནག་རྩིས་ཞེས་བྱ་བ་ཡིན་ན་ཡང་། རྩིས་གཞི་ཤིང་མེ་ས་ལྕགས་ཆུ་ལྔའི་འབྱུང་བ་ལྔ་ལ་གཞི་བཞག་པའི་རྒྱུ་མཚན་གྱིས་འབྱུང་རྩིས་ཞེས་ཀྱང་བྱ་བ་ཡིན།

འདིའི་བྱུང་རིམ་ནི། མིག་དམར་ཤིང་བྱི་མགོ་ཟླའི་ཉར། །རྒྱ་ནག་རི་བོ་རྩེ་ལྔ་རུ། །སྟོན་མཆོག་འཇམ་དབྱངས་ཚུལ་བྱོན་ནས། །འབྱུང་རྩིས་བརྒྱད་ཁྲི་བཞི་སྟོང་གསུངས།། ཞེས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་་ལོ་ངོ་བཞི་བཅུ་ལོན་པ། མིག་དམར་ཤིང་བྱིའི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ། རྒྱ་ནག་རི་བོ་རྩེ་ལྔར་ཤིང་གི་ལྦ་བ་ལས་ སྟོན་པ་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུགས་སུ་བྱོན་ནས། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་པའི་འཁོར་རྣམས་ལ། འབྱུང་བ་རྩིས་ཀྱི་ཆོས་འཁོར་བསྐོར།

དེ་ནས་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་གྱི་སྐབས། བཙུན་མོ་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་དུ་བྱོན་པ་ན་འབྱུང་རྩིས་འདི་ཡང་བོད་སྐད་དུ་སྒྱུར་ནས་བོད་དུ་དར་ཁྱབ་བྱུང་བ་ཡིན།

 

 

༡་༣   དབྱངས་འཆར་སྔོན་བྱུང་།

ཁ་སྣའི་དབུགས་རྣམས་དབྱངས་གསལ་གྱི་ངོ་བོ་ཡིན་པ་དང་། དེ་འདྲའི་དབྱངས་གསལ་འཆར་ཚུལ་གྱི་རྟེན་འབྲེལ་ལ་བརྟེན་ནས། འགྲོ་བ་མིའི་བདེ་སྡུག་བརྟག་པའི་རྩིས་ཡིན་པས་དབྱངས་འཆར་ཞེས་བ་ཡིན་ཀྱང་། དབྱངས་འཆར་གཞུང་གི་ནང་དུ་དབྱངས་ཀྱི་རྟེན་འབྲེལ་དེ་ཙམ་མིན་པར། རང་བསྲུང་གཞན་འཇོམས་ཀྱི་དྲག་ལས་གཙོ་བོར་སྟོན་ནས་ཡོད། 

འདིའི་བྱུང་རིམ་ནི་འཆར་ཤེལ་གྱི་མེ་ལོང་ལས། སྤྱན་རས་གཟིགས་དབང་སྒྲོལ་མའི་ཐུན་མོང་ངོར། །ལྷ་མཆོག་བདེ་འབྱུང་ཡབ་ཡུམ་རྣམ་རོལ་པའི། །སྐྱེ་རྒུའི་མིག་བཟང་འགྱུར་པ་བླང་དོར་རྩིས། །འདི་འདྲ་འདོམས་པར་མཛད་ལ་སུས་མི་གུས།། ཞེས་པ་ལྟར། གཞུང་འདི་ཉིད། སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ལྷ་ཆེན་དབང་ཕྱུག་དང་ལྷ་མོ་ཨུ་མ་གཉིས་དྲི་བ་དྲི་ལན་གྱི་ཐོག་ནས་གསུངས་པ་དང་། དེ་ནས་རིམ་པ་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བ་ཞིག་ཡིན་པ་དང་། དུས་རབས་བཅུ་གཉིས་པའི་ནང་རྒྱ་གར་པཎ་ཌི་ཏ་ཇ་ཡ་ཨནནྡ་དང་། བོད་ཀྱི་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བོད་སྐད་དུ་སྒྱུར་བ་ནས་བཟུང་བོད་དུ་དར་ཁྱབ་བྱུང་བ་ཡིན།

 

 

༡་༤   བྱུང་རིམ་དོགས་དཔྱོད།               

བཤད་སྲོལ་ལྟར་བྱས་ན། སྐར་རྩིས་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པར་འདོད་ན་ཡང་། རྒྱལ་སྤྱིའི་ལོ་རྒྱུས་ལྟར་ན། སྐར་རྩིས་དང་པ་ནུབ་ཕྱོགས་ཨ་རབ་ནས་བྱུང་སྟེ་རྒྱ་གར་ཡུལ་དུ་དར་བ་དང་། ཕྱིས་སུ་དུས་རབས་ལྔ་པ་དང་དྲུག་པའི་ནང་། རྒྱ་གར་རང་གིས་གྲུབ་རྩིས་དང་བྱེད་རྩིས་ཀྱི་གཞུང་མི་འདྲ་བ་མང་དུ་བརྩམས་ནས། རྒྱ་གར་སྐར་རྩིས་རིག་པ་ཡར་རྒྱས་ཕྱིན་འདུག། དེས་ན་རིགས་ལྡན་འཇམ་དཔལ་གྲགས་པ་མཆོག་གིས། སྤྱི་ལོ་༨༠༦མེ་ཁྱིའི་ལོར། རྒྱ་གར་གི་སྐར་རྩིས་རིག་པ་སྤྱི་དང་ལྷག་པར་དུ་བྱེད་རྩིས་ཀྱི་གཞུང་ལ་གཞི་བཞག་ནས་དུས་འཁོར་སྡུད་རྒྱུད་ཀྱི་གཞུང་བརྩམས་པ་འདྲ་བ་ཞིག་འདུག། 

དེ་བཞིན་ནག་རྩིས་འདི་ཡང་། སྟོན་པ་མྱང་ལས་འདས་པའི་རྗེས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུངས་པར་འདོད་ཀྱང་། རྒྱ་ནག་གི་ས་འོག་ནས་སྨེ་བ་སྤར་ཁ་ལས་སོགས་པའི་རྩིས་ཀྱི་རིས་མོ་ཡོད་པའི་རུས་སྦལ་གྱི་ཁོག་པ་ ལོ་ངོ་སྟོང་ཕྲག་ལྔ་ལྷག་པ་ཞིག་ཐོན་ཡོད་པ་དེ་ལ་བསམ་གཞིག་བྱས་ཚེ། སངས་རྒྱས་མ་བྱོན་པའི་སྔོན་ནས་འབྱུང་རྩིས་བྱུང་ཡོད་པ་འདྲ་པོ་ཞིག་འདུག།

དབྱངས་འཆར་གྱི་གཞུང་འདི་ཡང་། རྒྱ་གར་གྱི་རྒྱལ་པོ་རེ་རེའི་འགྲམ་ལ་མདུན་ན་འདོན་ཞེས་པའི་བླ་མ་རྩིས་པ་རེ་བཞག་སྲོལ་ཡོད་པ་དང་། དེ་དག་གི་ལས་འགན་ནི་ རྒྱལ་ཁབ་བསྲུང་སྐྱོབ་ཡར་རྒྱས་ཀྱི་ལམ་སྟོན་གནང་རྒྱུ་དང་། དམག་གི་ལམ་སྟོན་བྱ་རྒྱུ་ཡིན་པར་བརྟེན། བྲམ་ཟེ་མདུན་ན་འདོན་དག་གིས་ཕྱོགས་བསྒྲིགས་མཛད་ནས་བརྩམས་པའི་གཞུང་ཞིག་ཡིན་པ་འདྲའོ།།

 

ས་གནས་ངོ་སྤྲོད། འབྲས་སྤུངས། (1)ཨང་གྲངས་འདི་འོག་གི་པར་ནང་བལྟ།

ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ ཟེར་མི་འདི་ རྒྱ་གར་ལྷོ་ཕྱོགས་(Andhara Pradesh) གི་མངའ་སྡེ་ནང་ (Amar Vati) ཟེར་མི་འདི་ཁར་ཡོད། འདི་ཡང་ ཆུ་ཆེན་ཀྲིཥྞ་ ནུབ་ལས་ཤར་ལས་འགྱོ་སའི་ལམ་ཁར་ ལྷོའི་ཕྱོགས་ཀྱི་རི་གཤོང་གཅིག་ལུ་ཆགས་སྟེ་ཡོད།

 

 

 

བྱང་ཤམ་བྷ་ལ། (2,3)

ས་གནས་འདི་ མཁས་པ་ཚུ་གིས་ རྒྱ་གར་གྱི་བྱང་ཕྱོགས་ སྟག་གཟིག་(Tajakistan) གི་གཡུས་ཁར་འཚོལ་དོ་ཡོདཔ་ཨིན་རུང་། དོན་ངོ་མ་ལུ་ རྒྱ་གར་ལྷོ་ཕྱོགས་ ཨོ་ཌི་བི་ཤ་ ཟེར་ ད་རེས་ནངས་པ་ཨོ་རི་ས(Odisha) ཟེར་སླབ་མི་འདི་ཁར་ཡོད། འདི་ཡང་ ཨོ་རིའི་སའི་ནུབ་ཕྱོགས་ལུ་ ཤམ་བྷལ་པཱུར་ཟེར་མི་འདི་ཁར་ཨིན་མས།

རྒྱ་ནག་རི་བོ་རྩེ་ལྔ། (4)

ས་གནས་འདི་ རྒྱ་ནག་རྒྱལ་ས་ལྟེ་བ་ པེ་ཅིང་(beijing)ལས་ནུབ་ཕྱོགས་དང་། ཤང་ཙི་(Shanxi) མངའ་སྡེའི་བྱང་ཐ་ན་ཡོད། རྒྱ་མིའི་ཁ་སྐད་ནང་ རི་འདི་གི་མིང་ལུ་ འུ་ཏའི་ཤན (Wu Tai Shan) ཟེར་སླབ་ཨིན་མས། https://www.youtube.com/watch?v=wT4tXGcoyWw

 

 

རི་བོ་ཀེེ་ལ་ཤ། གངས་རི་ཏི་སེ། (5)

ལྷ་ཆེན་དབང་ཕྱུག་གིས་ ལྷ་མོ་ཨུ་མ་ལུ་ རྩིས་གཞུང་དབྱངས་ཆར་གསུངས་སའི་གནས་ ཀཻ་ལ་ཤ་ འདི་བོད་ཀྱི་གངས་རི་ཏི་སེ་ཨིནམ་དང། འདི་ཡང་ རྒྱ་གར། རྒྱ་ནག། ནེ་པཱལ་གསུམ་གྱི་རྒྱལ་མཚམས་འཛོམས་ས་འདི་གི་བྱང་ལུ་ མ་ཕམ་གཡུ་མཚོ་དང་། དེ་གི་བྱང་ལུ་ཏི་སེ་ཡོདཔ་ཨིན།


2 comments:

མཁན་པོ་ཨོ་རྒྱན་རིག་འཛིན། said...

ང་ནི་རྩིས་ལ་ཡིད་ཆེས་མེད།

གནམ་སའི་དྲྭ་བ། said...

ཁྱོད་ཀྱིས་ཡིད་ཆེས་གནང་དགོས། ཞེས་བཙན་དབང་སུས་ཀྱང་གཏོང་གི་མེད། ཁྱེད་རང་གི་རང་དབང་རེད།