Saturday, April 4, 2020

གབ་ཚིག་དང་སྐྱོན་སེལ་ཕྱོགས་བསྒྲིགས།

སྙན་ངག་ལེའུ་གསུམ་པ། གབ་ཚིག་དང་སྐྱོན་སེལ་ཕྱོགས་བསྒྲིགས།
འགྲེལ་པ་དང་དཔེར་བརྗོད། བོད་མཁས་དགེ་ལེགས་རྣམ་རྒྱལ།
དཔེར་བརྗོད་འགྲེལ་བཤད། དབྱངས་ཅན་གྲུབ་པའི་རྡོ་རྗེའི་དངོས་སློབ།
ཕྱོགས་བསྒྲིགས་པ། བསམ་གཏན། ༢༠༢༡༩

  ༄༅།  །ཉོན་ཤེས་གཉིས་ཀྱི་སྒྲིབ་པ་དབྱིངས་སུ་དག །བརྩེ་བས་ཡོངས་བསྐུལ་ཆོས་དོན་སྨྲ་བའི་ཕྱིར།།
མང་དུ་ཐོས་པ་ཅན་གྱི་མགྲིན་རྒྱན་དུ། །བཞུགས་པའི་ངག་དབང་ལྷ་མོས་ཤིས་པ་རྩོལ།།
ཞེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས། གབ་ཚིག་དང་སྐྱོན་སེལ་གཉིས་སྐབས་སུ་འབབ་པའི་བརྗོད་བྱ་དང་། འདི་ཡང་ སྙན་ངག་སྨྲ་བའི་དབང་པོ་རྗེ་བོད་མཁས་པའི་དཎྜིའི་དགོངས་རྒྱན་གཞིར་བཟུང་དང་། གབ་ཚིག་དཔེར་བརྗོད་ཀྱི་འགྲེལ་བཤད་འདི་ཉིད། དབྱངས་ཅན་གྲུབ་པའི་རྡོ་རྗེའི་དངོས་སློབ་མཚན་མི་གསལ་བ་ཞིག་གིས་མཛད་པ་བཅས་ལ། ཁ་སྐོང་ཅུང་ཟད་ཁོ་བོ་རང་ཉིད་ཀྱིས་ཀྱང་བྱས་ནས་ཞུ་བར་བྱ་བ་ཡིན་ནོ།།


འདི་ལ་གབ་ཚིག་དང་སྐྱོན་སེལ་གཉིས་ལས། དང་པོ་གབ་ཚིག་གི་རྒྱན་ལ་ལྔ་སྟེ། དམ་བཅའ་བ། མཚན་ཉིད། དགོས་པ། མདོར་བསྟན། རྒྱས་བཤད། མཇུག་དོན་བསྡུ་བའོ།། དང་པོ་དམ་བཅའ་ནི།
གབ་ཚིག་དག་གི་རྣམ་པ་ཡི། །ལུགས་ཀྱང་རབ་ཏུ་བསྟན་པར་བྱ།།
གབ་ཚིག་གི་རྒྱན་དག་གི་རྣམ་པའམ་མཚན་ཉིད་དང་མཚོན་བྱའི་ལུགས་ཀྱང་རབ་ཏུ་བསྟན་པར་བྱའོ།།

གཉིས་པ་མཚན་ཉིད་ནི།
གབ་བྱེད་ཚིག་དོན་གང་ཞིག་གིས། །བརྗོད་དོན་དངོས་འདི་སྦས་པ་འོ།།
འབྲེལ་མེད་གཞན་གྱིས་མི་གོ་ཞིང་། །འབྲེལ་ཡོད་ཉིད་ཀྱིས་གོ་བ་མང་།།
བརྗོད་དོན་དངོས་ལས་ཀྱང་གཞན་ལ་འཇུག་པ་ཁྱབ་ཆེ་བའི་ ཚིག་དང་དོན་གང་རུང་ཞིག་གིས་བརྗོད་དོན་དངོས་འདི་སྦས་ནས་བཞག་པའི་ཚིག་རྒྱན་ཞིག་ལ་གབ་ཚིག་ཅེས་བྱ་བ་དང་། འདི་ཡང་སྦས་དོན་འདི་དང་འབྲེལ་བ་མེད་པའི་མི་གཞན་གྱིས་གོ་མི་ནུས་ཤིང་། འབྲེལ་ཡོད་ཀྱི་གང་ཟག་དེས་གོ་ནུས་པ་ཡིན་ན་ཡང་། གབ་ཚིག་བཅུ་དྲུག་གི་ནང་ནས། ཀུན་ཚོགས། རབ་བཅོམ། རྩུབ་མོ། མིང་བསྡུས། མཐུན་སྒྲ། རྨོངས་པ། ཡོངས་འཕྲོག། སྒྲིབ་པ། ཡོངས་འདྲེས་བཅས་དགུའི་སྦས་དོན་འདི་སྙན་ངག་མཁན་རང་གི་འགྲེལ་བཤད་མེད་ན་ འབྲེལ་ཡོད་ཀྱི་གང་ཟག་འདིས་ཀྱང་གོ་དཀའ་བའི་གནས་སུ་གྱུར་པ་ཡིན་ནོ།།

གསུམ་པ་དགོས་པ་ནི།
རྩེད་མོའི་མདུན་སར་བཞད་གད་དང་། །དེ་ཤེས་ཚོགས་སུ་གསང་སྨྲ་དང་།།
ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེར་མཁོ་ལྡན།།
རྩེད་མོའི་བྱ་བ་རྩོམ་པའི་མདུན་སར་བཞད་གད་ཀྱི་དོན་དང་། དེ་ཤེས་པ་དག་ཕན་ཚུན་ཚོགས་སུ་གསང་བའི་གཏམ་སྨྲ་བ་དང་། ཕ་རོལ་རྣམས་ཀུན་ཏུ་མགོ་རྨོངས་པར་བྱེད་པ་ལ། གབ་ཚིག་གི་རྒྱན་འདི་དག་ཉེ་བར་མཁོ་ཞིང་དགོས་པ་དང་ལྡན་པའོ།།

བཞི་པ་མདོར་བསྟན་པ་ནི།
ཀུན་ཏུ་ཚོགས་སར་སླུ་བའི་ཚིག །རིམ་པ་བྲལ་ན་རབ་ཏུ་བཅོམ།།
མཐུན་པའི་གཟུགས་ལ་རྩུབ་མོའི་ཚིག །གྲངས་ཁ་མང་ན་རབ་བཏགས་ཡིན།།
མིང་དུ་འདུས་ན་དོན་གཞན་སྒྲིབ། །མཐུན་པའི་སྒྲ་ཡང་རྨོངས་པར་འགྱུར།།
ཡོངས་སུ་འཕྲོག་ན་གཅིག་སྒྲིབ་ཅིང་། །དེ་ལས་གཉིས་སྒྲིབ་ཡོངས་སུ་འདྲེས།།
ཞེས་པ་ལྟར། ༡ཀུན་ཏུ་ཚོགས་པའི་གབ་ཚིག། ༢སླུ་བྱེད། ༣ རིམ་པ་བྲལ་བ། ༤རབ་བཅོམ། ༥མཐུན་གཟུགས། ༦རྩུབ་མོ། ༧གྲངས། ༨རབ་བཏགས། ༩མིང་དུ་འདུས་པ། ༡༠དོན་གཞན་སྒྲིབ་པ། ༡༡མཐུན་པའི་སྒྲ། ༡༢རྨོངས་པ། ༡༣ཡོངས་སུ་འཕྲོག་པ། ༡༤གཅིག་སྒྲིབ། ༡༥གཉིས་སྒྲིབ། ༡༦ཡོངས་འདྲེས་ཀྱི་གབ་ཚིག་བཅས་བཅུ་དྲུག་གོ།།

ལྔ་པ་དངོས་བཤད་པ་ལ་བཅུ་དྲུག་ལས། རེ་རེ་བཞིན་གྱི་མཚན་ཉིད་དང་། འོག་གི་དཔེར་བརྗོད་མཉམ་དུ་བླངས་ནས་བཤད་པར་བྱའོ།།
ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་པ་ཞེས་པར་བརྗོད།།
ཚིག་སི་སོགས་དང་ཏི་སོགས་ཀྱི་མཐའ་ཅན་དག་མཚམས་སྦྱར་བས། སྒྲ་འདྲེས་པའི་བརྗོད་དོན་སྦས་པ་ནི། ཀུན་ཏུ་ཚོགས་པའི་གབ་ཚིག་ཞེས་པར་མཁས་པ་རྣམས་བརྗོད་དོ།། དཔེར་བརྗོད་ནི།
ན མཡཱ གོརསཱབྷིཀྵཾ ཅེ་ཏཿ ཀསྨཱཏྤྲ་ཀུཔྱསི། ཨསྠཱནརུ་དིཏཻརེབྷི རལམཱལོཧིཏེཀྵཎེ།།
མ་ཡཱ་གོ་རཿསེམས་ཀྱིས་ནི། །ཤེས་པ་མེད་ལ་ཅི་སླད་ཁྲོ།།
གནས་མིན་ངུ་བ་འདི་ཡིས་ནི། །ཅི་བྱེད་ཀུན་ཏུ་མིག་དམར་མ།།
(མེ་ཨ་གས྄་རས྄) མེ་བདག ཨཱ་གས་གནོད་པ། ར་ས་རོ་བྲོ་བ་སྟེ། རིམ་པ་ལས་མ་འདས་པས་ཕྲལ་བར་བྱའོ། །མེ་ལས་སྲོག་ཨེ་ཕྲལ། ཨེ་ཡིག་དེས། ཨ་གས་ཀྱི་ཨ་ཡིག་མཐོང་བས་ཨེ་ཨ་ཡ་རུ་སོང་། ཨ་ཡིག་མཚམས་སྦྱར་བས། མ་ཡཱ་གས྄། རེ་ཕ་དང་ས་དག་གིས་རྣམ་པར་བཅད་བྱ་འོས། ས་རྣམ་བཅད། དེས་རས་ཀྱི་ར་མཐོང་ནས། ཨ་དང་སྒྲ་ལྡན་དག་གིས་འང་ངོ་། རྣམ་བཅད་ཨུ། ཨུའི་ཡི་གེ་ལ་ཨོ་འོ། ག་ལས་ཕྲལ་བའི་ཨ་ཡིག་ཨོ། གསལ་བྱེད་དབྱངས་མེད་དྲངས། ཕ་རོལ་ཨུ་དབྱི། གོ་རས། ས་རྣམ་བཅད། མ་ཡཱ་གོ་རཿགྲུབ།
ཀྱེ་མིག་དམར་མ། བདག་གི་གནོད་པའི་རོ་བྲོ་བའི་སེམས་ཀྱིས་ཤེས་པ་མེད་པ་ལ་ཅིའི་སླད་དུ་ཁྲོ་སྟེ། གནས་མིན་པ་ལ་ངུ་བ་འདི་ཡིས་ཅི་བྱེད་ཅེས་ཆགས་མྱོས་ཀྱིས་མིག་དམར་བའི་མཛེས་མ་ལ་བཞད་གད་དུ་བྱས་པ་དེ། མ་ཡཱ་བདག གོ་བ་ལང་། ར་ས་རོ་བྲོ་བ་སྟེ། བདག་གི་བ་ལང་གི་རོ་བྲོ་བ་ཞེས་པར་འཁྲུལ་ཞིང་རྨོངས་སུ་འཇུག་པས་ན། ཀུན་ཏུ་ཚོགས་པའི་གབ་ཚིག་གོ།
གབ་བྱའི་དོན་ནི། བདག་གིས་ཁྱོད་ལ་གནོད་པའི་ལས་བུ་མོ་གཞན་དང་འབྲེལ་བ་ནི་བྱས་མེད། རྒྱུ་མཚན་མེད་པར་ངུ་ནས་ཅི་བྱེད། ཅེས་པ་ཡིན་ཀྱང་། ཚིག་གི་གཅོད་མཚམས་དབང་གིས། གབ་བྱེད་ཚིག་དོན། ཀྱེ་མིག་དམར་མ༑ ཁྱོད་ཀྱི་བའི་འོ་མ་ནི་ངས་བཏུང་མེད། བདག་ལ་ཅི་ཕྱིར་ཁོང་ཁྲོ་བྱེད། རྒྱུ་མཚན་མེད་པར་ངུ་ནས་ཅི་བྱེད། ཅེས་འཁྲུལ་དུ་འཇུག་པའོ།།
རིགས་དང་ལྡན་ཞིང་མཆོག་ཏུ་བཞིན་བཟང་བ། །སྙིང་ལ་འབབ་དེ་མ་མ་ལགས་ཀྱང་ནི།།
རྣམ་པ་ཀུན་ཏུ་སྲེད་པའི་འཁྲི་ཤིང་གིས། །བདག་ཡིད་འཆང་བ་སྒྲུབ་ཕྱིར་དགའ་མ་ཡིན།།

ཞེས་གབ་བྱ་ རིགས་ལྡན་བཞིན་བཟང་སྙིང་ལ་འབབ་པ་དེ་ ལུས་སྐྱེད་པར་བྱེད་པའི་མ་ མ་ཡིན་ཀྱང་རྣམ་ཀུན་སྲེད་པའི་འཁྲི་ཤིང་གི་ཡིད་ལ་ འཆིང་བའི་བྱ་བ་བསྒྲུབ་ཕྱིར་ དགའ་མ་ཡིན་ནོ་ཞེས་པ་ཡིན་ཀྱང་། གབ་བྱེད་ མ་མ་ ཡིན་ཀྱང་བདག་གི་ཡིད་འཆིང་བའི་བྱ་བ་བསྒྲུབ་ཕྱིར་ དགའ་མ་ ཡིན་ནོ་ཞེས་མཚམས་སྦྱོར་ཚུལ་གྱིས་གབ་བྱེད་བྱས་ཏེ་འབྲེལ་མེད་དུ་གོ་བ་ལྟ་བུ་སྟེ་ཀུན་ཏུ་འགྲོགས་པའི་གབ་ཚིག་ཅེས་བྱའོ།།

གཞན་ལ་གྲགས་པའི་སྒྲ་དག་གིས། །གང་དུ་བསླུ་བ་སླུ་བྱེད་ཉིད།།
དངོས་པོ་གཞན་ལ་གྲགས་པའི་སྒྲ་སྟོབས་ཆེ་བ་དག་གིས་ཕྱོགས་མཐུན་གྱི་མིང་གང་གཞན་དུ་གོ་ནས་སླུ་བྱེད་ཀྱི་གབ་ཚིག་སྟེ། དཔེར་བརྗོད།
ཀུབྫ་བསྟེན་པ་ཁྱོད་ཀྱིས་ནི། །དགའ་བ་ཇི་ལྟར་འཕེལ་གྱུར་བ།།
འཆི་མེད་བུ་མོར་ཅོ་འདྲི་ལ། །མི་མོ་སྤྱད་པས་དེ་ལྟ་མིན།།
གྲོང་ཁྱེར་ཀཱ་ནྱ་ཀུབྫའི་བུད་མེད་མཛེས་མ་འགའ་ཞིག་བསྟེན་པས། ཁྱོད་ཀྱི་དགའ་བ་ཇི་ལྟར་འཕེལ་བར་གྱུར་པ་ནི། འཆི་མེད་ལྷའི་བུ་མོར་ཅོ་འདྲི་ལ། མིའི་བུ་མོ་ལོངས་སུ་སྤྱོད་པས་དགའ་བ་དེ་ལྟ་བུ་འབྱུང་བ་མིན་ཞེས་བརྗོད་རྒྱུ་ལ། ཀུབྫའི་སྒྲ་གཉའ་སྒུར་བའི་བུད་མེད་ལ་ཡོངས་སུ་གྲགས་པའི་ཕྱིར་ཀྱལ་ཀ་བྱེད་པར་འཁྲུལ་ནས་སླུ་བར་བྱེད་པས། སླུ་བྱེད་ཀྱི་གབ་ཚིག་གོ།
དཔལ་གྱི་འབྲས་བུ་རྣམ་པར་མཚན་པ་ཡི། །མཆོག་ཏུ་ཡི་གར་འོང་བའི་ལོ་ལེགས་དང་།།
མཛེས་པའི་ཟེའུ་འབྲུ་མ་ཉམས་པདྨའི་འཛུམ། མཐོང་བས་སྲེད་ལྡན་ཡིད་ལ་དགའ་བ་འཕེལ།།
ཞེས་གབ་བྱ་ དཔལ་གྱི་འབྲས་བུ་སྟེ་ སྐྱེས་པའི་སྒྲོ་བའི་རྣམ་པར་མཚན་པའི་མཆོག་ཏུ་ཡི་གར་བབ་པའི་ཕོ་རྟགས་ལོ་ལེགས་པ་སྟེ་ རིང་ཞིང་རྒྱས་པ་དང་། མཛེས་པའི་ཟེའུ་འབྲུ་ནད་སོགས་ཀྱི་མ་ཉམས་པའི་མོ་མཚན་པདྨའི་འཛུམ་གཉིས་མཐོང་བས་སྲེད་ལྡན་གྱི་ཡིད་ལ་དགའ་བ་འཕེལ་ལོ་ཞེས་པ་ཡིན་ཀྱང་། གབ་བྱེད་འབྲས་བུས་ཕྱུགས་པའི་ལོ་ལེགས་དང་ཟེའུ་འབྲུ་མ་ཉམས་པའི་མེ་ཏོག་པདྨའི་འཛུམ་གཉིས་མཐོང་བས་སྲེད་ལྡན་གྱི་ལ་དགའ་བ་འཕེལ་ལོ་ཞེས་སྒྲ་གྲགས་ཆེ་བས་བསླུས་ནས་རྨོངས་པར་བྱས་པ་ལྟ་བུའོ།།
དཔལ་གྱི་འབྲས་བུ་ནི་ནུ་མ་དང་། མ་ཉམས་པ་ནི་བུ་མོ་གསོས་མའི་མཚན་མ་ལ་སྦྱར་ན་ལེགས།

སྦྱོར་བ་ཤིན་ཏུ་འཁྲུགས་པ་ཡིས། །རྨོངས་བྱེད་རིམ་པ་བྲལ་བ་སྟེ།།
ཚིག་གི་སྦྱོར་བ་རིམ་པ་ཤིན་ཏུ་འཁྲུག་པའི་རྒྱུ་ཡིས་རྨོངས་པར་བྱེད་པ་ནི། རིམ་པ་བྲལ་བའི་གབ་ཚིག་གོ། དཔེར་བརྗོད།
༤ཡུ་བར་༧འོ་བྱེད་༣པད་ཅན་གྱི།། ༡ངང་པ་༥ཚེར་མ་རྩུབ་པོ་ཅན།།
༢བཞིན་ལ་སྒྲ་སྙན་སྒྲོག་བྱེད་ཅིང་། །ལུས་ནི་འདར་བར་བྱེད་ཅིང་༦མཆུས།།
ངང་པ་བཞིན་རས་སམ་ཁ་ལ་སྒྲ་སྙན་པོ་སྒྲོག་པར་བྱེད་ཅིང་། ལུས་ནི་གཡོ་ཞིང་འདར་བར་བྱེད་པས་པདྨ་ཅན་གྱི་ཡུ་བ་ཚེར་མ་རྩུབ་མོ་ཅན་ལ་མཆུས་འོ་བྱེད་དོ། ཞེས་པ་དེ་བརྗོད་ཚུལ། རྒྱ་དཔེར། སྔ་ཕྱི་གོ་རིམ་ཤིན་ཏུ་འཁྲུགས་པར་ཡོད་པ་དེ་ལྟར་བསྒྱུར་བ་སྟེ། རིམ་པ་བྲལ་བའི་གབ་ཚིག་གོ།
༣འདྲེན་པ་ཁྱོད་ ༥ཐུགས་ཟབ་ཡངས་ ༡འཇིག་རྟེན་ན།། ༤ཡན་ལག་བརྒྱད་ལྡན་ཆོས་ཚུལ་ཟུང་འཇུག་ལམ།།
བླངས་དོར་བཅས་ལྡན་བཟང་པོའི་ངང་ཚུལ་གྱིས། །རིགས་ཅན་གདུལ་བྱ་འདུལ་ལ་ ༢བསྟན་པའི་ཞབས།།
ཞེས་གབ་བྱ་ ཨང་རིམ་ལྟར་ཁྲིམས་ཡན་ལག་བརྒྱད་དང་ལྡན་པའི་ཆོས་ཚུལ་དང་ཟུང་འཇུག་སྔགས་གཉིས་ཀྱི་བསླབ་བྱ་དང་དམ་ཚིག་བསྲུང་བར་ཁས་བླངས་པ་ཐམས་ཅད་དོར་ཀྱང་ བཅས་པའི་ཁྲིམས་དང་ལྡན་པའི་བཟང་པོར་རློམ་པའི་ངང་ཚུལ་གྱིས་རང་གི་རིགས་ཅན་གྱི་གདུལ་བྱ་འདུལ་བར་བྱེད་ལ། དེ་ལྟའི་སྤྱོད་པས་འཇིག་རྟེན་ན་སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་པ་ཁྱོད་ཀྱི་ཐུགས་ནི་ཟབ་ཅིང་ཡངས་སོ།། ཞེས་པ་ཡིན་ཀྱང་གབ་བྱེད་གོ་རིམ་ཤིན་ཏུ་དཀྲུགས་ཏེ་བཀོདནས་རྨོངས་པར་བྱས་པ་ལྟ་བུ་སྟེ་རིམ་པ་ལས་འདས་པའི་གབ་ཚིག་ཅེས་ཀྱང་བྱའོ།།

གང་ལ་དོན་རྟོགས་དཀའ་བ་ཡི། །ཚིག་ཕྲེང་དེ་ནི་རབ་བཅོམ་ཡིན།།
སྦྱོར་བ་གང་ལ་དོན་རྟོགས་པར་དཀའ་བའི་ཚིག་གི་ཕྲེང་བས་དོན་དེ་བཅོམ་པ་ལྟ་བུར་གྱུར་པ་ནི། རབ་བཅོམ་ཞེས་པའི་གབ་ཚིག་སྟེ། དཔེར་བརྗོད།
བུ་མོ་ཁྱེད་ཀྱི་རྐང་མཛེས་ལ། །རྐང་གདུབ་རྒྱས་པ་སྒྲ་སྙན་སྒྲོག།
མངོན་སུམ་ཉིད་དུ་གྱུར་པ་འདིར། །བདག་གི་སྲོག་ནི་བརྟན་མ་ཡིན།།
ཀྱེ་བུ་མོ་ཁྱེད་ཀྱི་རྐང་པ་མཛེས་པ་དག་ལ་རིན་པོ་ཆེའི་རྐང་གདུབ་རྒྱས་པ་སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲོག་པ་མངོན་སུམ་གྱུར་པ་འདིས། ཆགས་པ་དྲག་པོས་བདག་གི་སྲོག་ནི་འཇིག་ཉེ་བས་བརྟན་པ་མ་ཡིན་ཞེས་པ་འདི་རྒྱ་དཔེ་ལ་གོ་དཀའ་བར་ཡོད་ཀྱང་འདིར་ཞིག་པ་སྟེ། དཔང་ཊཱིཀ་ཏུ་འདིའི་དཔེར་བརྗོད། ཧ་ཧ་མི་སྒྲོག་མཁའ་འགྲོས་མཚན། ཞེས་པའི་ངག་ལྟ་བུ་རྣམ་པ་གསལ་ལོ་ཞེས་གསུངས་པ་ལྟར་ཤེས་པར་བྱའོ།།
སྤྲིན་གྱི་གོས་ཅན་ཉན་བྱེད་ཆུའི་སྲིན་པོ། །རྒྱལ་མཚན་འཛིན་པའི་འོག་པག་བཞིས་འཁྱུད་པ།།
ཕྱག་རྒྱ་སྣོད་དུ་བགྱིས་པའི་སུ་ཀིརྟི །ལུས་མེད་སྒྲ་ཡི་གནས་ཀྱི་འོད་སྣང་བཞིན།།
ཞེས་གབ་བྱ་ སྤྲིན་གྱི་གོས་ཅན་ནི་རི་དང་ཉན་བྱེད་རྣ་བ་སྟེ་རིའི་རྣ་བ་ཅན་ས་གཞི་དང་། དེ་ཉིད་ཆུ་སྲིན་རྒྱལ་མཚན་འཛིན་པའི་རྒྱ་མཚོ་ཆེན་པོ་བཞིའི་འོག་པག་གིས་འཁྱུད་པ་སྟེ། མདོར་ན་ས་གཞི་རྒྱ་མཚོ་དང་བཅས་པ་ཐམས་ཅད་དཀའ་ལས་མི་འདའ་བའི་ཕྱག་རྒྱའི་སྣོད་དུ་བགྱིས་པའི་སུ་ཀིརྟི་གྲགས་པ་བཟང་པོ་ནི། ལུས་མེད་སྒྲ་སྟེ་འབྲུག་སྐད་ཀྱི་གནས་ནམ་མཁའི་ཉི་མའི་འོད་ཟེར་གྱི་སྣང་བ་བཞིན་ནོ།། ཞེས་པ་ཡིན་ཀྱང་གབ་བྱེད་གྲགས་ཆུང་བའི་མངོན་བརྗོད་ཀྱི་འཕྲེང་བས་གབ་བྱའི་དོན་བཅོམ་པ་ལྟ་བུའོ།།
རྒྱལ་བ་གོང་ས་ལྔ་པའི་གསུང་རྩོམ་པོ་ཏི་དང་ཕྱག་ཐམ་ལ་སྦྱར་བའང་ཡོད།

ཕལ་བའི་དོན་བཀོད་ཚིག་དག་གིས། །བསྡེབས་པ་དག་ནི་མཐུན་པའི་གཟུགས།།
ཕལ་བའམ་བཏགས་པ་བའི་དོན་བཀོད་པའི་ཚིག་དག་ཏུ་སྡེབས་ཤིང་བསྒྲིབས་པ་དག་ནི། མཐུན་པའི་གཟུགས་ཀྱི་གབ་ཚིག་སྟེ། དཔེར་བརྗོད།
གང་གི་ཡལ་ག་ཡལ་འདབ་ལ། །མེ་ཏོག་དོག་པ་སྣུམ་པ་ཅན།།
འཁྲི་ཤིང་ཡལ་འདབ་ལྔ་པ་ནི། །སྐྱེད་མོས་ཚལ་འདིར་བདག་གིས་མཐོང་།།
གང་གི་ལག་པ་ལ་ཡལ་ག་དང་། སོར་མོ་ལ་ཡལ་འདབ། སེན་མོ་ལ་མེ་ཏོག་གི་དོག་པ་སྣུམ་པ་ཅན། བུད་མེད་ཡན་ལག་ལྔ་ཅན་ལ་འཁྲི་ཤིང་ཡལ་འདབ་ལྔ་པར་བཏགས་ནས། དེ་འདྲ་བ་སྐྱེད་མོས་ཚལ་འདིར་བདག་གིས་མཐོང་ངོ་།། ཞེས་པ་ལ་དཔང་ལོས། བསྡུས་པ་བརྗོད་པའི་རྒྱན་དེ་གསུངས་པ། དོན་ཉིད་དམ་ནི་སྒྲ་ལ་ཡང་། །ཁྱད་པར་མེད་པ་སྔར་བརྗོད་ནས། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པར་འདོད་དཔེར། །ཞེས་གསུངས་པ་མ་ལགས་སམ། བསྡུས་བརྗོད་ནི། བསམ་བྱའི་དངོས་པོ་དང་མཚུངས་པའི་ཆོས། ལྗོན་ཤིང་ལྟ་བུ་ལ་ཇི་ལྟར་ཡོད་པ་བསྡུས་ནས་བརྗོད་པ་ཞིག་ཡིན་ལ། འདིར་ནི་ཕལ་བའམ། བཏགས་པ་བའི་དོན་བཀོད་པ་སྟེ། འཁྲི་ཤིང་དེ་ལྟ་བུ་དངོས་གནས་ལ་ཡོད་པར་མ་ངེས་ཀྱང་། སྙན་ངག་མཁན་གྱིས་བཏགས་པ་སྟེ། བུད་མེད་ལ་ཡན་ལག་ལྔ་ཡོད་པར་བརྟེན་ནས། འཁྲི་ཤིང་ཡལ་འདབ་ལྔ་པ་ཞེས་གསར་དུ་བཏགས་པར་ཟད་པའི་ཕྱིར། དེས་ན་གཞུང་ལུགས་ལ་གྲགས་ཟིན་བཞིན། མཁས་པའི་དཔང་པོས་དངོས་བཏགས་འབྱེད་པར་མཛད་རིགས་སོ།། འགྲེལ་པ་གཞན་དག་ནི་བྲག་ཆའི་དབྱངས་ཀྱི་རྗེས་སུ་རྒྱུག་གོ།
འདབ་ཕྲེང་སྣ་ལྔས་ཡོངས་འཁྱུད་ཡལ་གའི་ལྕུག །འཇམ་མཉེན་སྙན་པའི་དབྱངས་འབྱིན་ཁུ་བྱུག་ཅན།།
མདངས་མཚར་མེ་ཏོག་མཆོག་གཅིག་རྩེར་དགོད་པའི། །འཁྲིལ་ལྡེམ་གསར་པའི་ལྗོོན་ཤིང་དེ་རིང་མཐོང་།།
ཞེས་གབ་བྱ་ ཁ་དོག་ལྔ་ལྡན་གྱི་ན་བཟའ་གསོལ། ཕྱག་ན་སྙན་པའི་དབྱངས་འབྱིན་པའི་པི་ཝང་དང་ལྡན་ཞིང་། མདངས་མཆོག་ཏུ་མཚར་བའི་ཞལ་རས་ཅན་གྱི་དབྱངས་ཅན་མཛེས་སྐུ་དེ་རིང་གི་དུས་སུ་བདག་གིས་མཐོང་ངོ་ཞེས་པ་ཡིན་ཀྱང་། གབ་བྱེད་འདབ་འཕྲེང་ཁ་དོག་སྣ་ལྔས་འཁྱུད་པའི་ཡལ་གའི་སྟེང་ན་སྙན་པའི་དབྱངས་འབྱིན་པའི་ཁུ་བྱུག་དང་ལྡན་ཞིང་མདངས་མཚར་བའི་མེ་ཏོག་གཅིག་ཁོ་ན་རྩེ་མོར་དགོད་པའི་ལྗོན་ཤིང་ཞིག་ དེ་རིང་གི་དུས་སུ་བདག་གིས་མཐོང་ངོ་ཞེས་ གབ་བྱ་དབྱངས་ཅན་མའི་བརྗོད་དོན་དངོས་སུ་མ་སྨོས་པར་དེ་དང་གཟུགས་མཐུན་པའི་དཔེ་ལྗོན་ཤིང་བཀོད་ནས། དེ་དང་འབྲེལ་བའི་ཚིག་གིས་བསྡེབས་ནས་བརྗོད་དོན་གབ་པ་ལྟ་བུའོ།།


མཚན་ཉིད་ཡོད་ཙམ་ངེས་ཚིག་དང་། །ལྡན་པའི་ཚིག་ནི་རྩུབ་མོའོ།།
མཚན་ཉིད་བཤད་རུང་ཙམ་གྱི་སྒྲའི་ངེས་ཚིག་དང་ལྡན་པ་ཞིག་མི་གསལ་ཞིང་ཉམས་དང་བྲལ་བས་རྩུབ་མོའི་གབ་ཚིག་སྟེ། དཔེར་བརྗོད།

ལྷ་རྣམས་ལྷ་ཡི་ཁང་པ་རུ། །སོ་སོའི་འོད་ཀྱིས་དལ་བུར་རྒྱུ།།
དྲི་བཟང་རྫིང་བུར་མྱོས་བྱས་པ། དེ་རྣམས་ད་ནི་རྒན་མོ་བཞིན།།
སྒྲ་སྒྲུབ་ཀྱི་དབང་ལས། སཱུ་རའི་སྒྲ་ཆང་བྱེད་པ་མོ་དང་། དྲི་བཟང་རྫིང་བུ་ཆང་གི་ཚོགས་ལ་སྒྲ་བཤད་རུང་དུ་ཡོད་པས། ཆང་མ་རྣམས་ཆང་ཁང་དུ་སོ་སོའི་བྱ་བ་ལ་དལ་བུས་རྒྱུ་ཞིང་། ཆང་གིས་མྱོས་པར་བྱས་པ་དེ་རྣམས་གཏམ་འཁྱོར་ཞིང་ལུས་ཚུགས་མི་ཐུབ་པས་ད་ནི་རྒན་མོ་བཞིན་ནོ་ཞེས་བརྗོད་རྒྱུ་ལ། ལྷ་རྣམས་ལྷའི་ཁང་པ་རུ་སོ་སོའི་རང་འོད་ཀྱིས་འཚོ་བས་དལ་བུར་རྒྱུ་ཞིང་། དྲི་བཟང་བའི་ཁྲུས་ཀྱི་རྫིང་བུར་དགའ་བས་མྱོས་པ་དེ་རྣམས་ད་ནི་རྒན་མོ་བཞིན་ནོ།། ཞེས་ཡོངས་གྲགས་རྩུབ་མོའི་ཚིག་གིས་གབ་པས་རྩུབ་མོའི་གབ་ཚིག་གོ།
རྩ་བ་འདི་དོན་ཐོབ་ཀྱི་དབང་དུ་བཏང་ན།
སུ་རཿ འཛུམ་དཀར་དང་བཅས་པས། སཱོ་རའི་རྫིང་བུར་ཁྲུས་ལ་རོལ།།
མྱོས་ཤིང་སུ་རཱ་ལ་ཡ་ལ།  །ཇི་ལྟར་འདོད་བཞིན་འཁྱམས་པར་བྱེད།།
ཅེས་དགོས་འདུག།། གང་ཡིན་ཞེ་ན་སུ་ར་ཞེས་པ་ལྷ་དང་ཆང་མཁན། སུ་ར་ལ་ཡ་ཞེས་པ་ལྷའི་ཁང་བཟང་དང་ཆང་ཁང་། གཉིས་གཉིས་ལ་གོ་དགོས་ཀྱང་། གོང་གི་འདིས་དོན་གཉིས་གཉིས་གོ་མི་ནུས་པས་སོ།།
ཆུ་ལས་སྐྱེས་རྣམས་ཆུ་མཚོར་ལུས་བསྟེན་ནས། །རབ་ཏུ་དཀར་བའི་འཛུམ་བཅས་རྣམ་པར་རོལ།།
ལྔ་པར་གྱུར་ཀྱང་ཤིས་པ་བསྒྲུབ་པའི་སྒྲས། །ཀུན་ཡིད་འཕྲོག་དེ་གདོས་བཅས་བེམས་པོའི་ཆོས།།
ཞེས་གབ་བྱ་ ཆུ་ལས་སྐྱེས་པའི་དུང་རྣམས་ཆུ་མཚོར་ལུས་བརྟེན་པ་སྟེ། གནས་ནས་རབ་ཏུ་དཀར་བའི་འཛུམ་དང་བཅས་ཏེ་རྣམ་པར་རོལ་བར་བྱེད་ལ། དེ་དག་ལྔ་པར་གྱུར་པ་སྟེ་ཤི་ཡང་ཤིས་པ་སྒྲུབ་པའི་སྒྲས་ཀུན་གྱི་ཡིད་འཕྲོག་པར་བྱེད་མོད། འོན་ཀྱང་དེ་ནི་གདོས་བཅས་བེམ་པོའི་ཆོས་སོ་ཞེས་པ་ཡིན་ཀྱང་། པདྨ་ཆུ་ནང་དུ་སྐྱེས་པ་ལ་ཆུ་སྐྱེས་ཀྱི་སྒྲ་འཇུག་པ་ལྟར་དུང་ལའང་ཆུ་ལས་སྐྱེས་ཞེས་པ་དང་། སོ་འཕྲེང་དཀར་པོ་བསྟན་པ་འཛུམ་པའི་ཐ་སྙད་བྱེད་པ་ལྟར་དུ་ཁ་དོག་དཀར་བ་ལ་འཛུམ་པ་ཞེས་ངེས་ཚིག་བཤད་རུང་ཙམ་ཡོད་པའི་སྒྲ་ཉམས་སུ་མི་འགྲོ་ལ། མངོན་བརྗོད་ཡོངས་གྲགས་ལྟར་གྱི་གོ་བ་བཙལ་ན་མཁས་པ་སུས་ཀྱང་ཁ་ཚོན་མི་ཆོད་པས་མགོ་རྨོངས་པར་བྱས་ནས། མཐར་གདོས་བཅས་བེམ་པོའི་ཆོས་ཞེས་ཚིག་རྩུབ་ཀྱིས་བརྗོད་པའི་རྣམ་པའང་ཡོད་པ་ལྟ་བུ་སྟེ། འདི་ལ་གབ་བྱེད་ཀྱི་དབྱེ་བ་ཆེར་མེད་དོ།།

གང་དུ་གྲངས་ཀྱིས་ཀུན་རྨོངས་པར། །བྱེད་པ་གྲངས་ཉིད་ཅེས་བྱ་སྟེ།།
གང་དུ་ཡི་གེའི་གྲངས་ཀྱིས་ཀུན་ཏུ་རྨོངས་པར་བྱེད་པ་ནི་གྲངས་ཉིད་ཅེས་བྱ་བའི་གབ་ཚིག་སྟེ། དཔེར་བརྗོད།
སྣ་ལྡན་དབུས་གནས་གསལ་བྱེད་བཞིས། །ཡོངས་སུ་རྣམ་པར་བརྒྱན་པ་ཡི།།
གྲོང་ཁྱེར་འགའ་ཡོད་གང་ཞིག་ན། །མི་བདག་ཡིག་བརྒྱད་མིང་ཅན་ཡོད།།
སྣ་ལྡན་གྱི་ཡི་གེ་ཉ་ཡིག་དབུས་ན་གནས་ཤིང་། ཀ ཙ། ས། ར་སྟེ་གསལ་བྱེད་བཞིས་བརྒྱན་པའི་གྲོང་ཁྱེར་འགའ་ཞིག་ཡོད་དེ། ཀཉྩྨ་པུ་རི་ཞེས་པའོ། །གང་ཞིག་དེ་ན་མིའི་བདག་པོ་ཡི་གེ་བརྒྱད་ཚོགས་པ། ཀཉྩྨ་པུ་རི་པླ་ཝ་ཞེས་པའི་མིང་ཅན་ཡོད་དོ་ཞེས་ཡི་གེའི་གྲངས་ཀྱིས་གབ་པས། གྲངས་ཀྱི་གབ་ཚིག་གོ།
སྣ་ལྡན་དབུས་གནས་ཐེག་པ་རིམ་གསུམ་གྱིས། །རྩེར་སོན་འགྱུར་མེད་བཀྲ་ཤིས་གྲངས་ཚང་བའི།
མཁས་པ་འགའ་ཡོད་གང་གི་ལེགས་བཤད་ནི། །དངུལ་ཆུའི་ཐིག་ཕྲེང་སོར་མོས་བཅོམ་པ་བཞིན།
ཞེས་གབ་བྱ་སྣ་ལྡན་གྱི་ཡི་གེ་ན་ཡིག་དབུས་ན་གནས་ཤིང་ཐེག་པ་གསུམ་གྱི་གྲངས་དང་མཚུངས་པའི་ཡི་གེ་གསུམ་རྩེར་སོན་ལ་ཁྱོན་འགྱུར་མེད་དེ་གསལ་བྱེད་ཀྱི་ཡི་གེ་ ནཱ་ག་ཛ་ན་ས་མ་ད་ར་སྟེ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ཚང་བ། ན་ག་ཛུ་ན་ས་མུ་དྲ་ཞེས་མཚན་ཅན་གྱི་མཁས་པ་འགའ་ཞིག་ཡོད་ལ། མཁས་པ་གང་དེ་ཡི་ལེགས་བཤད་རྣམས་ནི་དངུལ་ཆུའི་ཐིགས་འཕྲེང་སོར་མོས་བཅོམ་པ་སྟེ་བསྣུར་བ་བཞིན་དུ་མཐོར་ཞིང་ཞིག་པར་གྱུར་ཏོ་ཞེས་པ་ཡིན་ཀྱང་། གབ་བྱེད་ཐེག་པ་རིམ་གསུམ་དང་བཀྲ་ཤིས་གྲངས་ཞེས་གྲངས་ཀྱི་སྒོ་ནས་རྨོངས་པར་བྱས་པ་ལྟ་བུ་སྟེ། ས་སྐྱ་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་། རྗེ་བོད་མཁས་པའི་བླ་མ་འབྲུག་པ་སངས་རྒྱས་རྡོ་རྗེ་གཉིས་རྩོད་པའི་ཚུལ་མཛད་པ་ལ་དགོངས་པ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ།།
ཡང་ན།
ལག་པའི་ཚོགས་ལས་རབ་འཁྲུངས་ཡོན་ཏན་སྐུ། །མངའ་བས་འགྲོ་བ་དུས་ཀྱི་མོས་པ་བཞིན། །
མཛད་པའི་ཚུལ་ནི་ཉི་མར་བསྟེན་དབུས་ན། །དམ་པའི་ཆོས་ཀྱི་འཁོར་ལོ་མེ་རུ་བསྐོར། །
ཞེས་གབ་བྱ་ ཚོགས་གཉིས་ལས་འཁྲུངས་པའི་སྐུ་གསུམ་གྱི་གོ་འཕང་བརྙེས་ཏེ། འགྲོ་དྲུག་གི་མོས་པ་བཞིན་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་ཏེ་ཞེས་པ་ཡིན་ཀྱང་། གབ་བྱེད་ལག་པ། ཡོན་ཏན། ཉི་མ། མེ་ཞེས་གྲངས་ཀྱི་སྒོ་ནས་རྨོངས་པར་བྱས་པ་ལྟ་བུའང་ངོ།།

གང་དུ་ངག་དོན་རྣམ་པ་གཞན། །སྣང་བ་དེ་ནི་རབ་བཏགས་ཡིན།།
གང་དུ་བརྗོད་པར་བྱ་བའི་ངག་གི་དོན་དེ་རྣམས་རྣམ་པ་གཞན་དུ་རྟོག་ཅིང་སྣང་བ་དེ་ནི། རབ་བཏགས་ཀྱི་གབ་ཚིག་ཡིན་ཏེ། དཔེར་བརྗོད།
ཚིག་རྣམས་རབ་ཏུ་འཁྲུལ་བ་དང་། །མགོ་བོ་དུད་ཅིང་མིག་དམན་པ།།
འདུག་ཀྱང་འདར་ལྡན་བདག་ལ་ནི། །རྒན་མོ་(བྲྀདྡྷེ)རྗེས་སུ་མི་བརྩེའམ།།
སློང་བའི་ཚིག་རྣམས་རབ་ཏུ་འཁྲུལ་བ་དང་། ཞུམ་པས་མགོ་བོ་དུད་ཅིང་མིག་དམན་པ་དང་། འདུག་ཀྱང་ལུས་འདར་བ་དང་ལྡན་པ་བདག་ཅེས་དབུལ་པོ་ལ་ཡོད་པའི་ཆོས་ཆགས་ཅན་གྱི་འདོད་པའི་རྣམ་འགྱུར་དུ་བཏགས་ཤིང་། བྲྀདྡྷའི་སྒྲ་ཕུན་ཚོགས་ཅན་ལའང་འཇུག་པ་དེ། རྒན་མོ་ཞིག་ལ་སྒྲོ་བཏགས་ཏེ། ཀུ་རེ་བྱེད་པར་གབ་པས། སློང་མོ་བའི་སྤྱོད་པ་སྦས་པ་དེ་ནི། རབ་བཏགས་ཀྱི་གབ་ཚིག་གོ།
དཔང་ལོ་ཆེན་པོས། འདི་ནི་སྦྱར་བའི་རྒྱན་ཡང་ངོ་གསུངས་པ་མི་ལེགས་ཏེ། འདིར་བསམ་དོན་འཁྲུལ་དུ་གཞུག་པའི་བྱ་བ་གཙོ་བས་སྒྲོ་བཏགས་ཙམ་ཡིན་གྱི། སྦྱར་དོན་ཤིན་ཏུ་མིན་ཅིང་། ཡིན་ན་དོན་གཅིག་གི་སྐྱོན་དུ་འགྱུར་རོ།།
བྲྀདྡྷའི་སྒྲ་རྒན་མོ་དང་། ལཀྵིམི་གཉིས་ཀ་ལ་འཇུག་ཅིང་། གབ་བྱེད་ཀྱི་སྐབས་ཚིག་འཁྲུལ། མགོ་བོ་དུད། མིག་དམན། སར་འདུག་ཀྱང་འདར་བ་དང་ལྡན་པའི་རྒན་མོ་ཁྱོད་ཀྱི་བདག་ལ་བརྩེ་བ་མེད་དམ། ཞེས་པར་གོ་བ་དང་། གབ་བྱའི་སྐབས་སུ། ཚིག་འཁྲུལ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་བདག་ལ། དཔལ་མོ་ཁྱེད་ཀྱིས་བརྩེ་བ་མེད་དམ་ཞེས་པའི་ཞུ་བའི་ཚིག་ཡིན། གབ་བྱེད་སྐབས་ཀྱི་རྒན་མོ་ལ་སྦྱར་བའི་ཁྱད་ཆོས་རྣམས། གབ་བྱའི་སྐབས་སྙན་ངག་མཁན་རང་ལ་སྦྱར་བའི་ངག་དོན་གྱི་རྣམ་པ་གཞན་རྟོག་པའི་འཆར་སྣང་བྱེད་ནུས་པས་ན་རབ་བཏགས་ཀྱི་གབ་ཚིག་གོ།།
ཡིད་ཀྱི་ཤེས་པ་རྣལ་དུ་ཕེབས་བྲལ་ཞིང་། །རིག་རིག་ཕྱོགས་སུ་བལྟ་བའི་སྟངས་ཞན་པ།།
ལུས་ཀྱི་འཁྲི་ཤིང་འདར་ལྡན་སྐྱབས་མེད་ལ། །མཚན་མོ་སྤྱོད་པ་ཁྱོད་ཉིད་བརྩེ་བར་རིགས།
ཞེས་གབ་བྱ་ ཟས་གོས་འཚོལ་སྒྲུབ་ཀྱིས་ཡིད་ཀྱི་ཤེས་པ་རྣལ་དུ་མི་འཕེབས་ཤིང་སྡུག་ཅིང་ཕོངས་པས་རིག་རིག་ལྟ་བའི་སྟངས་ཞན་ལ། ཟས་ངན་པའི་ལུས་ཀྱི་འཁྲི་ཤིང་འདར་བ་དང་ལྡན་པའི་དབུལ་པོ་སྐྱབས་མེད་བདག་ལ་མཚན་མོ་སྤྱོད་པ་སྟེ་ རྐུན་པོ་ཁྱོད་ཉིད་བརྩེ་བར་རིགས་སོ།། ཞེས་རྐུན་པོ་ཞིག་ལ་ཞུ་བར་བྱེད་པའི་དོན་ཡིན་ཀྱང་། གབ་བྱེད་འདོད་ལྡན་འགའ་ཞིག་འདོད་ཆགས་དོན་དུ་གཉེར་བའི་བློས་སེམས་མི་ཕེབས་ཤིང་མིག་གི་ལྟ་སྟངས་གཞན་ལ་ཆགས་པས་མྱོས་པའི་ལུས་འདར་བ་དང་ལྡན་པའི་སྐྱབས་མེད་བདག་ལ་མཚན་མོ་སྤྱོད་པ་སྟེ་འདོད་ཆགས་ཁྱོད་ཉིད་བརྩེ་བར་རིགས་སོ་ཞེས། གབ་བྱའི་བརྗོད་དོན་དང་རྣམ་པ་མཚུངས་པའི་དོན་གཞན་དུ་རྣམ་པར་རྟོག་ཅིང་སྣང་བར་བྱེད་པའི་སྒོ་ནས་རྨོངས་པར་བྱས་པ་ལྟ་བུ་ཡིན་ལ། དེས་ན་འདི་ནི་བརྗོད་དོན་མཚུངས་པ་དང་། སྔ་མ་མཐུན་གཟུགས་ཀྱི་གབ་ཚིག་ནི་གཟུགས་མཚུངས་པ་ཡིན་པའི་ཁྱད་པར་ཕྱེད་པར་བྱའོ།།
གང་དུ་མིང་ལ་སྣ་ཚོགས་དོན། །བཏགས་ཏེ་མིང་དུ་འདུས་པ་ཉིད།།
གང་དུ་བརྗོད་བྱའི་མིང་གཅིག་ལ། སྣ་ཚོགས་པའི་དོན་དུ་མར་བཏགས་ནས་གབ་པ་ནི། མིང་དུ་འདུས་པའི་གབ་ཚིག་སྟེ། དཔེར་བརྗོད་ནི།
མིག་མི་བརྟན་མ་ས་ལྡན་འགའ། །དང་པོར་རཱ་ཛ་ཞེས་པར་སྒྲོགས།།
ས་ནཱ་ཏ་ན་ཡང་སྟེ་འདི། །རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན།།
ཀྱེ་མིག་མི་བརྟན་མ་ཞེས་བོད་དེ། ས་ལྡན་ནི་སའི་བདག་པོའམ། ས་ལ་ཡོད་པ་སྟེ། དེ་ཡང་འགའ་ཞིག་ཅེས་ངོས་བཟུང་མ་བྱས་པའི་མིང་དེ་ཉིད་ཀྱི། དང་པོ་རཱ་ཛ་སྟེ་རྒྱལ་པོ་ཞེས་པར་ཡང་སྒྲོགས་ལ། ཡང་། ས་ནཱ་ཏན་ཁྱབ་འཇུག་གི་མིང་ངམ། ཡང་ན། ས་བཅས་པ། ཨ་ཏན་མ་རྒྱས་པ། དེའི་སྔོན་དུ་དགག་པའི་ནཉ་བཞག། རྗེས་འབྲེལ་ཕྱིས་ཤིང་མཚམས་སྦྱར་བས། ཨ་ན་ཏ་ན་གྲུབ་པ། མ་རྒྱས་པ་མིན་པ་དང་བཅས་པ་སྟེ། དགག་པ་གཉིས་ཀྱིས་རྣལ་མ་གོ་བས་རྒྱས་པ་དང་བཅས་པར་འགྱུར་ལ། དེ་ཡང་རྒྱལ་པོ་མ་ཡིན་ཞིང་ཁྱབ་འཇུག་ཀྱང་མིན་ཞེས་དགག་པ་ན། རཱ་ཛ་ཏ་ན་ཤིང་གི་རྒྱལ་པོ་རྒྱས་པ་དང་བཅས་པ་བདེ་བླག་ཏུ་གོ་བས། དེ་ནི་བར་བཅད་པའི་མིང་མང་དུ་འདུས་ནས་གོ་དགོས་པའི་ཕྱིར། མིང་གིས་བར་བཅད་པའམ། མིང་དུ་འདུས་པའི་གབ་ཚིག་གོ།
དཔང་ཊཱིཀ་ན། འདི་ནི་སྦྱར་བ་ངེས་པ་ཅན་ཡིན་ནོ་གསུང་བ་སྣང་སྟེ། དགོས་དབང་གིས་སྒྲ་སྦྱར་བ་འདྲ་བར་བྱུང་ཡང་། དངོས་དོན་སྦྱར་བའི་ཕྱིར་མ་ཡིན་ལ། དགག་པ་མང་དུ་ཡོད་པ་དང་། ངེས་བཟུང་གི་སྒྲ་ཅི་ཡང་མེད་པ་སོགས་ལ་བརྟག་དཔྱད་མ་མཛད་པ་སྟེ། སྦྱར་བ་ངེས་པ་ཅན་ལ་ནི་དེ་འདྲ་བ་མེད་དོ།།
ལང་ཚོས་ཁེངས་ལྡན་ཁྱོད་འཇོམས་ཉག་ཕྲན་ཅན། །ཐོག་མར་པུཥྤ་ཀ་ཞེས་སྙན་སྒྲོགས་པ།།
བརྣག་དཀའི་ཟུག་རྔུ་འབྱིན་པར་བྱེད་པ་པོ། །དཔའ་བོ་མ་ཡིན་གེ་སར་ཅན་ཡང་མིན། །
ཞེས་གབ་བྱ་ ལང་ཚོ་དར་བས་ཁེངས་པ་ཁྱེད་ཉིད་འཛོམས་པར་བྱེད་པ་པོ་ཉག་ཕྲན་ཅན་ཏེ། དེ་ལ་ཐོག་མར་པུཥྤ་ཀ་སྟེ་མེ་ཏོག་ཅེས་པའི་སྒྲ་སྙན་སྒྲོག་པར་བྱེད་པས་ན་ཁྱོད་ལ་བརྣག་དཀའ་བའི་འདོད་ཆགས་ཀྱི་ཟུག་རྔུ་སྦྱིན་པར་བྱེད་པ་པོ་ཉག་ཕྲན་ཅན་དཔའ་བོ་མ་ཡིན་ཞིང་ གེ་སར་ཅན་མེ་ཏོག་ཀྱང་མིན་ནོ། ཞེས་ཡོངས་གཅོད་ཀྱིས་དེ་གཉིས་མིན་པ་དང་། རྣམ་གཅོད་ཀྱིས་མེ་ཏོག་མདའ་ཅན་སྟེ་ལང་ཚོ་དར་བའི་བུ་མོ་ཡིན་པར་བསྟན་ཀྱང་། གབ་བྱེད་བརྗོད་དོན་དངོས་ཀྱི་མིང་ལ་དོན་གཞན་རྣམ་པ་སྣ་ཚོགས་པར་གོ་ཞིང་རིག་པར་བྱེད་པའི་ཚིག་གིས་བར་བཅད་ནས་ཉག་ཕྲན་ཅན་དཔའ་བོ་དང་པུཥྤ་ཀ་མེ་ཏོག་ཁོ་ནར་འཁྲུལ་ཞིང་རྨོངས་པར་བྱས་པས་ཀྱང་མཐར་བརྗོད་དོན་དངོས་ལ་གཞོལ་ཞིང་འབབ་པ་ལྟ་བུ་སྟེ། མིང་གཞན་བར་བཅད་པའི་གབ་ཚིག་ཅེས་ཀྱང་བྱའོ།།

ཚིག་ནི་ཆོས་མཚུངས་ལ་རེག་པས། །དོན་གཞན་སྒྲིབ་པ་བསྒྲིབས་པའོ།།
བསྟན་བྱའི་ཚིག་དེ་ནི་ཆོས་མཚུངས་གཞན་ཞིག་ལ་རེག་པས་དོན་གཞན་བསྟན་བྱ་དེ་སྒྲིབ་པ་ནི་བསྒྲིབས་པའི་གབ་ཚིག་གོ། དཔེར་བརྗོད།
རྫས་བྲལ་མི་ནི་བཏང་བྱས་ནས། །ནོར་ལྡན་རྣམས་ཅན་བགྲོད་པ་གང་།།
སྣ་ཚོགས་སྐྱོགས་བརྒྱས་འཇིག་རྟེན་འགུགས། །གཟུང་དཀའ་སྨད་འཚོང་མ་ཡིན་ནོ།།
རྫས་དང་བྲལ་བའི་མི་ནི་བཏང་ཞིང་དོར་བར་བྱས་ནས། ནོར་ལྡན་རྣམས་གནས་པ་ཅན་དུ་བགྲོད་པ་གང་འདི། སྣ་ཚོགས་པའི་སྐྱོགས་ཏེ་ཐབས་བརྒྱ་ཕྲག་གིས་འཇིག་རྟེན་རྣམས་འགུགས་ལ། རང་དབང་དུ་སུས་ཀྱང་གཟུང་དཀའ་བ་སྟེ། ཆོས་འདི་དག་ཕུན་སུམ་ཚོགས་པའི་དཔལ་ཡོད་ཅིང་། དེ་ལྟ་བུ་སྨད་འཚོང་མའང་ཡིན་པ་ལ། དེ་མ་ཡིན་ཞེས་དགག་པ་བརྗོད་པ། དངོས་ཡིན་ཞེས་པར་འཁྲུལ་ཏེ་ཆོས་མཚུངས་སྨད་འཚོང་མ་ལ་རེག་པས། བསྟན་བྱ་དཔལ་བསྒྲིབས་པ་ནི། བསྒྲིབས་པའི་གབ་ཚིག་གོ།
གྱེན་དུ་དྲངས་པའི་བྱ་བ་རབ་དཀའ་ཞིང་། །འབད་པ་མེད་ཀྱང་ཐུར་དུ་ངང་གིས་འཇུག།
རང་བཞིན་གཅིག་ཏུ་མི་གནས་གྱ་གྱུའི་ཚུལ། །ཀུན་ཏུ་སྟོན་དེ་འབབ་ལྡན་མ་ཡིན་ནོ། །

ཞེས་གབ་བྱ་གྱེན་ཏེ་ཡ་རབས་ཀྱི་ཕྱོགས་སུ་དྲང་དཀའ་ཞིང་འབད་རྩོལ་མ་བྱས་ཀྱང་ཐུར་ཏེ་ངན་པའི་ཕྱོགས་སུ་ངང་གིས་འཇུག་པར་བྱེད་ལ། རང་བཞིན་གཅིག་ཏུ་མི་གནས་པར་གྱ་གྱུའི་སྤྱོད་ཚུལ་དུས་ཀུན་ཏུ་སྟོན་པ་དེ་འབབ་ལྡན་དེ་ཆུ་བོ་མ་ཡིན་ནོ།། ཞེས་ཡོངས་གཅོད་ཀྱིས་ཆུ་མ་ཡིན་པ་དང་། རྣམ་གཅོད་ཀྱིས་སྐྱེ་བ་ངན་པ་སྟོན་པ་ཡིན་ཀྱང་། གབ་བྱེད་གྱེན་དུ་དྲངས་དཀའ་བ་ཐུར་དུ་ངང་གིས་འཇུག་པ། གཅིག་ཏུ་མི་གནས་པར་གྱ་གྱུར་འགྲོ་བ་ཞེས་གབ་བྱ་དང་ཆོས་མཚུངས་པའི་ཚིག་དུ་མ་དང་མཐར་འབབ་ལྡན་མ་ཡིན་ནོ།། ཞེས་གབ་བྱེད་གསལ་བར་བརྗོད་ནས་བསྒྲིབས་པ་ལྟ་བུའོ།།

སྒྲ་ཡི་རྣམ་གྲངས་བཀོད་པ་ཡིས། །སྒྲུབ་པ་དག་ནི་མཐུན་པའི་སྒྲ།།
མིང་མཐུན་པའི་སྒྲའི་རྣམ་གྲངས་དུ་མ་འདྲེས་པར་བཀོད་པས་བསྒྲུབས་པ་དག་ནི། མཐུན་པའི་སྒྲའི་གབ་ཚིག་གོ། དཔེར་བརྗོད་ནི།
ཁྱོད་ཀྱི་ས་མིན་མིང་མཐུན་གང་། །རབ་གྱུར་སྐྲ་མིང་ཅན་ལས་རྒྱལ།།
དེ་ཡི་དེང་བདག་མཆོག་ཏུ་ནི། །སྲེད་ལྡན་བྱེད་དོ་སྙན་སྒྲོག་མ།།
ཀྱེ་སྙན་པར་སྒྲོག་མ། ཁྱོད་ཀྱི་མཆུ་དམར་བ་བྱུ་རུ་ལས་རྒྱལ་བ་དེ་ཡིས། དེང་གི་དུས་བདག་གི་ཡིད་མཆོག་ཏུ་སྲེད་པ་དང་ལྡན་པར་བྱེད་དོ་ཞེས་པ་དེ་གབ་པ་ལ། དྷ་ར་འཛིན་མ་སྟེ་ས། སྔོན་དུ་དགག་པའི་ཨ་བཞག་པས་ས་མིན། དེ་དང་མིང་མཐུན་པ་ནི། ཨ་དྷ་ར་སྟེ་མཆུའོ། །དེ་བཞིན་པྲ་རབ་དང་། བཱ་ལ་སྐྲའོ། །དེའི་མིང་ཅན་ནི་པྲ་བཱ་ལ་སྟེ་བྱུ་རུ་ཡིན་པས། མིང་དེ་ལ་མཐུན་པའི་སྒྲ་གཞན་དུ་མས་བསྒྲུབས་པ་ནི། མཐུན་པའི་སྒྲའི་གབ་ཚིག་གོ།
ཡི་གེ་བཟང་པོའི་མངོན་པར་བརྗོད་པ་ཡི། །ཁམས་ལས་ཡོངས་གྲུབ་རྒྱན་གྱིས་རྣམ་མཛེས་པ།།
ཁྱོད་ཀྱི་གེ་སར་མིང་མཐུན་ཤར་གྱི་རིར། །ཉིན་མོར་བྱེད་པ་འཕོས་འདྲས་བདག་ཡིད་འཕྲོགས།།

ཞེས་གབ་བྱ་ སུ་ཝརྞ་ཞེས་པ་ཡི་གེ་བཟང་པོ་དང་མདོག་བཟང་སྟེ་གསེར་གྱི་མིང་དུའང་འཇུག་པ་དང་། ཀེ་སར་ཞེས་པ་གེ་སར་དང་སྐྲའི་མིང་དུའང་འཇུག་པས་ན། ཡི་གེ་བཟང་པོའི་མིང་གིས་མངོན་པར་བརྗོད་པའི་གསེར་གྱི་ཁམས་ཏེ་རྒྱུ་ལས་གྲུབ་པའི་རྒྱན་གྱིས་རྣམ་པར་མཛེས་པ་ཁྱོད་ཀྱི་ གེ་སར་དང་མིང་མཐུན་པའི་སྐྲ་ཚོགས་འོད་དང་ལྡན་པ་ནི་ཤར་གྱི་རི་རྩེར་ཉིན་མོར་བྱེད་པའི་དཀྱིལ་འཁོར་འཕོས་པ་དང་འདྲ་བས་བདག་ཡིད་འཕྲོགས་སོ་ཞེས་པ་ཡིན་ཀྱང་། གབ་བྱེད་བརྗོད་བྱའི་དངོས་མིང་གསེར་དང་སྐྲ་ཞེས་པ་གསལ་བར་མ་བརྗོད་པར། དེ་དང་མི་མཐུན་པའི་སྒྲའི་རྣམ་གྲངས་ཡི་གེ་བཟང་པོ་དང་གེ་སར་མིང་མཐུན་ཞེས་བཀོད་ནས་གབ་བྱའི་དངོས་མིང་མི་གསལ་བའི་ཚུལ་དུ་བསྒྲུབས་པ་ལྟ་བུའོ།།

གང་ཞིག་མངོན་སུམ་དོན་བསྟན་ཡང་། རྨོངས་ཕྱིར་དེ་ནི་རྨོངས་ཞེས་བྱ།།
གང་ཞིག་མངོན་སུམ་དོན་བསྟན་ཡང་། དེ་ཉིད་རང་རྨོངས་པའི་ཆེད་དམ་འཁྲུལ་རྒྱུར་སོང་བ་དེ་ནི་རྨོངས་པ་ཞེས་བྱ་བའི་གབ་ཚིག་གོ་སྟེ། དཔེར་བརྗོད།
འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་གྱུར།།
ཆགས་པས་དེ་བཞིན་ཉིད་ཉལ་ཏེ། །དལ་བུ་ཡིས་ནི་ཁ་དག་སྦྱར།།
འདོད་ལྡན་ཁྱོ་ཤུག་དག་ནི་མལ་སྟན་ལ་ཁྲོ་བ་སྐྱེས་ནས། ཕྱིར་ལྡོག་པ་སྟེ་རྒྱབ་བསྟན་ནས་ཉལ་བར་གྱུར་ལ། ཆགས་པས་ཀྱང་ཉལ་ཚུལ་དེ་བཞིན་དུ་ཉལ་ཏེ། དལ་བུའི་སྤྱོད་པ་ཡིས་ནི་ཁ་དག་སྦྱོར་བར་བྱེད་དོ་ཞེས་དངོས་སུ་བསྟན་ཡང་། འདིའི་མལ་སྟན་ལ་ཁྲོ་བ་ཕན་ཚུན་ཁྲོ་བ་ལ་རྨོངས། ཕྱིར་ལྡོག་ཅེས་པ་ཕོ་མོ་རྒྱབ་སྤྲོད་དུ་རྨོངས། ཆགས་པས་དེ་བཞིན་ཉལ་བ་ཆགས་པས་ཕྱིར་ལོག་ཏུ་ཇི་ལྟར་ཉལ་སྙམ་པར་རྨོངས། ཁ་དག་སྦྱོར་བ་རྒྱབ་སྤྲད་ནས་ཁ་ཇི་ལྟར་སྦྱོར་སྙམ་དུ་ཡང་རྨོངས་པས། རྨོངས་པའི་གབ་ཚིག་གོ།
ཁྱིམ་གྱིས་ཡིད་བྱུང་ངེས་པར་བསླབ་གཞིའི་ཚུལ། །རང་གིར་མཛད་པས་དུལ་བ་དང་དུ་བཞེས།།
དེ་ཚུལ་མ་ཉམས་མངོན་འདོད་ལས་སྐྱེས་པའི། །རི་དྭགས་མིག་ཅན་མཆུ་ཡི་སྦྲང་ཆང་ཞིབ།།

ཞེས་གབ་བྱ་བཟའ་མི་མང་པོས་རང་གི་འདོད་པ་དང་ཐ་དད་པའི་བྱ་བ་བྱེད་པ་འདི་ནི་ཁྱིམ་ན་གནས་པ་རྣམས་ཀྱི་སྐྱོན་ནམ་རང་བཞིན་ནོ། ཞེས་ཡིད་བྱུང་ནས་ངེས་པར་བསླབ་པའི་གཞི་མ། བཤེ་ཡང་སླར་མི་བཤེ། ཁྲོས་ཀྱང་སླར་མི་ཁྲོ། རྡེག་ཀྱང་སླར་མི་རྡེག། འཚང་བྲུས་ཀྱང་སླར་འཚང་མི་འབྲུ་སྟེ་དགེ་སྤྱོད་ཀྱི་ཆོས་བཞིའི་ཚུལ་ རང་གིར་མཛད་པའི་ཞི་དུལ་གྱི་སྤྱོད་པ་ དང་དུ་བཞེས་ལ་དེ་ལྟ་བུའི་སྤྱོད་ཚུལ་མ་ཉམས་པའི་ངོས་ནས་མངོན་འདོད་ལས་སྐྱེད་པའི་རི་དྭགས་མིག་ཅན་མའི་མཆུ་སྒྲོས་ཀྱིས་སྦྲང་ཆང་གཞིབ་པ་སྟེ་འཇིབ་པར་བྱེད་དོ།། ཞེས་གབ་བྱའི་དོན་མངོན་སུམ་དུ་བསྟན་པ་ལྟར་སྣང་ཡང་ གབ་བྱེད་ཁྱིམ་གྱིས་ཡིད་སྐྱོ་ནས་བསླབ་གཞིའི་ཚུལ་བླང་བ་མ་ཉམས་བཞིན་དུ་བུད་མེད་ཀྱི་མཆུ་སྒྲོས་འཇིབ་པ་ཇི་ལྟར་ཡིན་སྙམ་དུ་སྟོན་ཚིག་དེས་འཁྲུལ་རྒྱུ་བྱས་ནས་རྨོངས་པར་བྱས་པ་ལྟ་བུའོ།།

གང་ལ་སྦྱོར་ཕྲེང་བདག་ཉིད་ཅན། །དེ་ནི་ཡོངས་སུ་ཕྲོགས་ཞེས་བྱ།།
གང་དུ་ཚིག་སྦྱོར་མང་པོའི་ཕྲེང་བ་སྔ་མ་སྔ་མའི་དོན་ཕྱི་མ་ཕྱི་མས་ཕྲོགས་པ་ལྟར་དུ་གབ་པའི་བདག་ཉིད་ཅན་དེ་ནི། ཡོངས་སུ་ཕྲོགས་པ་ཞེས་བྱ་བའི་གབ་ཚིག་སྟེ། དཔེར་བརྗོད་ནི།
བྱ་རྒྱལ་ཟས་སྐྱེས་དགྲ་ཡིས་ནི། །བླ་མའི་འོད་ཀྱིས་བཅོམ་སྐྱེ་བོ།།
ཁ་འཇོམས་གྲོགས་མིན་འཛིན་པ་ཡིས། །ཁྱབ་པའི་མཁའ་ལ་མངོན་པར་དགའ།།
བྱ་ནི་མཁའ་ལྡིང་། རྒྱལ་བ་ནི་དེས་སྔོན་རྒྱ་མཚོ་བསྲུབས་སྐྱེས་ཀྱི་བདུད་རྩི་ཕྲོགས་པས་སོ། །བདུད་རྩི་དེའི་ཟས་ཅན་བརྒྱ་བྱིན། དེ་ལས་སྐྱེས་པ་སྲིད་སྒྲུབ། དེའི་དགྲ་ཀརྞ་པ། དེའི་བླ་མ་ཉི་མ། དེའི་འོད་ཀྱིས་བཅོམ་པའི་སྐྱེ་བོ་རྣམས་ནི། ཁ་བ་འཇོམས་པ་མེ། དེའི་གྲོགས་མིན་པ་ནི་དགྲ་སྟེ་ཆུ། དེ་འཛིན་པ་སྤྲིན་ཡིན་པས་དེས་ཁྱབ་པའི་མཁའ་ལ་མངོན་པར་དགའོ་ཞེས་ཡོངས་ཕྲོགས་ཀྱི་གབ་ཚིག་གོ།
རི་ཡིག་སྐྱེས་མགོན་དགྲ་བོའི་ཁ་ཟས་ཀྱི། །རྩ་ལག་ལས་འོངས་བཅུད་ཀྱིས་འཚོ་བའི་འཁྱུ།།
ཁ་འཛོམས་གྲོགས་མིན་འཛིན་ལ་དགའ་རྣམས་དང་། །ལྷན་ཅིག་གླུ་དང་ཟློས་གར་འགྲན་པ་བཞིན།།
ཞེས་གབ་བྱ་ རི་ཡིག་སྐྱེས་ལྷ། ལྷའི་མགོན་བརྒྱ་བྱིན། བརྒྱ་བྱིན་གྱི་དགྲ་ལྷ་མིན་སྒྲ་གཅན། སྒྲ་གཅན་གྱི་ཁ་ཟས་ཉི་མ། ཉི་མའི་རྩ་ལག་སྟེ་གཉེན་པདྨ་མ། དེ་ལས་འོངས་པའི་བཅུད་སྦྲང་རྩི། དེས་འཚོ་བའི་ཁྱུ་བུང་བ་དང་། ཁ་བ་འཇོམས་པ་མེ། མེའི་གྲོགས་མིན་པ་དགྲ་ཆུ། ཆུ་འཛིན་པ་སྤྲིན། སྤྲིན་ལ་དགའ་བ་རྨ་བྱ་སྟེ་ དེ་གཉིས་ལྷན་ཅིག་ཏུ་བུང་བའི་གླུ་དང་རྨ་བྱའི་ཟློས་གར་འགྲན་པ་ལྟར་གྱུར་པ་ངོ་མཚར་རོ།། ཞེས་པ་ཡིན་ཀྱང་། གབ་བྱེད་ཚིག་མང་པོའི་འཕྲེང་བ་སྔ་མ་སྔ་མའི་དོན་ཕྱི་མ་ཕྱི་མས་ཕྲོགས་པ་ལྟར་བྱས་ནས་གབ་པ་ལྟ་བུའོ།།

གང་དུ་རྟེན་ནི་རབ་སྦས་ནས། །བརྟེན་པ་གསལ་བྱས་གཅིག་བསྒྲིགས་པའོ།།
གང་དུ་རྟེན་ལུས་ལྟ་བུ་རབ་ཏུ་སྦས་ཤིང་། བརྟེན་པ་ཡན་ལག་ལྟ་བུར་གསལ་བར་བྱས་པ་ནི་གཅིག་བསྒྲིབས་པའི་གབ་ཚིག་གོ། དཔེར་བརྗོད་ནི།
ནམ་ཡང་མཚོན་དང་བུད་མེད་ཀྱི། །ནུ་མའི་དཀྱིལ་འཁོར་ལ་མ་རེག།
མི་མ་ཡིན་པ་འགའ་ཞིག་ནི། །ལག་ནི་འབྲས་མེད་མིན་ནོ་ལོ།།
དུས་ནམ་ཡང་མཚོན་ཆ་དང་བུད་མེད་ཀྱི་ནུ་མའི་དཀྱིལ་འཁོར་ལ་མ་རེག་པས་ལག་པའི་བྱ་བ་འབྲས་བུ་མེད་པ་ཡིན་ཀྱང་། མི་མ་ཡིན་པ་འགའ་ཞིག་སྟེ་དྲི་ཟའི་ལག་པའི་མིང་ཅན་ཤིང་ཨེ་རཎྜ་ལ་ནི་འབྲས་བུ་མེད་པ་མིན་ནོ་ལོ།། འདིར་མི་མ་ཡིན་པ་འགའ་ཞིག་ནི་ཞེས་རྟེན་དྲི་ཟ་གབ་ནས། བརྟེན་པ་དེའི་ལག་པར་གྲགས་པ་ཤིང་ ཨེ་རཎྜ་་གསལ་བར་བྱས་པས། གཅིག་བསྒྲིབས་པའི་གབ་ཚིག་གོ།
ཕྲ་རགས་འབྱུང་བའི་ཁམས་ལས་འདས་གྱུར་ཅིང་། ཀུན་ཏུ་མི་སྣང་སྟོང་པ་ཅང་མེད་མིན།།
ཡོན་ཏན་ལྡན་པ་ལ་ལའི་གཟུགས་མཚར་བ། །བར་སྣང་ཁམས་ལ་དབང་པོའི་གཞུ་བཞིན་སྟོན།།

ཞེས་གབ་བྱ་གཞིའི་ལུས་སེམས་ལ་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་གསུམ་ཡོད་པ་ལས། ཕྲ་བ་དང་རགས་པའི་འབྱུང་བ་དང་འབྱུང་འགྱུར་གྱི་ཁམས་ལས་འདས་པར་གྱུར་ཅིང་། ཐ་མལ་པའི་མིག་ཡུལ་དུ་དུས་ཀུན་ཏུ་མི་སྣང་བས་སྟོང་པ་ལྟ་བུ་ལ། སྒྱུ་ལུས་ཐོབ་པ་རྣམས་ལ་སྣང་དུ་རུང་བས་ཅང་མེད་པ་འང་མ་ཡིན་ཞིང་། མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྒྱུ་མའི་སྐུའི་གཟུགས་མཆོག་ཏུ་མཚར་བ་ནི། བར་སྣང་སྟོང་པའི་ཁམས་ལས་དབང་པོའི་གཞུ་སྟེ་འཇའ་ཚོན་བསྟེན་པ་བཞིན་དུ་དོན་དམ་འོད་གསལ་གྱི་ངང་ལ་སྡང་བར་བྱེད་དོ་ཞེས་པ་ཡིན་ཀྱང་། གབ་བྱེད་ལ་ལའི་ཞེས་རྟེན་ནམ་ཡན་ལག་ཅན་སྒྱུ་མའི་སྐུ་གབ་ཅིང་བརྟེན་པའམ་ཡན་ལག་གཟུགས་མཚར་བ་གསལ་བར་བརྗོད་པ་ལྟ་བུའོ།།

གང་དུ་གཉིས་ཀ་སྦས་གྱུར་པ། །དེ་ནི་གཉིས་ཀ་བསྒྲིབས་པའོ།།
གང་དུ་རྟེན་དང་བརྟེན་པའི་དངོས་པོ་གཉིས་ཀ་སྦས་པར་གྱུར་པ་དེ་ནི། གཉིས་ཀ་བསྒྲིབས་པའི་གབ་ཚིག་སྟེ། དཔེར་བརྗོད།   
སུ་ཞིག་གང་དང་འགྲོགས་པ་ཡི། །བྱ་བ་ཐམས་ཅད་ཉེ་བར་ནི།།
ཐོབ་ཅིང་ཟས་ཀྱི་དུས་དག་ཏུ། །གལ་ཏེ་མཐོང་ན་འདོར་བར་བྱེད།།
སུ་ཞིང་གང་དང་ཞེས་པའི་སྐད་དོད། རྒྱ་དཔེ་ལ་ལར། ཀེ་ན་ཀཿདང་། ཁ་ཅིག་ཏུ། ཀེ་ནེ་ཤ་ཞེས་འབྱུང་བ། ཀེ་ན་དང་ཨི་ཤ་མཚམས་སྦྱར་བ་ཡིན་ལ། ཡི་གེ་ཕྱིས་པའི་ཀེ་ཤ་སྐྲ་ལ་འཇུག་པས། སུ་ཞིག་ནི་སྐྲ། གང་མགོ་བོ་དང་འགྲོགས་པའི་བྱ་བ་ཁྲུས་དང་། ཤད་པ་ལ་སོགས་པའི་བྱ་བ་ཐམས་ཅད་དུ་ཉེ་བར་ཐོབ་ཅིང་། ཟས་ཀྱི་དུས་དག་ཏུ་ནི་གལ་ཏེ་ཉག་རེ་མཐོང་ན་ཡང་འདོར་བར་བྱེད་དོ། །ཡང་ན་ཀེ་ན་ཚངས་པ་དང་། ཨི་ཤ་དབང་ཕྱུག་ཏུ་གབ་ཀྱང་རུང་ངོ་།། འདིར་རྟེན་མགོ་བོ་དང་། བརྟེན་པ་སྐྲ་གཉིས་ཀ་སྦས་པས། གཉིས་ཀ་བསྒྲིབས་པའི་གབ་ཚིག་གོ།
བླ་ན་མེད་པའི་ཡོན་ཏན་ཚོགས་ཀྱི་གཏེར། །གང་གིས་ཕོངས་པ་མེད་པ་མེད་པ་སུ་ཞིག་ལ།།
སྦྱིན་པ་ཡང་དག་ཕུལ་གྱི་སྒྲ་སྙན་པོ། །ཐོས་པའི་རྣ་བ་དེ་ཡང་དོན་ལྡན་བྱེད།།

ཅེས་གབ་བྱ་བླ་ན་མེད་པ་སྟེ་གོང་ན་མེད་པའི་ཡོན་ཏན་གྱི་ཚོགས་ཀྱི་གཏེར་དུ་གྱུར་པ་རྒྱལ་པོ་ལྟ་བུས་བུ་དང་ཆུང་མ་དང་ལོངས་སྤྱོད་སོགས་ལྟ་ཅི་ལུས་སྲོག་ལའང་འཕངས་པ་མེད་པར་བྲམ་ཟེ་སྦྱིན་པ་ཡང་དག་པ་སྟེ། ཕྱིན་ཅི་ལོག་པ་ཕུལ་དུ་བྱུང་བ་བྱིན་པ་དངོས་སུ་མཐོང་བ་རྣམས་ལྟ་ཅི། དེ་འདྲ་སྙན་གྲགས་ཀྱི་སྒྲ་སྙན་པོ་ཐོས་པའི་རྣ་བ་དེ་ཡང་དོན་དང་ལྡན་པར་བྱེད་དོ་ཞེས་པ་ཡིན་ཀྱང་། གབ་བྱེད་གང་གིས་ཞེས་སྦྱིན་པ་སྟེར་བ་པོ་རྒྱལ་པོ་དང་། སུ་ཞིག་ཅེས་སྟེར་ཡུལ་བྲམ་ཟེ་གཉིས་ཀ་དངོས་སུ་མ་བརྗོད་པར་སྦས་པ་ལྟ་བུའོ།།

གང་ལ་མཚན་ཉིད་སྣ་ཚོགས་འདྲེས། །དེ་ནི་ཡོངས་སུ་འདྲེས་ཞེས་བྱ།།
གང་ལ་སྔར་བསྟན་པ་སོ་སོའི་མཚན་ཉིད་སྣ་ཚོགས་འདྲེས་པ་ན། ཡོངས་འདྲེས་ཀྱི་གབ་ཚིག་ཅེས་བྱ་སྟེ། དཔེར་བརྗོད།
ཧ་ཡ་ག་ཛ་བྷ་ཊ་ཅན། །སྡེ་འདི་གལ་ཏེ་མ་རྒྱལ་ན།།
མཱ་ཏྲི་ཀ་མེད་ངེད་ཀྱི་བུ། །དེ་ནི་ཡི་གེ་ཤེས་ཀྱང་བླུན།།
ཧ་ཞེས་པས་བྲོ་བ། ཡས་མཐར་གནས། གས་ཀ་སྟེ། ཛས་ཙ་སྡེ། བྷས་པ་སྡེ། ཊས་ཊ་སྡེ་གོ་ལ། སྡེའི་སྐད་དོད་སེ་ནཱའི། ས་བཅས་པ། ཨི་ན་ཡི་གེ སའི་སྲོག་གི་ཨ་དང་ཨི་ནའི་ཨི་མཚམས་སྦྱར་བས་སེ། ན་ཡིག་གིས་ཏ་སྡེ་མཚོན་པས། ཡི་གེ་འདི་རྣམས་དབྱངས་དང་བཅས་པ་ལས་གལ་ཏེ་མ་རྒྱལ་ན་སྟེ་མ་ཤེས་ན། མཱ་ཏྲི་ཀ་སྟེ་ཡི་གེའི་ཕྱི་མོ་ཙམ་ཡང་ཤེས་པ་མེད་པས། ངེད་ཀྱི་བུ་འདི་ཨཀྵར་ཞེས་པ་འགྱུར་མེད་དེ་རྟག་པའི་རིག་བྱེད་ཤེས་ཀྱང་བླུན་པའོ་ཞེས་བརྗོད་རྒྱུ་ལ། ཧ་ཡ་རྟ། ག་ཛ་གླང་པོ། བྷ་ཊ་དཔའ་བོ་སྟེ་དཔུང་བུ་ཆུང་། སེ་ན་སྡེ་སྟེ་དཔུང་གི་ཚོགས་ལས་མ་རྒྱལ་ན། མཱ་ཏྲི་ཀ་མ་མེད་པའི་ངེད་ཀྱི་བུ་འདི་ནི་ཡི་གེ་ཙམ་ཤེས་ཀྱང་བླུན་པོར་བས་སོ་ཞེས་པ་གོ་ནས་གབ་པའོ།།

དེ་བཤད་ཅིང་བསྡུ་བ་ནི།
དེ་ནི་མིང་དུ་འདུས་པ་བསྲེས། །བསླུས་པ་ཡི་ནི་གཟུགས་དང་ལྡན།།
དེ་བཞིན་ཉིད་དུ་གཞན་གྱི་ཡང་། །འདྲེས་པའི་རིམ་པ་ཤེས་པར་བྱ།།
ཕྱེད་སྔ་མ། ཧ་དང་ཡ་སོགས་དོན་གཅིག་མིན་ཐ་དད་པར་བཏགས་པའི་མིང་དུ་འདུས་པ་བསྲེས་ཤིང་། ཕྱེད་ཕྱི་མ་མཱ་ཏྲི་ཀ་མེད་སྐྱེད་བྱེད་ཀྱི་མ་མེད་པ་དང་། ཨཀྵར་རིག་བྱེད་རྟག་པར་འགྱུར་མེད་དུ་གོ་བས། བསླུས་པའི་ནི་གཟུགས་དང་ལྡན་ལ། དེ་བཞིན་དུ་གབ་ཚིག་གཞན་དང་འདྲེས་པའི་རིམ་པ་ཡང་ཤེས་པར་བྱའོ།།
ཁྱོད་ཀྱི་མཛེས་ཆོས་གེ་སར་མིང་ལྡན་པ། །མཆོད་པར་བྱ་བ་རིན་པོ་ཆེ་ཡི་མིང་།།
མེ་ཡིས་འཁྱུད་དེས་སྲིད་པས་བྱས་པའི་སྐྱོན། །ཆུ་བོ་རྣམས་ལས་ངེས་པར་སྒྲོལ་བར་བྱེད།།
ཅེས་གབ་བྱ་གཞོན་ནུ་ཁྱོད་ཀྱི་མཛེས་ཆོས་སུ་གྱུར་པ་གེ་སར་གྱི་མིང་དང་ལྡན་པའི་སྐྲ་ཚོགས་ཀྱིས་མཆོད་པར་བྱས་པ་རིན་པོ་ཆེ་ཡི་མིང་དང་ལྡན་པའི་དཀོན་མཆོག། མེ་ཡིས་འཁྱུད་པ་སྟེ་གསུམ་གྱི་གྲངས་དང་ལྡན་པ་དེས་ནི་སྲིད་པ་འཁོར་བས་བྱས་པའི་སྐྱོན་གྱི་ཆུ་བོ་རྣམས་ལ་ངེས་པར་སྒྲོལ་བར་བྱེད་ནུས་སོ་ཞེས་པ་ཡིན་ཀྱང་། གབ་བྱེད་གེ་སར་ཞེས་པ་སྐྲ་དང་གེ་སར། རཏྣ་ཞེས་པ་དཀོན་མཆོག་དང་རིན་པོ་ཆེ་ལ་འཇུག་པར་བསམ་ནས་གེ་སར་མིང་ལྡན་དང་། རིན་པོ་ཆེའི་མིང་ཞེས་མཐུན་པའི་སྒྲའི་གབ་ཚིག་དང་། མེ་ཡིས་འཁྱུད་ཅེས་གྲངས་ཀྱི་གབ་ཚིག་གཉིས་འདྲེས་པའི་སྒོ་ནས་བསྒྲིབས་པ་ལྟ་བུའོ།།

དྲུག་པ་མཇུག་དོན་བསྡུ་བ་ནི།
འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན།།
གབ་ཚིག་ངན་པ་གཞན་དག་ཀྱང་། །བཅུ་བཞི་དེ་དག་རྣམས་ཀྱིས་བརྗོད།།
ངན་པས་མཚན་ཉིད་མེད་གང་དེ། །སྐྱོན་གྱི་ཡོངས་བགྲང་བྱ་མིན་པར། །རིག་ནས་སླར་ཡང་བདག་ཅག་གིས། །ལེགས་པ་ཁོ་ན་བརྗོད་པར་བྱ། །གོང་དུ་བསྟན་པ་འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། སྔོན་གྱི་སློབ་དཔོན་རཱ་མ་ཤརྨ་ལ་སོགས་པ་རྣམས་ཀྱིས་བསྟན་ཏོ། །གབ་ཚིག་ངན་པའི་རྣམ་གྲངས་གཞན་བཅུ་བཞི་ཡང་བྷ་ར་ཏ་ལ་སོགས་པ་དེ་དག་རྣམས་ཀྱིས་བརྗོད་མོད། ངན་པ་གབ་ཚིག་མཚན་ཉིད་མེད་པ་གང་ཡིན་པ་དེ་དང་། སྐྱོན་དེ་ཉིད་ཀྱི་གབ་ཚིག་གི་གྲངས་ལ་ཡོངས་སུ་བགྲང་བྱ་མིན་པར་རིག་ནས། སླར་ཡང་དབྱུག་པ་ཅན་བདག་ཅག་གིས་ལེགས་པ་བཅུ་དྲུག་པོ་འདི་ཁོ་ནར་བསྡུས་ཏེ་བརྗོད་པར་བྱ་སྟེ་ངན་པ་རྣམས་ནི་མ་ཡིན་ནོ།། གབ་ཚིག་གི་རྒྱན་བཤད་ཟིན་ཏོ།། །།





གཉིས་པ་སྐྱོན་སེལ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ།། དང་པོ་ནི།
དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས།།
སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ།།
ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ།།
སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ།།
དམ་བཅའ་གཏན་ཚིགས་དཔེ་ཉམས་པ། །ཞེས་པ་འདི་ཡང་སྐྱོན་མིན་ནམ།།
ཕལ་ཆེར་དཔྱད་པར་དཀའ་བ་ཉིད། །སྦྱོར་བ་དེ་ཡི་འབྲས་བུ་ཅི།།
དོན་ཉམས་དང་། དོན་འགལ་དང་། དོན་གཅིག་དང་། ཐེ་ཚོམ་ཅན་དང་། རིམ་པ་ཉམས་པ་དང་། སྒྲ་ཉམས་པ་དང་། གཅོད་མཚམས་ཉམས་པ་དང་། སྡེབ་སྦྱོར་ཉམས་པ་དང་། མཚམས་སྦྱོར་བྲལ་བ་དང་། ཡུལ་དུས། སྒྱུ་རྩལ། འཇིག་རྟེན། ལུང་། རིགས་པ་དང་འགལ་བ་དྲུག་གཅིག་ཏུ་བྱས་པའི་སྐྱོན་བཅུ་པོ་དེ་དག་སྙན་ངག་གི་སྦྱོར་བ་ལ་སྙན་ངག་མཁན་རྣམས་ཀྱིས་སྤང་བར་བྱའོ། །གཞན་ཡང་དམ་བཅའ་ཉམས་པ། གཏན་ཚིགས་ཉམས་པ། དཔེ་ཉམས་པ་ཞེས་པ་འདི་གསུམ་ཡང་སྐྱོན་མིན་ནམ་ཞེ་ན། དེ་དག་རྟོག་གེ་ལས་ལམ་འདི་ལ་མ་གྲགས་པས་ཕལ་ཆེར་དཔྱད་དཀའ་བ་ཉིད་ཀྱི་ཕྱིར། སྦྱོར་བ་དེའི་འབྲས་བུ་ནི་ཅི་སྟེ་དགོས་པ་འགའ་ཡང་མེད་དོ།།

གཉིས་པ་རྒྱས་པར་བཤད་པ་ལ་བཅུ་ལས། དང་པོ་དོན་ཉམས་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ་ལས། དང་པ་མཚན་ཉིད་ནི།
ཚོགས་པའི་དོན་གྱིས་སྟོངས་པ་གང་། །དེ་ནི་དོན་ཉམས་ཞེས་པར་འདོད།།
མྱོས་པ་སྨྱོན་པ་བྱིས་པ་ཡི། །བརྗོད་ལས་གཞན་པ་དེ་སྐྱོན་ནོ།།
ཚིག་ཚོགས་པའི་རང་བཞིན་ལ་དོན་གྱིས་སྟོངས་པ། སེའུ་བཅུ་པའི་ངག་བཞིན་གྱུར་པ་དེ་ནི་དོན་ཉམས་ཞེས་པར་འདོད་དེ། ཆང་གིས་མྱོས་པ་དང་། གདོན་གྱིས་སྨྱོ་བ་དང་། བསམ་པ་མ་བྱེ་བའི་བྱིས་པའི་བརྗོད་པ་ལས། གཞན་བསམ་ཤེས་ཀྱི་སྐྱེས་བུས་བརྗོད་པར་བྱས་ན་དེ་སྐྱོན་ཡིན་ནོ།། དཔེར་བརྗོད་ནི།
འདི་ནི་རྒྱ་མཚོ་འཐུང་བྱེད་དེ། །བདག་ནི་དེ་རིང་རྒས་པས་གཟིར།།
སྤྲིན་འདི་རབ་ཏུ་སྒྲོག་བྱེད་དེ། །འཕྲོག་བྱེད་ས་སྲུང་དག་ལ་དགའ།།
སྐྱེས་བུ་འདི་ནི་རྒྱ་མཚོ་འཐུང་བར་བྱེད་དེ། བདག་ནི་དེ་རིང་རྒས་པའི་གདུང་བས་གཟིར་ལ། སྤྲིན་འདི་ཡང་འབྲུག་གི་སྒྲ་རབ་ཏུ་སྒྲོག་པར་བྱེད་ཅིང་། འཕྲོག་བྱེད་དེ་བརྒྱ་བྱིན་ནི་གླང་པོ་ཆེ་ས་སྲུང་དག་ལ་དགའོ། །ངག་དེ་ཙམ་ཚོགས་ཀྱང་འབྲེལ་ལྡན་གྱི་བརྗོད་དོན་བསྟན་རྒྱུ་མེད་པས་སོ།།
ཆུ་བོ་འདི་རྣམས་ཐུར་དུ་མགྱོགས་པར་རྒྱུག། བེམས་པོའི་དངོས་ཀུན་རྣམ་རྟོག་རྒྱ་རྒྱུ་མེད།།
སྟོན་ཀའི་ཟླ་བའི་རང་འོད་ལྷག་པར་གསལ།། ཁོ་བོ་སྙིང་ལ་ཉལ་བའི་བདེ་བ་འདོད།།

དམིགས་བསལ་ནི།
འདི་སེམས་རྣལ་དུ་མི་གནས་པས། མངོན་པར་བརྗོད་ལ་སྨད་མིན་ཏེ།།
གཞན་དུ་དེ་ལྟ་བུ་ལ་སོགས། །སྙན་ངག་མཁན་པོ་སུ་ཞིག་སྦྱོར།།
འདི་ལྟ་བུ་སེམས་རྣལ་དུ་མི་གནས་པའི་སྨྱོན་པ་ལྟ་བུས་མངོན་པར་བརྗོད་པ་ན། དེ་དང་དེ་ལྟ་བུའི་ཉམས་འདོན་པ་ལ་ནི་སྨད་པར་བྱ་བ་མིན་ཏེ། གཞན་དུ་འབྲེལ་མེད་པའི་ཚིག་དེ་ལྟ་བུ་ལ་སོགས་པ་སྙན་ངག་མཁན་པོ་སུ་ཞིག་སྦྱོར་ཏེ་མི་སྦྱོར་རོ།།
གཉིས་པ་དོན་འགལ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི།
ངག་གཅིག་གིས་ནི་རབ་སྦྱར་ལ། །སྔ་མས་ཕྱི་མ་གཞན་འཇོམས་པ།།
འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། །དོན་འགལ་ཞེས་པར་རབ་ཏུ་བརྗོད།།
ངག་གི་རྒྱུན་གཅིག་གིས་རབ་ཏུ་སྦྱར་བ་གང་ཞིག སྔ་མའི་ནུས་པས་ཕྱི་མ་གཞན་འཇོམས་པ་ནི། འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན་ཏེ། དོན་འགལ་ཞེས་པར་རབ་ཏུ་བརྗོད་དོ།། དཔེར་བརྗོད་ནི།
དགྲ་རིགས་མཐའ་དག་འཇོམས་པ་དང་། །སྣ་ཚོགས་ཁུར་འདི་རྒྱལ་གྱུར་ཅིག།
འབྱུང་པོ་ཀུན་ལ་བརྩེ་བ་ཅན། །ཁྱོད་ལ་དགྲ་ནི་སུ་ཡང་མེད།།
དགྲའི་རིགས་མཐའ་དག་རབ་ཏུ་འཇོམས་པ་དང་། སྣ་ཚོགས་པའི་ཁུར་དང་ལྡན་པའི་ས་ཆེན་པོ་འདི་ལས་རྒྱལ་བར་གྱུར་ཅིག འབྱུང་པོ་སྟེ་སེམས་ཅན་ཀུན་ལ་བརྩེ་བའི་རང་བཞིན་ཅན་གྱི་རྒྱལ་པོ་ཁྱོད་ལ། གནོད་སེམས་འཆང་བའི་དགྲ་ནི་སུ་ཡང་མེད་དོ་ཞེས་དགྲ་འཇོམས་པ་དང་། ཀུན་ལ་བརྩེ་བ་འགལ། དགྲ་འཇོམས་པ་དང་། དགྲ་སུ་ཡང་མེད་པ་འགལ་བས་དོན་འགལ་ལོ།།
རྙེད་བཀུར་ནོར་བུའི་ཁྲིར་འཁོད་ཕྱོགས་དང་གླིང་།། ཀུན་ལས་རྣམ་རྒྱལ་འབྱོར་པས་མི་ངོམས་པ།།
རྒྱལ་ཁྱོད་ཆོག་ཤེས་ག་བུར་འཐུལ་བའི་དྲིས།། འདུ་འཛི་དུས་ཀྱི་འཆིང་བ་རིང་དུ་བཏང་།།

དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ།། དང་པོ་ནི།
མངོན་པར་ཆགས་ལྡན་སེམས་ལ་ནི། སྐབས་དེ་འགའ་ཞིག་ཡོད་པས་ན།།
གང་ལ་འགལ་བའི་དོན་ཅན་གྱི། །ཚིག་ཀྱང་མངོན་པར་འདོད་པར་འགྱུར།།
བུད་མེད་ལ་མངོན་པར་ཆགས་པ་དང་ལྡན་པའི་སེམས་ལ་ནི་རང་དབང་མེད་པས། མུ་ཅོར་དུ་སྨྲ་བའི་སྐབས་དེ་འདྲའང་འགའ་ཞིག་ཏུ་ཡོད་པས་ན། གང་དེ་ལ་འགལ་བའི་དོན་ཅན་གྱི་ཚིག་ཀྱང་མངོན་པར་འདོད་པར་འགྱུར་རོ།། དཔེར་བརྗོད་ནི།
གཞན་གྱི་བུད་མེད་ལ་སྲེད་པ། །འཕགས་པ་དག་ནི་ག་ལ་རིགས།།
དེ་ཡི་སོ་སྒྲིབ་གཡོ་བ་དག །བདག་ནི་ནཾ་ཞིག་འཐུང་འགྱུར་རམ།།
གཞན་གྱི་བུད་མེད་ལ་སྲེད་ཅིང་ཆགས་པ་ནི་ཡ་རབས་འཕགས་པའི་རིགས་ཅན་དག་གིས་ག་ལ་རིགས། ཡིད་འོང་མ་དེའི་སོ་སྒྲིབ་སྟེ་མཆུ་སྒྲོས་གཡོ་བའི་སྦྲང་རྩི་ཞིམ་པོ་བདག་གིས་ནམ་ཞིག་འཐུང་བར་འགྱུར་རམ་ཞེས་བཏགས་ཏེ་བརྗོད་འཕྲོར་ཆགས་པས་དབང་མེད་དུ་ཚིག་འགལ་བ་འཐོན་པ་སྟེ། ཆགས་པ་ཕུལ་བྱུང་སྟོན་པས་སྐྱོན་མེད་དོ།།
འདོད་ལྡན་སྒེག་མོའི་གཟུགས་གསར་དབང་པོའི་གཞུ་། །མཛེས་ཀྱང་འཇིག་པའི་ཆོས་ལ་སུ་ཞིག་ཆགས།།
ཡིད་འོང་སྐྱེད་མཆེད་རྫོགས་པའི་བཞིན་བཟང་མ། །ནམ་ཞིག་མིག་གི་བདུད་རྩི་འཐུང་འགྱུར་རམ།།

གསུམ་པ་དོན་གཅིག་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ།། མཚན་ཉིད་ནི།
དོན་ཉིད་དམ་ནི་སྒྲ་ལ་ཡང་། ཁྱད་པར་མེད་པ་སྔར་བརྗོད་པ།།
གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པར་འདོད་དཔེར།།
བརྗོད་བྱའི་དོན་ནམ་སྒྲ་ལ་དགོས་པ་ཁྱད་པར་བ་མེད་པར་སྔར་བརྗོད་པ་ཉིད་གལ་ཏེ་སླར་ཡང་རབ་ཏུ་བསྒྲགས་པ་དེ་ནི་དོན་གཅིག་པའི་སྐྱོན་ཡིན་པར་འདོད་དེ། དཔེར་བརྗོད་ནི།
སྲེད་པ་སྲེད་བྱེད་བུ་མོ་རྣམས། །དེ་ཡི་ལན་བུའི་འོད་ཟེར་ཅན།།
ཆུ་འཛིན་གློག་དང་ལྡན་པ་དང་། །ཟབ་མོ་སྒྲ་སྒྲོགས་འདི་དག་གོ།
བུ་མོའི་སྲེད་པ་ནི་ཆགས་པ། དེ་ལ་སྲེད་པར་བྱེད་པ་བུ་མོ་རྣམས། དེའི་ལན་བུའི་འོད་ཟེར་ཅན་ཆུ་འཛིན་ཏེ་སྤྲིན་སྔོན་པོ། གློག་དང་ལྡན་པ་ཡང་སྤྲིན། ཟབ་མོ་སྒྲ་སྒྲོག་པ་ཡང་སྟེ་སྲེད་པ་དེའི་རྒྱུ་འདི་དག་གོ། འདིར་སྲེད་པ་དང་སྲེད་བྱེད་གཉིས་དོན་གཅིག ཆུ་འཛིན། གློག་ལྡན། ཟབ་མོ་སྒྲ་སྒྲོག་པ་རྣམས་ཀྱང་སྤྲིན་དུ་གཅིག་པས། དོན་གཅིག་གི་སྐྱོན་ནོ།།
སར་སྐྱེས་ལྗོན་ཤིང་སྡོང་པོའི་གེལ་བའི་རྩེར།། སྙན་པའིགླུ་དང་དབྱངས་ཀྱི་འགྱུར་ཁུག་ཅན།།
འདབ་ལྡན་དཔྱིད་ཀྱི་ཕོ་ཉ་ཀོ་ཀི་ལ།། སྔོ་ལྗང་འདབ་གཤོག་སྒྲོ་ཚོགས་ངོམ་བཞིན་རྒྱུ།།

དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ།། དང་པོ་ནི།
རྗེས་སུ་བརྩེ་སོགས་ཁྱད་པར་ལས། །གལ་ཏེ་འགའ་ཞིག་བརྗོད་འདོད་ན།།
ཡང་བརྗོད་པ་ལ་སྐྱོན་མེད་དེ། །འདི་ནི་རྒྱན་དུ་རིགས་པ་ཡིན།།
རྗེས་སུ་བརྩེ་བ་དང་། སོགས་ཁོངས་ནས་ངོ་མཚར་བ། ཁྲོ་བ་དགའ་བ་སྟེ། ཁྱད་པར་བ་ལས་འགའ་ཞིག་བརྗོད་པར་འདོད་ན། སླར་ཡང་བརྗོད་པ་ལ་སྐྱོན་མེད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། ངོ་མཚར་བ་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་བཟུང་དང་། །དད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན།། ཞེས་འདི་འདྲ་བ་ནི་རྒྱན་དུ་རིགས་པ་ཡིན་ནོ།། དཔེར་བརྗོད་ནི།
འདོད་པ་སྐབས་མིན་འཁོན་པ་ཡིས། །བུད་མེད་མཆོག་དེ་བཅོམ་པར་གྱུར།།
ཡན་ལག་ཀུན་མཛེས་བཅོམ་པར་གྱུར། །འཇམ་པར་སྒྲོག་མ་བཅོམ་པར་གྱུར།།
འདོད་པ་སྐབས་མིན་ཏེ་རྒྱུ་མེད་དུ་འཁོན་ཞིང་དགྲར་གྱུར་པས། མཛེས་མ་བུད་མེད་ཀྱི་མཆོག་དེ་བཅོམ་པར་གྱུར་ཏོ། །ཡན་ལག་ཀུན་ལ་མཛེས་པ་སྟེ་བཅོམ་པར་གྱུར་ཏོ།། ངག་འཇམ་པོར་སྒྲོག་པ་སྟེ་བཅོམ་པར་གྱུར་ཏོ་ཞེས་བརྩེ་བའི་དབང་གིས་ཡང་ཡང་བཟླས་པ་ལྟ་བུ་སྐྱོན་མེད་དོ།།
ཐར་པ་འདོད་པས་ཡིད་དྲངས་དབེན་པའི་ནགས།། ལྷ་དང་གྲུབ་པས་བསྟེན་ཏེ་ཡིད་ལ་དྲན།།
བག་ཕེབས་ལྗོན་པའི་གྲིབ་བསིལ་ཡིད་ལ་དྲན།། གཙང་མའི་ཆབ་རྒྱུན་བདེར་འབབ་ཡིད་ལ་དྲན།།

བཞི་པ་ཐེ་ཚོམ་ཅན་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ།། མཚན་ཉིད་ནི།
ངེས་པའི་དོན་དུ་རབ་སྦྱར་བའི། །ཚིག་རྣམས་ཉིད་ཀྱིས་གལ་ཏེ་ན།།
ཐེ་ཚོམ་སྐྱེད་པར་བྱེད་ན་འདི། །ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད།།
བརྗོད་དོན་ངེས་ཤིང་རྟོགས་པའི་དོན་དུ་རབ་ཏུ་སྦྱར་བའི་ཚིག་རྣམས་ཉིད་ཀྱིས། གལ་ཏེ་ཐེ་ཚོམ་སྐྱེད་པར་བྱེད་ན། ཐེ་ཚོམ་ཅན་ཞེས་པར་རབ་ཏུ་བརྗོད་དོ།། དཔེར་བརྗོད་ནི།
རེ་འདོད་དགའ་བ་ལྟ་བ་ཡི། །རོ་ལ་མིག་གཡོ་གྲོགས་མོ་དག།
རྒྱང་ན་འདུག་པའི་མ་མ་འདིས། །འདི་འདྲ་ལྟ་བར་བཟོད་མ་ཡིན།།
འཁྲིག་པའི་ལོངས་སྤྱོད་རེ་ཞིང་འདོད་པའི་དགའ་བ་དག་ལ་ཆགས་པའམ། མཛའ་བོ་ལྟ་བའི་རོ་ལ་མིག་ཟུར་གཡོ་བའི་གྲོགས་མོ་དང་མཛའ་བོ་དག རྒྱང་ངམ་ཉེ་བ་ན་འདུག་པའི་མ་མ་འདིས་ཀྱང་། ཁྱེད་གཉིས་ཀྱི་སྤྱོད་ཚུལ་བག་མེད་པ་འདི་འདྲ་བ་བལྟ་བར་བཟོད་པ་མ་ཡིན་ནོ། །རྒྱ་དཔེར། པྲི་ཡ་དགའ་མ་དང་། ཡིད་ཀྱི་འདོད་པ་དང་། མཛའ་བོ་ལ་འཇུག་པས་ཐེ་ཚོམ་བསྐྱེད་ཅིང་། ཨཱ་རཱ་ཏ་རྒྱང་རིང་བ་དང་། ཉེ་བ་ལའང་འཇུག འདིས་ཞེས་པའང་། ཨ་དས་ལས་བསྒྲུབས་པས་མངོན་གྱུར། ལྐོག་གྱུར་གང་ལའང་འཇུག་པའི་ཐེ་ཚོམ་ཅན་གྱི་སྐྱོན་ནོ།།
སྐྱེད་མོས་ཚལ་ནང་སྦྲང་རྩིའི་ཕོ་ཉ་འདི།། འདབ་མ་རབ་རྒྱས་ཡན་ལག་རྣམ་འགྱུར་གྱི།།
མངོན་འདོད་བསླབ་པ་སྟེར་མོད་དེ་རང་ཉིད།། སྲོག་དང་བཅས་པ་ཡིན་མིན་ཆ་མ་འཚལ།།

དམིགས་བསལ་ལ། སྐབས་བསྟན་པ། དཔེར་བརྗོད་པ། དོན་བཤད་པའོ།། དང་པོ་ནི།
འདི་འདྲ་ཐེ་ཚོམ་སླད་ཉིད་དུ། །གལ་ཏེ་འགའ་ཞིག་ཏུ་སྦྱར་ན།།
དེ་ནི་རྒྱན་ཉིད་དུ་འགྱུར་གྱི། །དེ་ལ་སྐྱོན་མེད་འདི་ལྟ་སྟེ།།
སྦྱོར་བ་འདི་འདྲ་བ་ཐེ་ཚོམ་སྐྱེད་པའི་སླད་ཉིད་དུ་གལ་ཏེ་སྐབས་འགའ་ཞིག་ཏུ་སྦྱར་ན། དེ་ནི་ཚིག་གི་རྒྱན་ཉིད་དུ་འགྱུར་གྱི། དེ་ལྟ་བུ་ལ་སྐྱོན་མེད་པ་ནི་འདི་ལྟ་སྟེ། དཔེར་བརྗོད་ནི།
མ་སྨད་དེ་ནི་ལུས་སྐྱེས་ཀྱི། །འཇིགས་པས་གཟིར་ཞིང་རྩུབ་མོ་ཡི།།
དུས་ཉིད་ཀྱིས་ནི་བཟུང་བ་མཐོང་། བདག་ཅག་ཁྱོད་ལ་རེ་བ་ཅི།།
མ་སྨད་པ་སྟེ་སྐྱོན་མེད་པའི་ལང་ཚོ་མ་དེ་ནི། ལུས་སྐྱེས་འདོད་པའི་ནད་ཀྱི་འཇིགས་པས་གཟིར་ཞིང་། རྩུབ་མོ་འཆི་བའི་དུས་ཉིད་ཀྱིས་གཟུང་བར་མཐོང་སྟེ། ད་ནི་བདག་ཅག་མཛའ་བོ་ཁྱོད་ལ་རེ་བ་མེད་དོ་ཞེས་སམ། ཡང་ན། ལུས་མིན་སྐྱེས་ཞེས་ཏེ། ཕྱི་རོལ་འབྱུང་བ་ལས་སྐྱེས་པའི་ཚ་གདུང་རྩུབ་མོས་གཟུང་ཞེས་པར་ཐེ་ཚོམ་བསྐྱེད་པའོ།།
དོན་བཤད་པ་ནི།
འདོད་པས་གཟིར་རམ་ཚ་བས་གདུང་། །ཞེས་པ་ངེས་མེད་བྱེད་པའི་ཚིག།
རྩེད་འཇོས་སྐྱེས་བུ་འཁྲུག་པར་ནི། །བྱ་ཕྱིར་ཕོ་ཉ་མོས་སྨྲས་སོ།།
དེ་ལྟ་བུ། འདོད་པས་གཟིར་རམ་སོས་ཀའི་ཚ་བས་གདུང་ཞེས། ངེས་མེད་ཐེ་ཚོམ་ཅན་དུ་བྱེད་པའི་ཚིག །རྩེད་འཇོའི་སྒོ་ནས་སྐྱེས་བུ་ཡིད་འཁྲུགས་པར་བྱ་བའི་ཆེད་དུ་ཕོ་ཉ་མོས་སྨྲས་སོ།།
ཡི་གེ་ཁཿཞེས་འབྱུ་བ་ཆེན་པོ་ཡི།། རང་བཞིན་རླུང་དག་འགྲོ་འོང་ལས་བྱེད་པའི།།
གཉིས་སྐྱེས་འདི་དག་འགྲོ་བའི་གནས་ཚུལ་གྱིས།། མི་རྟག་གཡོ་བའི་རང་བཞིན་མཚོན་པར་བྱས།།

ལྔ་པ་རིམ་པ་ཉམས་པ་ལ། མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ།། མཚན་ཉིད་ནི།
མདོར་བསྟན་རྗེས་སུ་མཐུན་པར་དོན། །གལ་ཏེ་རྗེས་བསྟན་མ་བྱས་ན།།
རིམ་པ་ཉམས་པར་མངོན་བརྗོད་པའི། །སྐྱོན་དུ་དེ་ནི་བཤད་དེ་དཔེར།།
མདོར་བསྟན་པའི་གོ་རིམ་དང་རྗེས་སུ་མཐུན་པར་དོན་གྱི་གོ་རིམ་གང་ཡིན་རྗེས་སུ་བསྟན་པར་མ་བྱས་ན། རིམ་པ་ཉམས་ཞེས་མངོན་པར་བརྗོད་པའི་སྐྱོད་དུ་བཤད་པ་ཡིན་ཏེ། དཔེར་བརྗོད་ནི།
འགྲོ་བ་རྣམས་ཀྱི་གནས་པ་དང་། །སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ།།
བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི། །སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས།།
འགྲོ་བ་རྣམས་འཇིག་རྟེན་དུ་གནས་པ་དང་། སྤྲུལ་ཞིང་སྐྱེ་བ་དང་། སྡུད་ཅིང་འཇིག་པའི་རྒྱུ་ནི། མ་སྐྱེས་པ་བདེ་འབྱུང་སྟེ་དབང་ཕྱུག་དང་། སྲེད་མེད་ཀྱི་བུ་ཁྱབ་འཇུག་དང་། ཆུ་སྐྱེས་པདྨའི་སྐྱེ་གནས་ཅན་ཚངས་པ་གསུམ་གྱིས་ཁྱེད་རྣམས་སྲུངས་ཤིག་ཅེས་གནས་པའི་རྒྱུ་ཁྱབ་འཇུག་དང་། སྐྱེ་བའི་རྒྱུ་ཚངས་པ་དང་། སྡུད་པའི་རྒྱུ་བདེ་འབྱུང་ངོ་ཞེས་ཁུངས་སུ་བཤད་པའི་རིམ་པ་འཁྲུགས་པའོ།།
བདུད་བདུལ་ཐུབ་པའི་དབང་དེས་གདུལ་བྱ་ཡི།། མོས་པ་མཆོག་དམན་འབྲིང་པོའི་ལམ་གསུམ་དུ།།
འཚམ་པའི་བསླབ་བྱ་སོ་སོར་ཐར་པ་དང་།། བྱང་སེམས་སྔགས་ཀྱིས་འདུལ་བ་དེ་དེ་བསྟེན།།

དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ།། དང་པོ་ནི།
འབྲེལ་བ་ངེས་པར་ཤེས་པའི་རྒྱུར། །གང་ཡང་གལ་ཏེ་འབད་བྱས་ན།།
རིམ་པ་འདས་ཀྱང་སྐྱོན་མིན་པར། །མཁས་པ་རྣམས་ནི་སྨྲ་སྟེ་དཔེར།།
དོན་གྱི་འབྲེལ་བ་རྟོགས་ཤིང་ངེས་པར་ཤེས་པའི་རྒྱུར། གང་དེ་འདྲ་བར་ཡང་གལ་ཏེ་འབད་པར་བྱས་ནས། རིམ་པ་འདས་ཀྱང་སྐྱོན་མིན་པར་མཁས་པ་རྣམས་སྨྲ་བ་སྟེ། དཔེར་བརྗོད་ནི།
གཉེན་གཏོང་བ་དང་ལུས་གཏོང་དང་། །ཡུལ་གཏོང་ཞེས་པ་གསུམ་པོ་ལ།།
དང་པོ་མཐའ་མ་ཉོན་མོངས་རིང་། །བར་པ་སྐད་ཅིག་གདུང་བའོ།།
གཉེན་གཏོང་བ་དེ་དང་བྲལ་བ་དང་། ལུས་གཏོང་བ་འཆི་བ་དང་། ཡུལ་གཏོང་བ་འདུག་གནས་འདོར་བ་གསུམ་གྱི། དང་པོ་དང་མཐའ་མ་ནི་ཉོན་མོངས་པའི་གདུང་བ་རིང་སྟེ་ཇི་སྲིད་འཚོ་དང་། བར་པ་ལུས་གཏོང་བ་ནི་སྐད་ཅིག་ཙམ་གདུང་བའོ་ཞེས་གདུང་བ་རིང་ཐུང་གི་འབྲེལ་བ་ཤེས་པར་བྱེད་པ་ལ་སྐྱོན་མེད་དོ།།
གང་ཞིག་མཐོ་རིས་ཐར་པ་མངོན་འདོད་ཕྱིར།། སྦྱིན་ཚུལ་བསྒོམ་པ་ལས་བྱུང་བསོད་ནམས་ཀྱི།།
ཐོག་མཐའ་ཡོན་ཏན་ཁྱད་པར་གཞན་སྒྲུབ་ཀྱང་།། བར་མ་ཁོ་ན་དལ་འབྱོར་རྟེན་གྱི་རྒྱུ།།



དྲུག་པ་སྒྲ་ཉམས་པ་ལ། མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། དང་པོ་མཚན་ཉིད་ནི།
མཚོན་བྱ་མཚན་ཉིད་ལམ་མ་མཚོན། །ཚིག་སྦྱོར་མཆོག་མིན་འདོད་པ་ནི།།
སྒྲ་ཉམས་ཡིན་ཏེ་མཆོག་རྣམས་དག །འདོད་པ་ཉིད་ནི་སྐྱོན་མ་ཡིན།།
མཚོན་བྱའི་དོན་དང་མཚན་ཉིད་སྒྲའི་རྗེས་སུ་བསྟན་པ་ལས་བྱུང་བ་གང་གི་ལམ་མ་མཚོན་ཏེ། སྒྲའི་བསྟན་བཅོས་དང་འགལ་ཞིང་། སྐྱེས་བུ་མཆོག་མིན་བླུན་པོ་དག་འདོད་པ་ནི་སྒྲ་ཉམས་ཡིན་ཏེ། སྐྱེས་བུ་མཆོག་རྣམས་འདོད་པའི་སྦྱོར་བ་ཉིད་ནི་སྐྱོན་མ་ཡིན་ནོ།། དཔེར་བརྗོད་ནི།
ས་གཞི་རྒྱ་མཚོ་སྐ་རགས་ཅན། །རྒྱལ་ཆེན་ཁྱོད་ལ་དཔུང་པས་སྲུངས།།
ཞེས་པ་ཤེས་འདོད་མེད་པས་ན། །ཚིག་འདི་ལ་ནི་ཉམས་ཡོད་མིན།།
ས་གཞི་རྒྱ་མཚོ་ཆེན་པོ་བཞིས་བསྐོར་བས་སྐ་རགས་ཅན་ཏེ། དེ་ཉིད་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་དཔུང་པས་སྲུངས་ཤིག་ཅེས་བརྗོད་པར་འདོད་ཀྱང་། རྒྱ་དཔེར། ཤ་ཀྭ་རི་སྐ་རགས། དེའི་རྐྱེན་གྱི་མཐའ་ཅན་ཏེ། ཙནྡྲ་པར། པྲཾ་དང་ཨུ་དང་རི་ཏ་ལས་ཞེས་ཀ་པའི་རྐྱེན་བྱིན་པས། ཤ་ཀྭ་རི་ཀ་ཞེས་འབྱུང་ཡང་། དེ་མེད་པ་དང་། མ་ཧཱ་རཱ་ཛན་྄རྒྱལ་ཆེན་ཞེས་ཁྱད་པར་རམ་ལས་འཛིན་གྱི་བསྡུ་བའི་མཐར། ཙནྡྲ་པར། ཚིག་སྡུད་ཀྱི་མཐའོ་ཞེས་སྤྱིར་བཏང་ནས། ས་ཁི་དང་ཨ་ཧན་྄དང་རཱ་ཛན་྄རྣམས་ཀྱི་ཊཙའོ་ཞེས་ཊཙའི་རྐྱེན་བྱིན་ཏེ། རཱ་ཛ་ཞེས་འབྱུང་བ་དེ་ལྟར་མ་བྱས་པ་དང་། བྷ་ཝནྟ་ཁྱོད་ཞེས་པ་ལ་རྣམ་དབྱེ་དྲུག་པ་བྱིན་ནས་བྷ་ཝ་ཏཿ ཁྱོད་ཀྱི་ཞེས་པ་ལ། བཞི་པ་བྱིན་པས་བྷ་ཝ་ཏེ། ཁྱོད་ལ་ཞེས་དང་། བཱ་ཧུ་དཔུང་པས་ཞེས་གསུམ་པ་སྦྱར་ཏེ། བ་ཧུ་བྷིཿའབྱུང་བ་ལ། དང་པོ་སི་བྱིན་པས། བཱ་ཧུ་དཔུང་པ་ཞེས་རྐྱེན་གྱི་སྒྲུབ་ཚུལ་ལོག་པ་ཇི་ལྟ་བར་བསྒྱུར་བས། བོད་སྐད། རྒྱལ་ཆེན་ཁྱོད་ལ་དཔུང་པས་སྲུངས། །ཞེས་འབྲེལ་མེད་ཀྱི་ཚིག ཤེས་འདོད་མེད་པ་སྐྱོན་ཅན་འདི་ལྟ་བུ་ལ་ཉམས་འགྱུར་ཡོད་པ་མ་ཡིན་ནོ།།
སྨན་ཤར་སྒོ་བཟང་མ་ཁྱོད་དོ་རའི་རྒྱན།། སྟག་ཤར་ཡོངས་ཀྱི་སྙིང་སྡུག་བུ་མོའི་གཙོ།།
སྦྱང་གླུ་བདེ་བར་འཁྱུག་པའི་གླུ་གཞས་ཀྱིས།། ལྷ་ཡུལ་མཛེས་མའི་ཁེངས་པར་ལས་བྱུང་མིན།།

དམིགས་བསལ་ལ། དཔེར་བརྗོད། སྐྱོན་མེད་སྒྲུབ་ཚུལ་གཉིས། དཔེར་བརྗོད་ནི།
ལྷོ་ཡི་རི་ལས་ཉེར་བཏུད་པའི། །རླུང་གིས་ཙཱུ་ཏའི་རྐང་འཐུང་ནི།།
ཡལ་འདབ་རོལ་པར་བསྐྱོད་པ་ཡིས། །མྱུ་གུ་མཛེས་དང་ལྡན་པར་བྱེད།།
ལྷོ་ཡི་རི་བོ་མ་ལ་ཡ་ལས་ཉེ་བར་བཏུད་དེ་འོངས་པའི་རླུང་གིས། ཙཱུ་ཏའི་རྐང་འཐུང་སྟེ་ཤིང་གི་ཡལ་འདབ་རོལ་བར་བསྐྱོད་པས། མྱུ་གུའི་ཚོགས་རྣམས་མཛེས་པ་ཅན་དུ་བྱེད་དོ།།
སྐྱོན་མེད་དུ་སྒྲུབ་ཚུལ་ནི།
ཞེས་སོགས་བསྟན་བཅོས་བདག་ཉིད་ཆེ། །ལྟ་ལ་གཡེལ་བའི་སེམས་ལྡན་ལ།།
སྒྲ་ཉམས་བཞིན་དུ་སྣང་མོད་ཀྱི། །སྐལ་བཟང་ནམ་ཡང་གཏོང་མ་ཡིན།།
ལྷོ་ལ་ཞེས་སོགས་སྒྲའི་བསྟན་བཅོས་ཀྱི་བདག་ཉིད་ཆེན་པོ་ལྟ་བ་ལ་གཡེལ་བ་སེམས་དང་ལྡན་པ་ལ་སྒྲ་ཉམས་པ་བཞིན་སྣང་མོད་ཀྱི། ལྷོ་ཡི་རི་ལ་ཞེས་ཐོག་མར་བདུན་པ་དང་། དེ་ལས་འོངས་པའི་དོན་གྱིས་ཕྱི་ནས་ལྔ་པ་ཐོབ་པ། ཀ་ལཱ་པའི་མིང་ལེར། དེ་རྣམས་ཀྱི་གཉིས་ཐོབ་པ་ལ་ཕ་རོལ་ལོ་ཞེས་པ་ལྟར་ཡིན་པས་སྐལ་བ་བཟང་པོ་ནམ་ཡང་གཏོང་བ་མ་ཡིན་ནོ།།
རྩེ་དགའི་ས་གཞིར་ལུས་ཕྲ་མཚར་སྡུག་ཅན།། ཁྱོད་མཐོང་མིག་ལ་བདུད་རྩིའི་ཆར་འབེབས་པ།།
གཞན་ཡིད་འཕྲོག་པའི་བྱ་བ་ཡོངས་རྫོགས་འདི།། རྒྱན་དང་གོས་ཀྱི་ཁྱད་པར་ལས་བྱུང་མིན།།

བདུན་པ་ངལ་གསོའི་གཅོད་མཚམས་ཉམས་པ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི།
ཚིགས་བཅད་རྣམས་ལ་ངེས་པའི་གནས། །ཚིག་གི་གཅོད་མཚམས་ངལ་བསོར་རིགས།།
དེ་ཉམས་གཅོད་མཚམས་ཉམས་པ་སྟེ། །ཉན་པ་དགའ་མིན་བསྐྱེད་དེ་དཔེར།།
ཐ་སྙད་ཀྱི་གཙུག་ལག་ལ་གྲགས་པའི་ཚིགས་བཅད་རྣམས་ལ་སྡེབ་སྦྱོར་ཡོད་པས། སྡོད་དམ་ངལ་བསོ་ངེས་པའི་གནས་ཡོད་དེ། ཚིག་གི་གཅོད་མཚམས་སུ་ངལ་བསོ་བ་རིགས་ལ། དེ་ཉམས་ནས་མིང་ཚིག་གི་ཐོག་མའམ་དབུས་སུ་ངལ་བསོ་བ་ནི་གཅོད་མཚམས་ཉམས་པ་སྟེ། ཉན་པོ་དགའ་བ་མིན་པ་བསྐྱེད་དེ། དཔེར་བརྗོད་ནི།
བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར།།
མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ཅེས་སོགས་སྐྱོན།།
བུད་མེད་རྣམས་ཀྱིས་ཡང་དག་པར་བརྗོད་པའི་ཆོ་ག་ནི་གླུ་དང་གར། དེ་ལ་སྙན་པའི་རོ་དང་སྒེག་སོགས་ཀྱི་ཉམས་མེད་པ་ལ། སྐྱེས་བུ་མཆོག་རྣམས་དང་འགྲོགས་པའི་མི་དབང་ཉི་མའི་རིགས་རྒྱུད་ལས་བྱུང་བ་འདིས་ཀྱང་ལྟ་བར་བྱེད་དོ་ཞེས་སོགས་སྐྱོན་ཡིན་ཏེ། རྒྱ་དཔེར། ཧླིུ་ཎཱཾ་སཾ་གཱི་ཏ་ཝི་དྷི་མ་ཡ་མཱ་དི་ཏྱ་ཝཾ་ཤོ་ན་རེནྡྲཿ པ་ཤྱ་ཏྱ་ཀླིཥྚ་ར་ས་མི་ཧ་ཤིཥྚཻར་མེ་ཏྱཱ་དི་དུཥྚཾ། འདིའི་སྡེབ་སྦྱོར་ནི། མ་ཝ་ན་སུ་ར་འ་ཝ་རྣམས་མཚོ་དུས་འཇིག་རྟེན་དལ་འགྲོ་ཅན་ཞེས་དང་པོར་མཚོ་སྟེ། ཡི་གེ་བཞི་པ་དང་། དེ་ནས་དུས་ཏེ་དྲུག་པ་དང་། དེ་ནས་འཇིག་རྟེན་ཞེས་བདུན་པའི་མིང་མཐའ་ཁོ་ནར་ངལ་བསོ་དགོས་ཀྱང་། འདིར་སཾ་གཱི་ཏཱི་གཱི་དང་ཏཱི་མཚམས་མིང་གི་དབུས་སུ་ངལ་བསོས་ཤིང་། ཨཱ་དི་ཏྱའི་ཨ་དང་དེའི་དབུས་སུ་དང་བི་ཤ་མིང་དབུས་སུ་ངལ་བསོས་བ་སོགས་གཅོད་མཚམས་ཉམས་པའི་སྐྱོན་ནོ།།
རྒྱལ་བའི་ཡུམ་མཆོག་གྱུར་དབྱངས་ཅན་ལྷ་མོ།། མཛེས་སྡུག་དཔལ་ཕུན་ཚོགས་པ་གང་དེ་ཡི།།
ཕྱག་སོར་གྱིས་བསྣུན་ཏམྦུ་ར་དབྱངས་ཀྱི།། ཐོས་པ་འཛིན་འདུས་རྩི་ཡི་ཁེངས་པར་མཛོད།།

དམིགས་བསལ་ནི།
བྱ་དང་བྱ་མིན་མ་ཚང་མེད་ལ་ལུགས་ཉིད་ཀྱིས་ནི་ལྟ་བྱེད་ཅིང་།།
མི་བདག་འདི་ཡི་དབང་གྱུར་ས་འཛིན་ཞེས་པ་དེ་ལྟར་སྦྱོར་བ་ཡོད།།
བྱ་བ་དང་བྱ་བ་མ་ཡིན་པའི་སྤང་བླང་མ་ཚང་བ་མེད་པ་རྟོགས་པར་བྱེད་པ་ལ། རྣམ་པར་དག་པའི་ལུགས་ཉིད་ཀྱིས་ལྟ་བར་བྱེད་ཅིང་། མི་བདག་རྒྱལ་པོ་འདི་ཡི་དབང་དུ་གྱུར་ནས་ས་གཞི་འཛིན་པར་བྱེད། ཅེས་པ་འདི་ལའང་མིང་དབུས་སུ་ངལ་བསོ་བ་སྦྱར་བ་ཡོད་དེ།
རྒྱ་དཔེར། ཀཱརྻུ་ཀཱརྻུ་ཎྭ་ཡ་མ་ཝི་ཀ་ལཱ་ནྱཱ་ག་མེ་ནཻ་ཝ་པ་ཤྱན྄།།ཝ་ཤྱུ་མིུུཾམ་ཧ་ཏི་ནྲྀ་པ་ཨི་ཏྱ་སྟི་ཙཻ་ཥ་པྲ་ཡོ་གཿ། ཞེས་པའི་ཀཱརྻ་ཎི་ཞེས་པའི་ཡ་ཡིག་ལ་བཅད་པ་སྐྱོན་མིན་ནམ་ཞེ་ན།
ཇི་ལྟར་ཚིག་མཐའ་ཕྱིས་པ་ལ། །ལྷག་མ་ཚིག་ཉིད་དུ་ངེས་པ།།
དེ་བཞིན་མཚམས་སྦྱོར་རྣམ་འགྱུར་མཐའ། །ཚིག་ཉིད་ཅེས་ནི་བརྗོད་པ་ཡིན།།
དེ་ཡང་ཇི་ལྟར་ན། རྟགས་དང་རྣམ་དབྱེའི་དབང་གིས་ཚིག་མཐའ་ཕྱིས་པ་ལ་ལྷག་མ་མཚན་ཉིད་དུ་ངེས་པ་དང་། དེ་བཞིན་མཚམས་སྦྱོར་རྣམ་འགྱུར་གྱི་མཐའ་ཡང་ཚིག་ཡིན་ནོ་ཞེས་བརྡ་སྤྲོད་པ་རྣམས་བརྗོད་དོ། །བྱ་མིན་ནམ་ཞེས་པའི་ཨ་ཀཱ་རྻུ་མིང་གི་ཆ་དང་། ཎི་རྣམ་དབྱེའི་བར་དུ་བཅད་པ་སྐྱོན་མིན་ཏེ། ཀཱརྻུ་ཎྭ་ཞེས་པ་མཚམས་སྦྱོར་གྱིས་གྲུབ་པའོ།།
དེ་ལྟ་ན་ཡང་རྣ་བར་རྩུབ། །སྙན་ངག་མཁན་རྣམས་མི་སྦྱོར་ཏེ།།
རྒྱལ་པོ་དེ་ཡི་རྒྱལ་མཚན་གྱི། །ཏོག་གིས་ཆུ་འཛིན་བསྐུལ་ཞེས་འདིའོ།།
དེ་ལྟ་ན་ཡང་བརྗོད་མི་བདེ་བ་དང་། རྣ་བར་རྩུབ་པས་སྙན་ངག་མཁན་རྣམས་མི་སྦྱོར་བ་ཡིན་ཏེ། རྒྱལ་པོ་དེའི་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེས་མཐོ་བའི་ཏོག་གིས། ཆུ་འཛིན་སྤྲིན་གྱི་ཚོགས་རྣམས་བསྐུལ་ཞིང་བསྐྱོད་པར་བྱས་སོ་ཞེས་པའི་རྒྱ་དཔེར། དྷྭ་ཛི་ནཱི་ཏ་ཀྵྼ་རཱ་ཛྙྱཿ ཀེ་ཏཱུ་དསྟ་ཛ་ལ་དེ་ཏྱ་དཿ།། ཞེས་ཀེ་ཏུའི་ཀེ་ཉིད་རྐང་པའི་མཐའ་ལ་ཡོད་ཅིང་། བདུན་པའི་ཚིག་མཐའ་ཡིན་པས་སྐྱོན་མེད་ཀྱང་བརྗོད་མི་བདེ་བ་བཞིན་ནོ།།
དུས་གསུམ་གཤེགས་ཡུམ་རྡོ་རྗེ་དབྱངས་ལྷ་མོ།། མཚན་དཔེ་རབ་རྫོགས་མཛེས་པའི་ཕྱག་སོར་གྱིས།།
འགྱིང་ཞིང་བསྒྱུར་བ་དྲི་ཟའི་པི་ཝང་སྒྲས།། ཐོས་འཛིན་བདུད་རྩིའི་ཁེངས་པར་འགྱིད་འཚལ་ལོ།།

བརྒྱད་པ་སྡེབ་སྦྱོར་ཉམས་པ་ལ་མཚན་ཉིད། དཔེར་བརྗོད་དོ།། མཚན་ཉིད་ནི།
གང་དུ་ཡི་གེ་ལྷག་ཆད་དང་། །ལྕི་ཡང་ཇི་ལྟ་བཞིན་མི་གནས།།
དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། །སྐྱོན་འདི་ཤིན་ཏུ་སྨད་པའོ།།
ཚིགས་སུ་བཅད་པའི་གནས་གང་དུ་ཡི་གེ་ཆད་ལྷག་དང་། ལྕི་ཡང་སྡེབ་སྦྱོར་གྱི་མཚན་ཉིད་ཇི་ལྟ་བ་བཞིན་མི་གནས་པ། དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། སྐྱོན་འདི་སྙན་ངག་གི་ལུས་ཉམས་པས་ཤིན་ཏུ་སྨད་བྱར་གྱུར་པ་སྟེ། འདི་ལ་དམིགས་བསལ་ཀྱང་མེད་དོ།། དཔེར་བརྗོད།
ཟླ་བའི་འོད་ཟེར་རབ་བསིལ་བས། །རེག་ཅེས་ཡི་གེ་ཉུང་བ་ཉིད།།
ས་ཧཱ་ཀཱ་རའི་ལོ་འདབ་གསར་པ་རྣམས། སྣུམ་ཞེས་ཡི་གེ་ལྷག་པའོ།།
ཡི་གེ་བརྒྱད་པ་རྗེས་སྔགས་ཀྱི་སྡེབ་སྦྱོར་ལ། ཟླ་བའི་འོད་ཟེར་རབ་བསིལ་བས། རེག་ཅེས་པ་ལ་རྒྱ་དཔེར་ཡི་གེ་བདུན་ལས་མེད་པས་ཆད་པ་དང་། ས་ཧཱ་ཀཱ་རའི་ལོ་འདབ་གསར་བ་རྣམས། སྣུམ་ཞེས་པ་ལ་ཡི་གེ་དགུ་ཡོད་པས་ལྷག་པ་བོད་སྐད་ལའང་གསལ་བར་ཡོད་དོ།།

འདོད་པས་མདའ་རྣོན་རི་དྭགས་མིག་ཅན་ལ། །རྣམ་པར་འཕང་ཞེས་ལྕི་བ་ཇི་བཞིན་མིན།།
མཛེས་པའི་མིག་ཅན་དག་ལ་མྱོས་བྱེད་ཀྱི། །མདའ་རྣོན་ལྷུང་ཞེས་ཡང་བ་ཇི་བཞིན་མིན།།
འདོད་པའི་ལྷས་མེ་ཏོག་གི་མདའ་རྣོན་པོ་རི་དྭགས་མིག་ཅན་མ་ལ་རྣམ་པར་འཕངས་སོ་ཞེས་དང་། མཛེས་པའི་མིག་ཅན་མ་དག་ལ་མྱོས་བྱེད་འདོད་ལྷའི་མདའ་རྣོན་པོ་ལྷུང་བར་གྱུར་ཅེས་སྡེབ་སྦྱོར་ཉེ་དབང་རྡོ་རྗེ་ལ། དང་པོའི་ཡི་གེ་ཡང་བ་དགོས་རྒྱུ་ལྕི་བ་བྱུང་ལ། ཕྱི་མའི་ཡི་གེ་གཉིས་པ་ལྕི་བ་དགོས་རྒྱུ་ལ་ཡང་བ་བྱུང་བས། དེ་དག་ཇི་བཞིན་མིན་པ་སྟེ་དེ་བཞི་སྡེབ་སྦྱོར་ཉམས་པའི་དཔེའོ།།
ཟིན་མེད་འདིར་སྣང་འཁྲུལ་བའི་བྱ་བྱེད་མང་།། རྒྱ་མཚོ་ཆུ་ཡི་གཉེར་མ་ལྟ་བུར།།
འཛད་མེད་ཉིན་རེ་བཞིན་དུ་རྣམ་འཕེལ་བ།། བཏང་ནས་ཞི་བའི་ནགས་འགྲོ་དེ་འདྲ་བསྔགས་འོས།།

དགུ་པ་མཚམས་སྦྱོར་ཉམས་པ་ལ། མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི།
བསྡུས་པ་བརྗོད་པར་མི་འདོད་ཅེས། །ཚིག་ལ་མཚམས་སྦྱོར་མེད་པ་དང་།།
ཡ་ཕྱིས་ལ་སོགས་རྒྱུ་མེད་པ། །དེ་ནི་མཚམས་སྦྱོར་བྲལ་ཞེས་བསྟན།།
བསྡུས་པ་མཚམས་སྦྱར་བ་བརྗོད་པར་མི་འདོད། ཚིག་སོ་སོར་གསལ་བར་བྱའོ་ཞེས། མཚམས་སྦྱོར་ཐོབ་ཀྱང་མེད་པ་བྱས་པ་དང་། ཨེ་ཨ་ཡ་རུ་བསྒྱུར་བའི་ཡ་ཕྱིས་པའི་རྗེས་ལ་སོགས། རང་བཞིན་ལ་འཇོག་པའི་རྒྱུ་མཚན་མེད་པར། མཚམས་སྦྱོར་ཐོབ་པར་མ་བྱས་ན། མཚམས་སྦྱོར་བྲལ་བའི་སྐྱོན་དུ་བསྟན་ནོ།།
དཔེར་བརྗོད་ནི།
མཁའ་དང་བདག་གི་ཡིད་ལ་ཡང་། །རླུང་ནི་དལ་བུར་རྒྱུ་བ་ཡི།།
བུད་མེད་འགྲམ་པའི་དཀྱིལ་འཁོར་ལ། །རྔུལ་གྱི་ཆུ་རྒྱས་སེལ་བར་བྱེད།།
ནམ་མཁའ་དང་བདག་གི་ཡིད་འཕྲོག་པ་ལ་ཡང་རླུང་དེ་ནི་དལ་བུར་རྒྱུ་བ་དེས། བུད་མེད་ཀྱི་འགྲམ་པའི་དཀྱིལ་འཁོར་ལ་ཆགས་གདུང་གི་རྔུལ་ཆུ་རྒྱས་པ་སེལ་བར་བྱེད་དོ།། རྒྱ་དཔེར། ཙ་ར་ཏཱ་ཞེས་པ་དང་། དེའི་ཕ་རོལ་ཏུ་ཨངྒ་ན་ཞེས་འབྱུང་བ། ཙནྡྲ་པར། ཨཀྲའི་ཨ་ཀྲ་མ་རིང་པོའོ་ཞེས་དང་། ཀ་ལཱ་པར་མཚུངས་འདྲ་བའི་ཚོགས་མཚམས་སྦྱོར་ཐོབ་ཀྱང་མ་བྱས་པ་ལྟ་བུ་ནི། མཚམས་སྦྱོར་ཉམས་པའོ།།
བསོད་ནམས་མཐུ་ལས་ཛ་ཡ་ཨི་ཤྭ་ར།། ཆེན་པོ་དཔལ་གྱིས་གསེར་ལྡན་དགའ་མའི་ཁྱོན།།
མ་ལུས་དགེ་བ་རྣམ་བཅུའི་བཀའ་ཁྲིམས་ཀྱི།། ཕྱག་རྒྱས་འདེབས་ཏེ་མངའ་བདག་ཁྲི་རལ་པ།།

དམིགས་བསལ་ནི།
མཚན་མོ་འདི་ལ་ཞེས་འདི་འདྲ། །མཁས་པས་ཉམས་པར་རིག་མི་བྱེད།།
མཚན་མོ་འདི་ལ་ཞེས་པའི་ཨཱ་སུ་ར་ཏྲི་ཥི་ཏེ་སོགས་ཀྱི་ཨཱ་དང་། ཚིགས་བཅད་སྔ་མའི་མཇུག་གི་ཨི་ལྟ་བུ་མཚམས་མ་སྦྱར་ཀྱང་སྐྱོན་མེད་དེ་ཉིས་ཤད་ཀྱིས་ཆོད་པ་དང་། ཚིགས་བཅད་ཕྱེད་སྔ་ཕྱིའི་བར་དུའང་རྐྱང་ཤད་ཀྱིས་ཆོད་པས་མཚམས་སྦྱོར་གྱི་གནས་མིན་པས། འདི་འདྲ་མཁས་པས་ཉམས་པའི་སྐྱོན་དུ་རིག་པར་མི་བྱེད་དོ།།
འགྲོ་བའི་དོན་གཟིགས་རྒྱལ་རྣམས་མཐུ་སྟོབས་གཟུགས།། གསང་བའི་བདག་པོར་རྣ་སྤྲུལ་ཀ་མཱ་ར།།
ཨིནྡྲ་པ་རའི་མདངས་འོད་འཕྲོག་ཁྱོད་ཀྱིས།། བར་ཆད་བདུད་ཀྱི་གཡུལ་ལས་རྒལ་བར་མཛོད།།


བཅུ་པ་ཡུལ་འགལ་སོགས་ཀྱི་སྐྱོན་ལ། འགལ་བ་དྲུག་མཚན་ཉིད། དམིགས་བསལ་གྱི་སྐབས་བསྟན་པ། སོ་སོར་དཔེར་བརྗོད་པའོ།།
དང་པ་འགལ་བ་དྲུག་གི་མཚན་ཉིན་ནི།
རི་ནགས་ཡུལ་འཁོར་ལ་སོགས་ཡུལ། །ཉིན་མཚན་དུས་དྲུག་ལ་སོགས་དུས།།
འདོད་པའི་དོན་ལ་བརྟེན་པ་ཡི། །གར་དང་གླུ་སོགས་སྒྱུ་རྩལ་ཏེ།།
འབྱུང་པོ་རྒྱུ་དང་མི་རྒྱུ་བའི། །འཇུག་པ་འཇིག་རྟེན་མིང་ཅན་ནོ།།
རིགས་པ་གཏན་ཚིགས་རིག་བདག་ཉིད། །ཐོས་བཅས་གསུངས་པ་ལུང་ཉིད་དེ།།
སྙན་ངག་མཁན་པོ་བག་མེད་པས། །དེ་དེར་ཇི་ལྟར་གྲགས་པ་བཞིན།།
མིན་པ་གལ་ཏེ་རབ་ཞུགས་ན། །འདི་ནི་ཡུལ་སོགས་འགལ་ཞེས་བརྗོད།།
མ་ལ་ཡ་སོགས་རི། ཀ་ལིངྐ་སོགས་ནགས། ལྷོ་ཕྱོགས་སོགས་ཡུལ་འཁོར། གཞན་ཡང་ཆུ་བོ་དང་འབྱུང་ཁུངས་སོ། །ཉིན་མཚན་དང་། ནམ་ཟླ་དུས་དྲུག་སོགས་དུས། །འདོད་པའི་ཡོན་ཏན་ལྔ་དང་། ནོར་ནི་དོན་ཏེ་དེ་ལ་བརྟེན་པའི་གར་དང་གླུ་དང་རོལ་མོ་ནི་སྒྱུ་རྩལ། འབྱུང་པོ་རྒྱུ་བ་སེམས་ཅན། མི་རྒྱུ་བ་འབྱུང་བ་བེམས་པོའི་འཇུག་པ་འཇིག་རྟེན་གྱི་མིང་ཅན་ནོ།། རིགས་པ་གཏན་ཚིགས་ཏེ་རྟོག་གེའི་བསྟན་བཅོས་ཀྱི་བདག་ཉིད་དོ། །ལུང་ནི་ཐོས་པ་རིག་བྱེད་དང་བཅས་པ་སྟེ། སྙན་ངག་མཁན་པོ་ཤེས་རློམ་བག་མེད་འགས་དེ་དང་དེར་ཇི་ལྟར་གྲགས་པ་བཞིན་མ་ཡིན་པར་གལ་ཏེ་རབ་ཏུ་ཞུགས་ན། དེ་ནི་ཡུལ་སོགས་དང་འགལ་བ་ཞེས་པའི་སྐྱོན་དུ་རབ་ཏུ་བརྗོད་དོ།།
གཉིས་པ་འགལ་བ་དྲུག་གི་དམིགས་བསལ་ལ་སྐབས་བསྟན་པ་ནི།  
སྐྱོན་ནི་མཐའ་དག་འདི་ལ་ཡང་། །རེས་འགའ་སྙན་ངག་མཁན་མཁས་པས།།
སྐྱོན་གྱི་གྲངས་ལས་རབ་འདས་ནས། །ཡོན་ཏན་ལམ་ནི་རྣམ་པར་འཛིན།།
འགལ་བ་དྲུག་གི་སྐྱོན་མཐའ་དག་འདི་ལ་ཡང་། རེས་འགའ་སྟེ་སྐབས་སུ་སྙན་ངག་མཁས་པས་གར་བབ་ཏུ་སྦྱར་ཤེས་ན་སྐྱོན་གྱི་གྲངས་ལས་རབ་ཏུ་འདས། མཛེས་པའི་ཡོན་ཏན་གྱི་ལམ་ནི་རྣམ་པར་འཛིན་པའོ།།

གསུམ་པ་སོ་སོའི་དཔེར་བརྗོད་ལ། འགལ་བ་དྲུག། དང་པོ་ཡུལ་དང་འགལ་བ་ལ་ཡང་སྐྱོན་དང་དམིགས་བསལ་གཉིས་ལས། དང་པོ་སྐྱོན་ནི།  
ག་བུར་རྐང་འཐུང་ལ་རེག་པའི། །མ་ལ་ཡ་རླུང་དྲི་བཟང་ཅན།།
ཀ་ལིངྐ་ཡི་ནགས་སྐྱེས་པའི། །གླང་པོ་དག་ནི་རི་དྭགས་རིགས།།
ཙོ་ལ་ཀ་ཝེ་རི་ངོགས་པ། །ཨ་ག་རུ་ནི་ནག་པོས་སྔོ།།
ཞེས་པ་ཡུལ་དང་འགལ་བ་ཡི། །ཚིག་གི་འཇུག་པ་འདི་འདྲ་སྟེ། ག་བུར་གྱི་རྐང་འཐུང་སྟེ་ཤིང་ལ་རེག་པའི་རི་བོ་མ་ལ་ཡའི་རླུང་འདི་དྲི་བཟང་པོ་ཅན་ནོ། །དེ་ན་ག་བུར་གྱི་ཤིང་མེད་པས་རིའི་གནས་ལུགས་འགལ་ལོ། །ཀ་ལིངྐའི་ནགས་སུ་སྐྱེས་པའི་གླང་པོ་དག་ནི་རི་དྭགས་ཀྱི་རིགས་སོ། །དེའི་གླང་པོ་བྷ་དྲའི་རིགས་ཡིན་པས་ནགས་ཀྱི་གནས་ལུགས་འགལ་ལོ། །ལྷོ་ཕྱོགས་ཙོ་ལི་ཆུ་ཀླུང་ཀ་ཝེ་རིའི་འགྲམ་ངོགས་ཨ་ཀ་རུ་ནག་པོའི་ལྗོན་པས་སྔོའོ། །དེར་ཨ་ག་རུའི་ཤིང་མེད་པས་ལྗོངས་དང་ཆུ་ཀླུང་གི་གནས་ལུགས་འགལ་ལོ་ཞེས་སོགས་ཡུལ་དང་འགལ་བའི་ཚིག་གི་འཇུག་པ་འདི་འདྲ་བའོ།།
འདིར་པཎ་ཆེན་སངྒྷ་ཤྲཱིས། འོ་ན་ཙནྡན་ཡོད་པས་ཅི་བྱ་སྙམ་ན། ཙནྡན་ཀུན་ལ་ག་བུར་འབྱུང་བ་མ་ཡིན་ཏེ། ག་བུར་འབྱུང་བ་ནི་ཧ་རི་ཙནྡན་གཅིག་པོར་ངེས་སོ་གསུངས་པ་མི་བདེན་ཏེ། འཆི་མེད་མཛོད་ཀྱི་རྒྱ་དཔེར། ཏཻ་ལ་པརྞི་གོ་ཤིརྵཿཧ་རིཥཙནྡན། ཞེས་པ། ཏིལ་འདབ་ཅན་དང་ས་མཆོག་དང་། །ཧ་རི་ཙནྡན་ཞེས་པར་འགྱུར་ལ། དེའི་འགྲེལ་པ་འདོད་འཇོ་ལས། ཙནྡན་དཀར་པོ་ལ་མིང་གསུམ་གསུམ་སྟེ། ཏིལ་པརྞི་ཀ ཏིལ་མར་འདབ་ཅན་ཞེས་བྱ་བའི་ཙནྡན་རི་བོ་མ་ལ་ཡའི་ཕྱོགས་གཅིག་ནས་འབྱུང་བའོ། །གོ་ཤིརྵཿས་མཆོག་གམ་བ་ལང་མགོ་ཞེས་བྱ་བ་སྟེ། བ་ལང་མགོ་ཡི་རྣམ་པ་ཅན། །མ་ལ་ཡ་ཡི་ཕྱོགས་སུ་སྐྱེ།། ཞེས་པའོ།།
ཧ་རི་ཥཙནྡན། ཞེས་པ་ལ་ཧ་རི་ནི་སྦལ་བ་སྟེ། དེའི་དབྱིབས་ཅན་གྱི་རི་བོ་ཞིག་ལ་སྐྱེས་པས་ཧ་རི་ཙནྡན་ཞེས་བྱའོ་ཞེས་དང་། སྦྲུལ་གྱི་སྙིང་པོ་ནི་སྦྲུལ་རྣམས་ཉིན་པར་ཚ་བས་གདུངས་པའི་ཚེ། དེ་ལ་འཁྲིལ་ཏེ་གནས་པས་སྦྲུལ་གྱི་སྙིང་པོ་ལྟར་བྱུང་བས། འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་ལ། ག་བུར་ནི་ཙནྡན་ལས་མི་འབྱུང་སྟེ། འདི་ཐད་རྒྱ་དཔེར། ཀཏྤཱུ་ར་པཱ་ད་པཱ་་རྴིུ། ཞེས་ཀཏྤཱུར་ཞེས་པའི་ཤིང་ལས་འབྱུང་བར་གསལ་པོར་བཤད་ལ། དེ་ཡང་འགྲེལ་པ་འདོད་འཇོ་ལས། ཀཏྤཱུ་ར། ནུས་པ་དང་ལྡན་པའི་ག་བུར་ཏེ། ཀྲྀ་པུ་ནུས་པ་ལ། ཨཱུ་ར་རྐྱེན་དུ་བྱས་པའོ་ཞེས་པ་ནུས་ལྡན་གྱི་ཤིང་ཞེས་བྱའོ།།
ཡང་དཔང་ཊཱིཀ་ཏུ། དེ་བཞིན་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ་བརྒྱ་པར། པད་སྐྱེས་རལ་པའི་ནགས་ཉལ་འཇིག་རྟེན་དབང་ཕྱུག་ཞབས་སེན་སེངྒེ་དེས་ཁྱེད་སྲུངས།། ཞེས་དང་། སྐྱེས་རབས་ལས། ནགས་ཕུག་སེངྒེས་སྲུངས་པའི་རི་དྭགས་བཞིན། །ཞེས་གསུངས་པ་ལྟར། སེངྒེ་ནགས་ལ་གནས་པ་ལ། གངས་ལ་ཡོད་པར་འཆད་པ་ཡང་རི་དང་འགལ་བས་གསུངས་མོད། སེངྒེ་ལ་རིགས་དུ་མ་ཡོད་དེ། གངས་ལ་གནས་པ་དང་། ནགས་ལ་གནས་པ་དང་། འདམ་སེང་དུ་གྲགས་པ་དང་། སེང་གེ་རྐང་པ་བརྒྱད་པ་ཡང་སྟེ། བྷཱ་ར་ཏར། རྐང་པ་བརྒྱད་པ་གྱེན་མིག་ཅན། །ཤ་ར་བྷ་ནི་ནགས་ལ་སྤྱོད།་།སེང་གེ་འཇོམས་པར་ཡང་དག་འགྲོ །ཐུབ་པ་དེར་ནི་ངེས་པར་ཞུགས།། ཞེས་ཏེ། དེ་ལ་ཤ་ར་བྷ་ཡང་ཟེར་རོ། །སྤྲིན་ཆེན་པོའི་མདོ་ལས། ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་སེངྒེའི་རྒྱལ་པོ་རིན་ཆེན་པདྨ་ཞེས་བྱ་བའི་སེངྒེའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཞེས་དང་། རྒྱ་ཆེར་རོལ་པའི་མདོར། གངས་ཀྱི་རི་བོའི་ངོས་ལས་སེངྒེའི་ཕྲུ་གུ་དག་འོངས་ཏེ་ཞེས་སོགས་ཡུལ་དང་འགལ་ལོ་མི་གསུང་གྲང་།།
ལྷོ་མོན་ནགས་ཀྱི་འབྲོང་བུ་རྭ་སྔོན་དང་།། བྱང་ཕྱོག་ཁ་བའི་རིར་རྒྱུ་གླང་ཆེན་གཉིས།།
བཻ་དརྦྷ་ཡི་ཚིང་ཁྲའི་ནགས་ཁྲོད་ན།། ཛཱ་ཏིའི་མེ་ཏོག་མཛེས་པའི་དཔལ་ལ་ཆགས།།
འདིའི་དམིགས་བསལ་ནི།
རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱི།།
ལྗོན་པ་ཡལ་འདབ་གོས་དམར་དང་། །ལྡན་པ་དག་ནི་གནས་སུ་གྱུར།།
རྒྱལ་པོ་དེའི་བསོད་ནམས་ཀྱི་མཐུས། དེའི་སྐྱེད་མོས་ཚལ་ལྷ་རྣམས་ཀྱི་ཡོངས་འདུའི་ལྗོན་པ་ཡལ་འདབ་གོས་དམར་པོ་དང་ལྡན་པ་དག་གི་གནས་སུ་གྱུར་ཏོ་ཞེས་མི་ཡུལ་དུ་ལྷའི་ཤིང་བྱུང་བ་འགལ་ཡང་། རྒྱལ་པོའི་བསོད་ནམས་འཆད་དུས་མི་འགལ་ལོ།།
ཕྱག་ན་པདྨོ་ཅན་གཤེགས་དམྱལ་བའི་གནས།། བུང་བའི་ཚོགས་ཆེན་རབ་དཀྲིགས་འཇམ་པའི་སྒྲ།།
སྒྲོགས་པ་པདྨོའི་རྫིང་བུ་ཡིད་འོང་གིས།། ཡོངས་བསྟེན་ཆར་ཟིམ་དལ་གྱིས་འབབ་པར་གྱུར།།

གཉིས་པ་དུས་འགལ་ལ་སྐྱོན་དང་དམིགས་བསལ་གཉིས་ལས། དང་པོ་ནི།   
པདྨ་ཅན་ནི་མཚན་མོ་རྒྱས། །ཉིན་པར་ཀུ་མུད་ལྡན་པ་གསལ།།
དཔྱིད་ནི་ནི་ཙཱུ་ལ་རབ་རྒྱས། །སོས་ཀ་དག་ནི་སྤྲིན་གྱིས་གཏིབས།།
ངང་པའི་སྒྲ་ནི་དབྱར་སྙན་འོས། །སྟོན་ནི་རྨ་བྱ་མྱོས་པ་སྟེ། །དགུན་སྟོད་ཉི་མ་དྲི་མ་མེད། །དགུན་ནི་ཙནྡན་བསྔགས་པར་འོས། །ཞེས་པ་འདི་འདྲ་དུས་དང་ནི། །འགལ་བའི་ལུགས་དང་བསྟན་པ་ཡིན། །པདྨ་ཅན་ཏེ་ཉི་མ་ནི་མཚན་མོ་རྒྱས་ཤིང་། ཉིན་པར་ཀུ་མུད་ལྡན་པ་སྟེ་ཟླ་བ་འོད་གསལ་བ་དང་། དཔྱིད་དུས་སུ་ཤིང་ནི་ཙཱུ་ལ་རབ་ཏུ་རྒྱས་ལ། སོས་ཀ་དག་ནི་ཆར་སྤྲིན་སྟུག་པོས་གཏིབས་ཤིང་། ངང་པའི་སྒྲ་ནི་དབྱར་དུས་སུ་སྙན་པར་འོས་སོ། །སྟོན་འབྲུག་སྒྲ་མེད་དུས་སུ་རྨ་བྱ་དགའ་བས་མྱོས་པ་སྟེ། དགུན་སྟོན་སྤྲིན་དང་རྡུལ་གྱི་དུས་ཉི་མ་ལ་དྲི་མ་མེད་པ་དང་དགུན་བསིལ་བའི་དུས་ནི་ཙནྡན་ལ་བསྔགས་པར་འོས་ཞེས་པ་འདི་འདྲ་དུས་དང་འགལ་བའི་ལུགས་དག་བསྟན་པ་ཡིན་ནོ།།
མཚན་གུང་ཉི་མའི་ཟེར་གྱིས་ཡོངས་སྨིན་པའི།། དགུན་གྱི་པདྨ་ཡིད་འོང་གེ་སར་ཅན།།
སོས་ཀའི་ལྗོན་ཤིང་འབྲས་བུ་ལ་འཁུ་ཡང་།། དབྱར་དུས་ཟླ་འོད་དྭངས་པས་ཟིལ་དུ་མནན།།

འདིའི་དམིགས་བསལ་ནི།

རྒྱལ་པོ་འཇིག་པ་གསལ་བྱེད་པ། །ཀ་དམྤ་ཡི་རྡུལ་དང་འགྲོགས།།
འདབ་བདུན་ལས་འཁྲུངས་སྐྱོད་བྱེད་ཅིང་། །དྲག་པོ་ཡི་ནི་རླུང་དག་རྒྱུ།།
རྒྱལ་པོ་འཇིག་པ་སྟེ་འཆི་བའི་དུས་གསལ་བར་བྱེད་པའི་ཕྱིར། ཤིང་ཀ་དམྤའི་མེ་ཏོག་རྡུལ་དང་འགྲོགས་པའི་འདབ་མ་བདུན་པའི་ཤིང་ལས་འཁྲུངས་པའི་མེ་ཏོག་སྐྱོད་པར་བྱེད་ཅིང་རྩུབ་ཅིང་དྲག་པོའི་རླུང་དག་ཀྱང་རྒྱུའོ། ཀ་དམྤའི་མེ་ཏོག་དབྱར་དང་། འདབ་མ་བདུན་པའི་མེ་ཏོག་སྟོན་འབྱུང་བ་ལྷན་ཅིག་དུས་འགལ་ཡང་། ལྟས་ངན་པ་སྟོན་དུས་མི་འགལ་ལོ།།
ཀུན་མཁྱེན་ངག་གི་དབང་ཕྱུག་བུདྡྷའི་ཞབས།། ཆོས་དབྱིངས་ཞི་བར་གཞོལ་ལ་མངོན་ཕྱོགས་ཚེ།།
དགུན་དུས་ཁ་བའི་རྡུལ་ཟགས་དང་འགྲོགས་པའི།། མེ་ཏོག་གསར་དུ་དགོད་པའི་ངོ་མཚར་མཐོང་།།

གསུམ་པ་སྒྱུ་རྩལ་དང་འགལ་བ་ལ་སྐྱོན་དང་དམིགས་བསལ་གཉིས་ལས་དང་པོ་ནི།   
སྒྱུ་རྩལ་དག་དང་འགལ་བའི་ལམ། །ཅུང་ཟད་བསྟན་པར་བྱ་སྟེ་དཔེར།།
དཔའ་བ་སྒེག་པ་དག་གི་དངོས། །གནས་བཅས་ཁྲོ་བ་ཡ་མཚན་ནོ།།
དབྱངས་བདུན་རྫོགས་པ་འདི་དག་ནི། །ཐ་དད་ལམ་ལ་རབ་ཏུ་འཇུག།
འདི་ལྟར་སྒྱུ་རྩལ་དྲུག་ཅུ་བཞིར། །འགལ་བ་ལེགས་པར་རྟོགས་པར་བྱ།།
སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་འགྱུར།།
སྒྱུ་རྩལ་དག་དང་འགལ་བའི་ལམ་ཅུང་ཟད་ཀྱང་བསྟན་པར་བྱ་སྟེ། དཔེར་ན། དཔའ་བ་དང་སྒེག་པའི་ཉམས་དག་གི་དངོས་པོར་འགྱུར་བ་དེ་དག་གི་སེམས་ཀྱི་གནས་སྐབས་དང་བཅས་ན་རིམ་པས་ཁྲོ་བ་དང་། ཡ་མཚན་ཏེ་ངོ་མཚར་བའོ་ཞེས་པ་འདི་ལ། དཔའ་བ་དང་སྒེག་པའི་འགྱུར་བ་ནི་སྤྲོ་བ་དང་དགའ་བ་ཡིན་པ་ལ་དེ་ལྟར་མ་བརྗོད་པ་སྒྱུ་རྩལ་དང་འགལ་ལོ།། དབྱངས་ནི། ལྔ་པ། བར་མ། དྲུག་སྐྱེས། དྲང་སྲོང་། ས་འཛིན། འཁོར་ཉན། བློ་གསལ། བདུན་རྫོགས་པར་ཚང་བའམ། འདི་དག་གང་རུང་ཐ་དད་པ་སོ་སོའི་ལམ་རང་རང་གི་འཇུག་ཡུལ་དང་མཐུན་པར་རབ་ཏུ་འཇུག་སྟེ། སྔོན་གྱི་གཙུག་ལག་ལས། རྩེད་མོ་རློམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ།། ཞེས་འཇུག་ཡུལ་དང་འཇུག་བྱེད་ཀྱི་དབྱངས་འབྲེལ་དགོས་པས། སྙིང་རྗེའི་ཡུལ་ལ་བློ་གསལ་གྱི་དབྱངས་ལྟ་བུ་སྒྱུ་རྩལ་དང་འགལ་བས། འདི་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་འགལ་བ་ལེགས་པར་རྟོགས་པར་བྱའོ།། དེ་དག་གི་གྲངས་ནི་སྔར་བརྗོད་ཟིན་ལ། སྒྱུ་རྩལ་ཡོངས་སུ་བཅད་པ་ལེའུ་བཞི་ཡོད་པ་སློབ་དཔོན་འདི་ཉིད་ཀྱིས་མཛད་པ་ལས་དེའི་རང་བཞིན་གསལ་བར་འགྱུར་རོ།།
དྲག་ཤུལ་འཇིགས་སུ་རུང་བ་གར་གྱིས་རོལ།། དགོད་ཅིང་རྩེ་བའི་འགྱུར་བ་རྣམ་འཕེལ་བའི།།
མགྲིན་པར་གླུ་ཡི་ངེས་པ་ལྔ་པ་དང་།། བར་མའི་དབྱངས་ཀྱིས་འགྲོ་བའི་ཡིད་འཕྲོག་བྱེད།།
ཡང་ན།
དྲི་ཟའི་བུ་མོར་འགྲན་པའི་ན་ཆུང་མ། །སྒེག་པའི་ཉམས་དང་བཅས་ཏེ་བྱོོན་པའི་ཚེ།།
འདོད་པའི་བདེ་བར་ཞེན་པའི་སྟག་ཤར་ལ། །ཞེ་ནག་ཁྲོ་བའི་རྣམ་འགྱུར་ཅུང་ཟད་སྐྱེ།།
སྒྱུ་རྩལ་དང་འགལ་བའི་དམིགས་བསལ་ནི།
ཁྱོགས་ཀྱིས་རབ་བསྐུལ་སྐྲག་པ་ཡི། །སྐྱེ་བོ་བུད་མེད་ཁས་བརྗོད་གླུ།།
སྟབས་མི་མཉམ་པས་འདོད་ལྡན་གྱི། །ཆགས་པ་དག་ནི་འཕེལ་བར་བྱེད།།
ཁྱོགས་ཏེ་འདོ་ལི་བསྐྱོད་པ་མྱུར་བས་རབ་ཏུ་བསྐུལ་བས་སྐྲག་པའི་སྐྱེ་བོ་དང་། ལྷན་ཅིག་པའི་བུད་མེད་ཀྱི་ཁས་བརྗོད་པའི་གླུ་མྱུར་བ་དང་། བར་མ་སོགས་སྟབས་མི་མཉམ་པས་ཀྱང་། འདོད་ལྡན་གྱི་ཆགས་པ་དག་འཕེལ་བར་བྱེད་དོ།། སྤྱིར་གླུ་སྟབས་མི་མཉམ་པ་རྣ་བར་རྩུབ་ཅིང་མི་སྙན་ཀྱང་། ཆགས་པ་ཕུལ་བྱུང་སྟོན་པ་ལ་མི་འགལ་ལོ།།
ལང་ཚོའི་ཆང་གིས་རབ་མྱོས་གོ་རིམ་དག། འཁྲུགས་ཤིང་སྟང་སྟབས་བྲལ་བ་གྲོང་ཁྱེར་མའི།།
གྱི་ནར་སྤྱོད་པའི་གླུ་དང་གར་གིས་ཀྱང་།། ཆགས་པར་ལྡན་པའི་ཡི་ག་འགུགས་པར་བྱེད།།
ཡང་ན།
བེང་ཀོག་ཕྱོགས་ཀྱི་སྐྱེས་པ་མོ་ཆས་ཅན། །གསུང་སྐད་འཛེར་བའི་རྟ་སྐད་ལྟ་བུས་ཀྱང་།།
དམིགས་ཡུལ་གཅིག་གིས་དེར་ཕྱོགས་བྱོན་རྣམས་ཀྱི། །སེམས་ལ་དགའ་དང་སྤྲོ་བ་ཚད་མེད་བྱུང་།།

བཞི་པ་འཇིག་རྟེན་དང་འགལ་བ་ལ་སྐྱོན་དང་དམིགས་བསལ་གཉིས་ལས་དང་པོ་ནི། 
གླང་པོ་དག་ནི་རལ་པ་གཡོ། །རྟ་ཡི་རྭ་ནི་རྣོ་བ་ཡིན།།
ཨེ་རཎྜྻ་འདི་སྙིང་པོས་ལྕི། །སེང་ལྡེང་ལྗོན་པ་སྙིང་པོ་མེད།།
ཅེས་པ་འདི་ནི་འཇིག་རྟེན་པ། །ཉིད་དང་འགལ་བ་ཀུན་གྱིས་སྨད། །གླང་པོ་ཆེ་དག་ནི་རལ་བ་གཡོ་ཞིང་། རྟ་ཡི་རྭ་ནི་ཤིན་ཏུ་རྣོ་བ་ཡིན་ལ། ཤིང་ཨེ་རཎྜྻ་འདི་ནི་སྙིང་པོས་ལྕི་བ་དང་། སེང་ལྡེང་ལྗོན་པ་ལ་སྙིང་པོ་མེད་ཅེས་བརྗོད་པ་འདི་འདྲ་བ་ནི་འཇིག་རྟེན་གྲགས་ཚོད་དང་འགལ་བ་ཉིད་དོ། །མཁས་བླུན་ཀུན་གྱིས་སྨད་པར་བྱ་བའོ།།
དཔང་ཊཱིཀ་ལས། དེ་བཞིན་སེངྒེ་ལ་གཡུ་རལ་ཡོད་དོ་ཞེས་པའང་སྟེ། འདུལ་བ་རྒྱ་ཆེར་འགྲེལ་དུ་སེངྒེའི་སྐྲ་སེར་སྐྱར་གསུངས་པས་སོ་ཞེས་པའང་། སྔ་མ་བཞིན་སེངྒེ་ལ་རིགས་མང་བས། སྐྲ་ཡང་གཅིག་ལས་སེར་སྐྱ་བཤད་པས་ཐམས་ཅད་ལ་ཁྱབ་པ་མ་ཡིན་ནོ།།
མུན་པའི་ཁ་དོག་འཛིན་པ་ཁ་བའི་རིར།། གདོང་ལྔ་ལྡན་པའི་སྔོ་སངས་རྭ་རྣོ་བས།།
བ་ལང་མཆེ་བ་བཅག་པའི་སྒྲ་བོ་ཆེ།། འོན་པའི་རྣ་བས་ཡང་ནས་ཡང་དུ་ཐོས།།
རི་བོང་རྭ་བའི་ཚེམས་ཁབ་ལ། །རུས་སྦལ་སྤུ་ཡི་སྐུད་པ་རྒྱུས།།
ནམ་མཁའི་བུ་མོའི་ན་བཟའ་ཞིག །མོ་གཤམ་བུ་ཡིས་བཟོས་སོ་ལོ།།


འཇིག་རྟེན་དང་འགལ་བའི་དམིགས་བསལ་ནི།
ཟླ་བའི་འོད་ཟེར་རབ་བསིལ་བས། བསྲེག་བྱ་འཛིན་པ་འདོད་ལྡན་ནི།།
བུད་མེད་དང་བྲལ་ཉོན་མོངས་ཀྱིས། །འཁྲུགས་པ་འདི་ཡིས་རྩི་བར་བྱེད།།
ཟླ་བའི་འོད་ཟེར་རབ་ཏུ་བསིལ་བས་བསྲེག་བྱ་འཛིན་པ་མེ་ཉིད་དུ་འདོད་ལྡན་བུད་མེད་དང་བྲལ་བའི་ཉོན་མོངས་ཀྱིས་སེམས་འཁྲུགས་པ་འདི་ཡིས་རྩི་བར་བྱེད་དོ། །ཟླ་བ་བསིལ་བར་མེར་འཛིན་པ་འཇིག་རྟེན་དང་འགལ་ཡང་། བྲལ་བས་ཉེན་པའི་འདོད་ལྡན་ལ་ནི་མི་འགལ་ལོ།།
རྒྱལ་སྐུའི་འོད་ཟེར་ཕྱོགས་ཀྱི་མཐར་འཕྲོ་བས།། རེག་ཙམ་ཉིད་ནས་ས་འོག་མུན་པའི་ཀླུ།།
ལོང་བ་ཡིས་ཀྱང་མཚན་དཔེའི་དཔལ་མཐོང་ཞིང་།། རྨོངས་པའི་བློ་ཡིས་ཚེ་རབས་དྲན་པ་ཐོབ།།
བདུད་སྤྲུལ་སྤྱི་ཞོལ་བླ་མ། །ཕམ་ལ་ཉེ་བའི་ཚེ་ན།།
རྒོད་མོས་རང་གི་རྟེའུ་ཕྲུག །བླ་མ་འདྲ་ཞིག་བཙས་སོང་།།

ལྔ་པ་རིགས་པ་དང་འགལ་བ་ལ་མཚན་ཉིད་དང་དཔེར་བརྗོད་གཉིས་ལས། དང་པོ་ནི།   
རིགས་པ་ཞེས་པ་གཏན་ཚིགས་ཀྱི། །རིགས་པ་དང་འགལ་བསྟན་པར་བྱ།།
རིགས་པ་ཞེས་བྱ་ནི་གཏན་ཚིགས་ཀྱི་རིགས་པ་སྟེ། དེ་དང་འགལ་བའི་ཚུལ་བསྟན་པར་བྱའོ་ཞེས་དམ་བཅས་ནས།
དཔེར་བརྗོད་ལ་ནང་པ་དང་། ཕྱི་པ་གཉིས། དང་པོ་ནི།
བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུངས་པ་བདེན་མོད་དེ་ལྟ་ནའང་།།
ཙ་ཀོ་ར་ཡི་མིག་ཅན་མ། །བདག་གི་སྙིང་ལ་ད་དུང་གནས།།
བདེ་བར་གཤེགས་པ་བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་འཇིག་པར་གསུངས་པ་བདེན་མོད། དེ་ལྟ་ན་ཡང་བྱ་ཙ་ཀོ་རའི་མིག་ཅན་མ་དེ་ནི། བདག་གི་སྙིང་ལ་ད་དུང་རྟག་པར་གནས་སོ་ཞེས་པ་ནང་པའི་རིགས་པ་དང་འགལ་ལོ།།
ཟག་བཅས་ཐམས་ཅད་སྡུག་བསྔལ་འབའ་ཞིག་པར།། མདོ་རྒྱུད་ཀུན་ནས་ལན་མང་གསུངས་མོད་ཀྱང་།།
མཚར་སྡུག་སྙིང་པོ་བྱིན་པའི་སྨིན་ལེགས་མའི།། ལུས་སྐྱེས་རེག་པའི་མཆོག་འདི་ཤིན་ཏུ་བདེ།།
གཞན་ལས་བུ་ལོན་མ་ལེན། །གཞན་གྱི་ཆུང་མ་མ་བརྐུ།།
ན་གཞོན་གསེར་གྱི་རྡོ་ཏི། །དོ་དམ་འོག་ཏུ་བཞུགས་འདུག།

གཉིས་པ་ཕྱི་པའི་རིགས་པ་དང་འགལ་བ་ནི།
སེར་སྐྱས་གནས་ལ་ཡོད་པ་ཉིད། །རབ་ཏུ་སྐྱེ་བར་ཉེ་བར་བརྗོད།།
མེད་པ་ཉིད་ནི་བདག་ཅག་གིས། །རབ་ཏུ་སྐྱེ་བར་མཐོང་གང་ཕྱིར།།
རིགས་པ་དག་དང་འགལ་བ་ཡི། །ལུགས་འདི་ཀུན་ཏུ་བལྟ་བར་བྱ། །དྲང་སྲོང་སེར་སྐྱའི་སློབ་མ་གྲངས་ཅན་པ་དག སྔར་ནས་དངོས་པོ་གནས་ལ་ཡོད་པ་ཉིད་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་ཉེ་བར་བརྗོད་མོད། མི་བདེན་ཏེ། སྔར་མེད་པ་ཉིད་ནི་བདག་ཅིག་གིས་ཕྱིས་རབ་ཏུ་སྐྱེ་བར་མཐོང་བ་གང་གི་ཕྱིར་རོ།། འདི་ནི་གྲངས་ཅན་པའི་རིགས་པ་དང་འགལ་བས། ལུགས་འདི་དག་རྣམ་པ་ཀུན་ཏུ་བལྟ་བར་བྱ་བའོ།།
སྲིད་པའི་དྲི་མ་བཅིལ་སླད་འཇུག་ངོགས་སུ།། དག་བྱེད་ཁྲུས་ཀྱི་རིལ་བ་སྦྲེང་བརྩོན་མོད།།
ལུས་ཉིད་བཀྲུས་ལས་རང་སེམས་དག་པའི་ངོས།། འབྱུང་བ་མིན་པར་བདག་ཡིད་མངོན་སུམ་མཐོང་།།


རིགས་པ་དང་འགལ་བའི་དམིགས་བསལ་ནི།
གཞལ་བྱ་ཡིན་ཡང་གཞལ་བྱ་མིན། །ཆ་ལྡན་ཡིན་ཡང་ཆ་བཅས་མིན།།
གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་གཟུགས་ཁྱོད་ལ་ཕྱག་འཚལ།།
གསལ་བའི་གཟུགས་སུ་སྣང་ཞིང་རྗེས་དཔག་ཚད་མས་རྟོགས་པས་གཞལ་བྱ་ཡིན་ཡང་། མངོན་སུམ་གྱི་ཡུལ་མིན་པས་གཞལ་བྱ་མ་ཡིན་པ་དང་། ས་ལ་སོགས་པ་ཇི་སྙེད་པའི་གཟུགས་ཡིན་པས་ཆ་ལྡན་ཡིན་ཡང་། དམ་པའི་བདག་ཉིད་ཀྱི་ངོ་བོ་ཆ་དང་བྲལ་བས་ཆ་བཅས་མིན་ནོ། །རྟག་པའི་གཟུགས་གཅིག་ཉིད་ཡིན་ཀྱང་འགྱུར་བ་སྣ་ཚོགས་ཡོད་པས་གཅིག་ཉིད་མིན་པའོ།། དེ་ལྟར་སྣ་ཚོགས་པའི་གཟུགས་ཅན་ལྷ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ།། གཞི་གཅིག་གི་སྟེང་དུ་འགལ་བ་དུ་མ་ཚོགས་པ་རིགས་པ་དང་འགལ་ཡང་ལྷ་དབང་ཕྱུག་གི་ཡོན་ཏན་དུ་མི་འགལ་ལོ།།
སྤྲོས་དང་བྲལ་ཡང་སྤྲོས་པ་རྨད་བྱུང་གང་།། འབད་རྩོལ་མེད་བཞིན་འབད་པ་ཀུན་སྟོན་པ།།
གཅིག་ཉིད་ཁོ་ན་སྣ་ཚོགས་གཟུགས་སྦྱོར་ཡང་།། འཆར་བ་རྒྱལ་སྐུའི་གསང་བ་བསམ་མི་ཁྱབ།།
དེང་སང་སྦྱིན་བདག་རྣམས་ལ། །གཏན་གྲོགས་གཅིག་ལས་མེད་ཀྱང་།།
ཕར་ཚུར་བྱོན་པའི་སྐབས་ན། །སྙིང་གྲོགས་བརྒྱ་ལས་ལྷག་སོང་།།

དྲུག་པ་ལུང་དང་འགལ་བ་ལ་ནི།
དེ་ནས་ལུང་དང་འགལ་བ་ཡི། །འཇུག་པ་དག་ནི་བསྟན་པར་བྱ།།
ཞེས་དམ་བཅས་ནས། དཔེར་བརྗོད་ལ། མཆོད་སྦྱིན་གྱི་ལུང་འགལ་དང་། རིག་བྱེད་བཀླག་པའི་ལུང་དང་འགལ་བའོ།། དང་པོ་ནི།
མེ་ནི་བཞག་པ་མ་ཡིན་ཡང་། །བུ་སྐྱེས་བྲམ་ཟེ་མ་ཉམས་པའི།།
སྤྱོད་པས་བརྒྱན་པ་འདི་དག་ནི། །བཻཤྭ་ན་རཱི་མཆོད་སྦྱིན་བྱེད།།
རིག་བྱེད་ལས་གང་མེ་བཞག་པ་བུ་སྐྱེས་པ་རྣམས་བཻ་ཤྭ་ན་རཱི་ལ་མཆོད་སྦྱིན་སྒྲུབ་པར་བྱེད་དོ་ཞེས་ཏེ་རང་སྐྱེས་དུས་ཀྱི་མེ་དེའི་རྒྱུན་བཞག་ནས། དེ་ལ་མཆོད་སྦྱིན་སྒྲུབ་དགོས་ཀྱང་། མེ་བཞག་པ་མ་ཡིན་ཞིང་། བུ་སྐྱེས་པའི་བྲམ་ཟེ་མ་ཉམས་པའི་སྤྱོད་པས་བརྒྱན་པ་འདི་དག བཻ་ཤྭ་ན་རཱི་ནི་མེའི་མིང་། དེ་ལ་མཆོད་སྦྱིན་བྱེད་དོ་ཞེས་པ་ལྟ་བུ་མཆོད་སྦྱིན་གྱི་ལུང་དང་འགལ་ལོ།།

གཉིས་པ་ནི།
འདི་ནི་ཆོ་ག་མ་བྱས་ཀྱང་། །བླ་མ་དག་ལ་རིག་བྱེད་བཀླག།
རང་བཞིན་དག་པའི་ཤེལ་དག་ནི། །འདུ་བྱེད་གཞན་ལ་ལྟོས་པ་མེད།།
རིག་བྱེད་དུ་ཆོ་ག་བྱས་ཏེ་རིག་བྱེད་རྣམས་བཀླག་པར་བྱའོ་ཞེས་འབྱུང་ཡང་སྐྱེས་བུ་འདི་ནི་རིག་བྱེད་ལས་བྱུང་བའི་ཆོ་གའི་ཁྱད་པར་མ་བྱས་ཀྱང་། བླ་མའི་བཀའ་ལས་སྲིད་སྲུང་ལ་སོགས་པའི་རིག་བྱེད་བཀླགས་སོ།། དེའི་སྒྲུབ་བྱེད། རང་བཞིན་གྱིས་དག་པའི་ཤེལ་དང་ནོར་བུ་དག་ནི་བདར་ཞིང་དབྱི་བ་སོགས་འདུ་བྱེད་གཞན་ལ་ལྟོས་པ་མེད་དོ་ཞེས་པ་ནི་རིག་བྱེད་བཀླགས་པའི་ལུང་འགལ་ལོ།།

འདུལ་བའི་ལུང་དང་འགལ་བའི་སྐྱོན་ནི།
ངེས་པར་འབྱུང་བའི་བསམ་པས་བཟུང་མིན་པར།། སྡེ་ལྔ་བསླབ་བྱའི་ཕྲ་ཞིབ་རྣམ་ཕྱེ་ནས།།
སྐྱོན་བྲལ་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཅན།། རྣམ་པར་གྲོལ་བའི་དཔལ་ལ་རང་གིར་སྤྱོད།།
མདོ་ལུང་དང་འགལ་སྐྱོན་ནི།
    རྒྱུ་འབྲས་རྟེན་འབྱུང་ཆོས་ལ་མ་རག་པར།། གློ་བུར་གྲུབ་པའི་སྤྱོད་ཚུལ་ངེས་མེད་སྟོན།།
    སྐས་ལ་རིམ་གྱིས་འཛེགས་མིན་འཐོར་བྱེད་བྱ།། ཡངས་པའི་མཁའ་ལ་ཐོག་བབས་ལྟ་བུར་སྤྱོད།།
སྡུག་བསྔལ་ཀུན་འབྱུང་མ་ཤེས། །རྣམ་དག་ལམ་ཡང་མ་བསྟེན།།
གློ་བུ་སྐད་ཅིག་གཅིག་ལུ། །འགོག་པའི་འབྲས་བུ་ཐོབ་ནུག།།

ལུང་དང་འགལ་བའི་དམིགས་བསལ་ནི།
སྐྱ་སེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ།།
དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ།།
རྒྱལ་པོ་སྐྱ་བསེང་གི་བུར་གྲགས་པ་ལྔ་ནི། འཐབ་བརྟན་ཆོས་ཀྱི་བུ། འཇིག་སྡེ་རླུང་གི་བུ། སྲིད་སྒྲུབ་དབང་པོའི་བུ། རིགས་མེད་དང་ལྷར་བཅས་གཉིས་སྐར་མ་ཐ་སྐར་བུའི་བུ་ཡིན་པས། དེ་དག་ཐུན་མོང་གི་ཆུང་མ་རྒྱལ་པོ་ལྔ་ལེན་གྱི་བུ་མོ་དྲཽ་པ་དཱི་ཞེས་བྱ་བ་སྟེ། རིགས་མི་གཅིག་པའི་སྐྱེས་པ་དུ་མ་ཡོད་ཀྱང་འཆོལ་བའི་སྐྱོན་གྱིས་དག་པ་བདག་པོའི་བརྟུལ་ཞུགས་མ་རྣམས་ཀྱི་མཆོག་ཏུ་གྱུར་པ་འདི་འདྲ་བ་ནི་ལྷའི་སྒྲུབ་བྱེད་དམ་མཐུ་ཡིན་ནོ་ཞེས་ཏེ། ཁྱད་པར་འཕགས་བསྟོད་ལསསྐྱ་བསེང་བུ་ནི་བརྗོད་བྱས་ན། །བསོད་ནམས་འགྱུར་ཞེས་སོ་སོར་སྨྲ། །གང་ཞིག་བགྲོད་མིན་བགྲོད་བྱེད་པ། །དེ་རྣམས་ཁྱོད་ནི་བསྟན་ལ་སྨད། །ཅེས་པའི་ལུང་དང་འགལ་ཡང་ལྷའི་མཐུ་གསལ་བས་མི་འགལ་ལོ།།

བཅོས་མའི་འཆིང་བ་ཀུན་ལས་ངེས་གྲོལ་ཕྱིར།། བླང་དང་དོར་བྱའི་རྒྱུ་འབྲས་འགའ་མ་གཟིགས།།
སྤྱོད་པ་བསམ་མི་ཁྱབ་པའི་གར་གྱིས་རོལ།། འཕགས་ཡུལ་གྲུབ་ཆེན་རྒྱ་མཚོར་བདག་དང་ངོ་།།
ཚེ་འདིར་དཀའ་སྤྱད་སྡུར་ཁུར། །སྐད་ཅིག་ཙམ་ཡང་མ་བྱས།།
སྔོན་མའི་ལས་འཕྲོ་དབང་གིས། །ཆོས་སྐུ་མངོན་སུམ་མཐོང་ངོ།།


སྤྱི་དོན་བསྡུ་བ་ནི།
སྒྲ་དོན་རྒྱན་ནི་བཀྲ་བ་དང་། །བྱ་སླ་བྱ་དཀའ་དག་གི་ལམ།།
སྙན་ངག་རྣམས་ཀྱི་ཡོན་ཏན་སྐྱོན། །དེ་ལྟར་མདོར་བསྡུས་རྣམ་པར་ཕྱེ།།
སྒྲ་དང་དོན་གྱི་ལུས་མཛེས་པར་བྱེད་པའི་རྒྱན་གྱི་ཁྱད་པར་དུ་མས་བཀྲ་བ་དང་། བྱ་སླ་བ་དང་བྱ་དཀའ་བས་བསྡུས་པའི་ལམ་སྲོལ། སྙན་ངག་རྣམས་ཀྱི་ཡོན་ཏན་དང་སྐྱོན་གྱི་ཚུལ་དམ་བཅས་པ་དེ་ལྟར་མདོར་བསྡུས་པ་ཙམ་ཞིག་རྣམ་པར་ཕྱེ་བའོ།     །།

རྩ་བའི་ས་བཅད་གསུམ་པ་དེ་ལྟར་དུ་ཞུགས་པའི་འབྲས་བུ་ནི།
སྒྲུབ་བྱེད་བསྟན་པའི་ལམ་འདིས་སྐྱོན་དང་ཡོན་ཏན་དག།
རབ་ཏུ་རྟོགས་པའི་བློ་ཅན་སྐལ་བཟང་དབང་གྱུར་པའི།།
ཚིག་དང་མངོན་པར་འགྲོགས་བྱས་ཆང་མིག་མ་དག་དང་།།
ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་འགྱུར།།
སྙན་ངག་གི་མཚན་ཉིད་སྒྲུབ་པར་བྱེད་པའི་ཆོ་ག་བསྟན་པའི་ལམ་འདིས་སྤང་བྱ་སྐྱོན་དང་བླང་བྱ་ཡོན་ཏན་དག་རབ་ཏུ་རྟོགས་པའི་བློ་ཅན། སྐལ་བ་བཟང་པོའི་དབང་དུ་གྱུར་པས་རྩོམ་པའི་ཚིག་ཙམ་དང་མངོན་པར་འགྲོགས་པར་བྱས་པ་ཡང་ཆང་མིག་མ་དེ་མིག་ཟི་ཟི་བོས་ཟིམ་བུར་ལྟ་བའི་མཛེས་མ་དག་དང་། ལང་ཚོ་ཅན་གསར་དུ་འགྲོགས་པ་བཞིན་སྙིང་ལ་དགའ་བ་དང་། གྲགས་པ་ནམ་མཁའི་མཐའ་ཀླས་པ་ཐོབ་ལ། མཐར་ཐུག་ཇི་སྙེད་པ་མཁྱེན་པའི་རྒྱུར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་ཡོན་ཏན་དང་སྙན་པར་གྲགས་པའི་འབྱུང་གནས་སུ་འགྱུར་རོ་ཞེས་པའི་དོན་ཏེ།

སྙན་ངག་གི་མེ་ལོང་ལས་བྱ་དཀའ་བའི་རྣམ་པར་བཅད་པ་སྟེ་ལེའུ་གསུམ་པའི་དོན་ཇི་ལྟར་རིགས་པར་བཤད་ཟིན་ཏོ།།
སྙན་ངག་གི་མེ་ལོང་སློབ་དཔོན་ཆེན་པོ་དབྱིག་པ་ཅན་གྱིས་མཛད་པ་རྫོགས་སོ་ཞེས་མཛད་པ་པོ་དང་ཇི་ལྟར་བསྒྱུར་བའི་འགྱུར་བྱང་རྟོགས་པར་བྱའོ།། །།
ལེགས་བཤད་དབྱངས་སུ་ཉེར་འབབ་ཚངས་པའི་མཚོ། །ཉམས་བརྒྱད་གར་གྱི་རླབས་ཕྲེང་གཡོ་བའི་དབུས།།
སྒྲ་དབྱངས་རྒྱ་མཚོའི་ལྷ་མོ་རང་བྱུང་བ། །དུས་འདིར་བདག་གི་སྙིང་གི་དགའ་མར་གྱུར།།
རྣམ་པ་ཐམས་ཅད་མཁྱེན་པའི་མེ་ལོང་དུ། །ཤེས་བྱའི་དཀྱིལ་འཁོར་སོང་བའི་ཆོས་མཛོད་ལས།།
ངག་གི་དབང་པོ་སངས་རྒྱས་སྟེར་བ་ལ། །མཁས་ཤིང་གྲུབ་པ་རྡོ་རྗེ་འཆང་བའི་ལྷ།།
སྲས་མཆོག་རིག་པའི་གནས་ཀྱི་ཡང་སྲིད་ལྔར། །ཆོས་དཀར་དྲི་མེད་གཡས་སུ་འཁྱིལ་བཞད་པས།།
རྒོལ་ངན་ཆུ་སྲིན་འཇོམས་དང་རྨོངས་པའི་རིམས། །འཕྲོག་པའི་བྱེད་པོ་ཟླ་མེད་དུས་འཁོར་ཞབས།།
དེ་དག་གསུང་རྒྱུན་ལེགས་བཤད་རྡུལ་རེར་ཡང་། །སྔོན་རབས་ཚད་མའི་བཞེད་པ་རྡུལ་སྙེད་དུ།།
འཆར་བའི་བཤད་སྲོལ་སྔོན་མེད་གངྒཱ་ཆེ། །ཐོས་འཛིན་འདི་ཡང་སྐལ་བ་བཟང་པོས་འཐུང་།།
དྲན་དབང་སྔ་མའི་རྣམ་བཤད་རིན་པོ་ཆེའི། །བཞེད་དགོངས་ཡང་དག་འདུས་པའི་རང་གཟུགས་ཤེལ།།
རྙོག་པའི་རབ་རིབ་ཕྲ་ཞིང་ཕྲ་བ་ཡང་། ཕྱིས་ནས་གཟིགས་མོར་མཉན་དུ་མཚར་བར་བཀོད།།
མཁས་རློམས་སྟག་མའི་མེ་ཏོག་འབར་གྱུར་པའི། །ཡིན་རློམ་ལེགས་བཤད་སྦྲང་རྩིས་ཁ་མཛེས་ཀྱང་།།
ཚིག་དོན་མངར་བའི་རོ་བཅུད་མྱང་མ་ཐག །ཡིད་ལ་འཁྲུལ་བའི་དངོས་པོ་བསྐྱེད་མཐོང་ནས།།
བརྗོད་དོན་ཀུན་ཏུ་བཟང་པོའི་ཚོན་རིས་སུ། །གསལ་བའི་རྒྱན་མང་མཛེས་བཀྲ་དབང་པོའི་གཞུ།།
མ་འདྲེས་རྣམ་དཔྱོད་རྒྱུད་ཀྱིས་འགུགས་པ་ལ། །མཁས་པའི་སྲིད་སྒྲུབ་གཉིས་པ་འདིར་འོངས་བཞིན།།
རིག་པའི་རྒྱལ་མོ་འཆི་མེད་དབྱངས་ལྡན་མས། །མངོན་པར་བརྗོད་པའི་ཚིག་རེར་དུས་གསུམ་གྱི།།
ཤེས་བྱའི་དཀྱིལ་འཁོར་རྫོགས་པའི་མེ་ལོང་ལ། །ལེགས་པར་བཤད་པའི་བྱི་དོར་འབུམ་གྱིས་གཙང་།།
དེ་ལྟའི་རྨོངས་མུན་འཕྲོག་ནུས་སྣང་བའི་གཏེར། །སྙན་པའི་ངག་གི་རིག་བྱེད་དྲི་ཟ་ཡི།།
འཇིག་རྟེན་ཡོངས་སུ་རྫོགས་པའི་གླུ་ལེན་པས། །སྲིད་པ་གསུམ་འདི་རྟག་ཏུ་ཤིས་གྱུར་ཅིག།
ཤེས་བྱ་ཕ་མཐའ་མེད་པའི་ལང་ཚོ་ཡི། །ཁེངས་པ་བསྙོལ་བའི་རྣམ་དཔྱོད་མིག་གི་དཀྱུས།།
རིང་པོ་དུས་གསུམ་མཐའ་ལ་རེག་ཀྱང་རང་། །གཏན་དུ་བདེ་བའི་ལོངས་ལ་སྤྱོད་གྱུར་ཅིག།།
གཞན་ལ་ཕན་པའི་རང་བཞིན་མི་གཏོང་ཡོན་ཏན་དྲི་བཟང་ཚོགས་ཀྱི་གཏེར།།
རླབས་ཆེན་བྱང་ཆུབ་སྤྱོད་པའི་ཡལ་ག་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས།།
ཡང་དག་བསམ་པ་ཆེན་པོའི་ལོ་འདབ་གྲངས་མེད་འགྲོ་ལ་བསིལ་སྦྱིན་པ།།
བླ་ན་མེད་པའི་ས་མཆོག་ལྗོན་ཤིང་ཀུན་ཏུ་བཟང་པོའི་དཔལ་ཐོབ་ཤོག།
དེ་ལྟར་ལེའུ་གསུམ་དང་ཤློ་ཀ་ཕྱེད་བདུན་བརྒྱ་ལྷག་གི་བདག་ཉིད། སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་གི་བཤད་སྦྱར་དཎྜྻིའི་དགོངས་རྒྱན་ཞེས་བྱ་བ་འདི་ནི་ས་གསུམ་འགྲན་ཟླ་དང་བྲལ་བ་དཔལ་འབྲུག་པ་རིན་པོ་ཆེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་གི་སྤྲུལ་པའི་སྐུས་བཀའ་འཕྲིན་ཡིད་བཞིན་ནོར་བུའི་ཅོད་པན་ཆེས་ལྕི་བ་སྤྱི་བོར་འགོད་པ་དང་ལྷན་ཅིག ཞབས་དྲུང་ཤེས་རབ་འབྱུང་གནས་ཀྱི་བཀའ་ངག་ནན་ཏན་དུ་བསྒྱུར་བ་ལ་མཚལ་མིག་ནས་སྡེ་བ་རིན་པོ་ཆེ་རྟ་མགྲིན་དབང་ཕྱུག་དང་། རང་གི་ཉེ་བར་གནས་པ་པད་དཀར་དབང་པོས་རེ་མོས་ཀྱི་ཚུལ་དུ་ཡང་ཡང་བསྐུལ་མ་བཏབ་སྟེ། བྱང་ཕྱོགས་ཁ་བའི་ལྗོངས་ཀྱི་སྙན་ངག་མཁན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས་རང་ལོ་དྲུག་ཅུ་རྩ་གཅིག་པ་ས་ཕོ་རྟའི་ལོ་ས་གའི་ཉ་བ་རྒྱལ་བའི་དུས་ཀྱི་མཆོད་པ་བཞི་ལྡན་གྱི་ཚེས་ལ། རྒྱལ་བུ་དཔལ་གྱི་སྟེང་འགྲོའི་རི་ཁྲོད་དུ་ལུས་རྣམ་གཞག་རྫོགས་པའི་བར་གྱི་བཤད་པ་རྒྱ་ཆེར་ཕྱེ་ཞིང་གོ་བདེར་བྱ་ཕྱིར་ལྷག་མ་ངག་འདོམས་པས་འབྲུ་འཁྲུལ་མེད་དུ་མནན་ནས། ལེགས་པར་བཤད་པ་རིན་པོ་ཆེའི་རྒྱན་ཕྲེང་ཕུན་སུམ་ཚོགས་པ་འདི་ཉིད་ཚར་དུ་དངར་བའི་མཐུ་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག།

ཟབ་ཅིང་རྒྱ་ཆེའི་སྙན་ངག་རྒྱ་མཚོ་ལས། །དགྲོལ་བའི་གྲུ་གཟིངས་ཀ་བྱཱ་དརྴ་འདི།།
དེད་དཔོན་མི་ཕམ་རྣམ་པར་དགེ་བའི་ལྷས། །ཕ་རོལ་འདོད་པའི་ཕྱོགས་དེར་འདྲེན་པ་མཚར།།
གང་གིས་དབྱངས་ཅན་བག་མར་བསུས་ནས་ནི། །དཀའ་འགྲེལ་སྦྱོར་བ་རྩོམ་ཚེ་བདག་ལ་ཡང་།།
དངོས་ཐོབ་དགའ་བའི་སྙན་ཚིག་མ་བྱུང་ཡང་། །མཐོང་བས་ཚིག་དོན་དོགས་པའི་གནས་ལས་གྲོལ།།
དེ་ཕྱིར་གཙུག་ལག་གོང་མའི་སློབ་མའི་ཆེད། །རྩ་འགྲེལ་དཔེར་བརྗོད་ཡང་འགྲེལ་དང་བཅས་པ།།
ཁ་སྐོང་ཅུང་ཟད་བཅས་ཏེ་བསྒྲིགས་པ་འདིས། །དོན་གཉེར་ཅན་གྱི་བསམ་དོན་འགྲུབ་པར་ཤོག།
ཅེས་པ་འདི་ཡང་གཅེན་པོ་ཤེས་རབ་ཀྱིས་སྐུལ་ཞིང་། ནུ་བོ་བརྩོན་འགྲུས་ཀྱིས་མཐུན་སྦྱོར་བྱས་པའི་ངོ་སོ་མ་བཟློག་པར་བུ་སྤུན་བར་པ་རང་གིས། རབ་གནས་ས་ཕག་སྨིན་ཟླ་མར་ངོའི་རྫོགས་པ་གཉིས་པའི་མཚན་ལ་ཕྱོགས་བསྒྲིགས་ཀྱི་སྨོན་ཚིག་ཏུ་སྦྱར་བའོ།།
བྷ་བ་ཏུ་སརྦ་མངྒ་ལཾ།།       །།








No comments: