Thursday, April 11, 2019

རིམ་གྲོའི་སྐོར།

རིམ་གྲོའི་སྐོར།
  ཧི་མ་ལ་ཡའི་ཡུལ་ལྗོངས་ནང་འབད་སྲོལ་ཡོད་པའི་རིམ་གྲོ་ཟེར་མི་འདི་ ལུགས་སྲོལ་ཁག་བཞི་དེ་ཅིག་སླ་བསྲེས་ཞིནམ་ལས་བྱུང་པའི་འདྲེས་མའི་ཆོ་ག་གཅིག་ཨིནམ་མ་གཏོགས་ ནང་ཆོས་གཙང་མ་གཅིག་མེན།
ག་ཅི་སྦེ་ཟེར་བ་ཅིན། སྟོན་པ་བཅོམ་ལྡན་འདས་སྐུ་དངོས་བཞུགས་པའི་སྐབས་ལུ་ སྟོན་པ་ཁོ་རང་ཚོགས་འགོཔ་སྦེ་བཞུགས། འོད་སྲུང་དང་ཀུན་དགའ་བོ་ལ་སོགས་པ་ཚུ་ དབུ་མཛད་འབད་དེ་ཆོ་ག་ཉིནམ་གཅིག་ཡང་གཏང་མྱོང་མེད། ད་ལྟོའི་བར་ན་ཡང་ ཤྲཱི་ལངྐ་དང་། འབར་མ། ཐའི་ལནྜ་གྱི་རྒྱལ་ཁབ་ཚུ་ནང་ ནང་པའི་དགེ་སློང་གསེར་སང་སང་སྦེ་བཞུགས་ཡོདཔ་ཨིན་རུང་། རྔ་བརྡུང་། དུང་འཕུ། རོལ་མོ་བརྡུང་སྟེ་ཆོ་ག་གཏང་ནི་མིན་འདུག
འདི་ཚུ་ག་ཏེ་ལས་བྱུང་ཡི་ག་ཟེར་བ་ཅིན། གདོས་མའི་ལུགས་སྲོལ་ལས་བརྒྱ་ཆ་ཉི་ཤུ། བོན་ཆོས་ལས་བརྒྱ་ཆ་སུམ་ཅུ། རྒྱ་ནག་འབྱུང་རྩིས་ལས་བརྒྱ་ཆ་སུམ་ཅུ། ནང་པའི་གསང་སྔགས་ཀྱི་ཆོས་ནང་ལས་བརྒྱ་ཆ་ཉི་ཤུ་དེ་གཅིག་བསྡོམས་ཞིནམ་ལས་བྱུང་བྱུངམ་གཅིག་ཨིན་མས།

འདི་ཡང་རིམ་པ་བཞིན་དུ་ཞུ་བ་ཅིན། ༼དང་པ།༽ དང་ཕུ་གདོས་མའི་མི་རིགས་ཚུ་གིས་འབད་བ་ཅིན། རི་དང་ཆུ་བོ། དེ་ལས་ཡ་མཚན་ཅན་གྱི་རྡོ་དང་ཤིང་ལ་སོགས་པ་དེ་ཚུ་ ཡང་ན་ལྷ་དང་ཡང་ན་འདྲེ། ཡང་ན་བདུད་དང་བཙན་ལ་སོགས་པ་ག་འབད་རུང་གཅིག་ཨིནམ་སྦེ་ངོས་འཛིན་འབད་དོ་ཡོདཔ་དང་། མི་དང་སྒོ་ཕྱུགས་སེམས་ཅན་ལུ་ན་ཚ་ལ་སོགས་པའི་གནོད་པ་བྱུང་པའི་སྐབས་ལུ་ ལྷ་འདྲེ་ཚུ་གིས་གནོད་པ་གཏང་དོ་ཡོདཔ་སྦེ་ངོས་འཛིན་འབདཝ་ཨིནམ་དང་། གནོད་པ་དེ་ཚུ་བྱུང་པའི་སྐབས་ལུ་ སྒོ་ཕྱུགས་སེམས་ཅན་བསད་པའི་ཤ་ཁྲག་གི་མཆོད་པ་ཕུལ་ཏེ་གནོད་པའི་གདུག་རྩུབ་ཞི་བའི་ཐབས་ལམ་འབད་དོ་ཡོདཔ་ཨིན་མས། ཐབས་ལམ་འདི་གདོས་མའི་ལུགས་སྲོལ་གཅིག་ཨིན་རུང་། བོན་པོ་ཚུ་གིས་ཡང་ལག་ལེན་འཐབ་དོ་ཡོདཔ་ལས་ འདི་ལུ་བོན་ལུགས་ཟེར་སླབ་ཨིནམ་དང་། ད་རེས་ནངས་པ་གི་དམར་མཆོད་ཕུལ་སྲོལ་འདི་ཡང་ ལུགས་སྲོལ་འདི་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་མས།
༼གཉིས་པ།༽ དེམ་གཅིག་གི་བར་ན་བོན་པོའི་སྟོན་པ་གཤེན་རབ་མེ་འོ་བྱོན་ཏེ་ གཡུང་དྲུང་བོན་གྱི་བསྟན་པ་ངོ་མ་འདི་དར་ཁྱབ་བྱུང་ཡོདཔ་དང་། སྟོན་པ་གཤེན་རབ་མཆོག་གིས། མིའི་བླ་སྲོག་འཕྱོག་འབག་མི་ལྷ་འདྲེ་ཚུ་ལས་བླ་སྲོག་ལེན་ནི་གི་དོན་ལུ་ གདོས་དང་གླུད་ཀྱི་རྣམ་བཞག་དེ་ཚུ་མཛད་ནུག དེ་ལས་བརྟེན་ཏེ་ད་རེས་ནངས་པ་གི་མདོས་དང་གླུད། བསངས་དང་བསུར་ལ་སོགས་པའི་རྣམ་གཞག་དེ་ཚུ་བྱུང་ནུག[1]
༼གསུམ་པ།༽ དེ་ལས་རྒྱ་ནག་ལས་དར་བའི་འབྱུང་རྩིས་ལས་ ཤིང་མེ་ས་ལྕགས་ཆུའི་ཁམས་ལྔ་དང་། ལོ་རྟགས་བཅུ་གཉིས། སྨེ་བ་དགུ། སྤར་ཁ་བརྒྱད། དེ་ལས་ཕྱོགས་དང་དུས་དང་ས་གནས་སོ་སོ་ལུ་གནས་པའི་ས་བདག་གི་སྐོར་གསུངས་ཡོདཔ་དང་། དེ་ཚུ་གི་གནོད་པ་མི་འབྱུང་ནི་གི་དོན་ལུ་སྒྲིབ་བཅོས་དང་། གནོད་པ་བྱུང་པའི་སྐབས་ཀྱི་ཉམས་བཅོས་ལ་སོགས་རིམ་གྲོའི་སྐོར་ལས་བྱུང་ཡོདཔ་ལས། ད་རེས་ནངས་པ་གི་ལོ་མོ་བསྐོར་ནི་དང་། མོ་བཏབ་རྩིས་བཏབ་ལ་སོགས་པའི་རིམ་གྲོའི་སྐོར་དེ་ཚུ་བྱུང་ཡོདཔ་ཨིན།
༼བཞི་པ།༽ ནང་ཆོས་མདོ་སྔགས་གཉིས་ལས་ མདོའི་དབང་དུ་གཏང་པ་ཅིན། ཚེ་སྒྲུབ་བསགས་ནི་ལ་སོགས་པའི་ཁ་ཐུན་དགེ་སྦྱོར་གྱི་རིགས་དང་། སྔགས་ཀྱི་ནང་ལས་འབད་བ་ཅིན། རང་གི་ཡིད་དམ་གྱི་ལྷ་ལུ་མཆོད་པ་ཕུལ་བའི་ཚོགས་འཁོར་གྱི་རིམ་པ་གཅིག་ཐོན་ནི་ཡོདཔ་ཨིན་རུང་། དེ་ཚུ་མི་ངོམ་རང་སྒེར་དང་། ཡང་ན་ལྟ་སྤྱོད་མཐུན་པའི་གྲུབ་ཐོབ་འདི་ཚུ་འཛོམས་པའི་སྐབས་ལུ་འབད་ནི་མ་གཏོགས་ སྦྱིན་བདག་གི་ཁྱིམ་ནང་འགྱོ་སྟེ་ སྦྱིན་བདག་གི་འདོད་པ་དང་བསྟུན་པའི་ཆོ་ག་གཏང་སྲོལ་མེད། ཨིན་རུང་གཞི་དེ་ལུ་བཞག་ཞིནམ་ལས་ད་རེས་ནངས་པ་གི་ལོ་མཆོད་དང་ཚོགས་འཁོར་ལ་སོགས་པའི་ལུགས་སྲོལ་འདི་ཚུ་བྱུང་བྱུངམ་ཨིན་མས།
འགྲོ་བ་མིའི་བྱུང་རིམ་དང་། སྤྱི་ཚོགས་མི་དམངས་ཀྱི་བསམ་བློ་གཏང་ཕྱོགས་དང་བསྟུན་ཏེ་ དང་པ་རང་གདོས་མའི་ལུགས་སྲོལ་བྱུང་ཡོདཔ་དང་། དེ་ལས་རིམ་པ་བཞིན་དུ་བོན་དང་འབྱུང་རྩིས་ཀྱི་རིག་པ་དེ་ཚུ་བྱུང་བྱུངམ་ཨིནམ་ལས། བོན་དང་རྩིས་ཀྱི་ལུགས་སྲོལ་འདི་ཡང་མཐར་ཐུག་པ་ཅིན་ གདོས་མའི་ལུགས་སྲོལ་གཅིག་ལུ་ཐུགས་ནི་བཟུམ་ཅིག་འདུག དེ་འབདཝ་ལས་རིམ་གྲོའི་སྐོར་བརྒྱ་ཆ་བརྒྱད་ཅུ་དེ་ཅིག་འདི་ ཧི་མ་ལ་ཡའི་མི་རིགས་རང་རང་སོ་སོའི་ལུགས་སྲོལ་ལས་བརྟེན་ཏེ་བྱུང་བྱུངམ་དང་། བརྒྱ་ཆ་ཉི་ཤུ་དེ་ཅིག་ནངས་པའི་གསང་སྔགས་ཀྱི་ཆོས་ལས་བྱུང་བྱུངམ་ཨིན་མས།
ཨིན་རུང་ཤུལ་ལས་ནངས་པའི་ཆོས་དར་ཞིནམ་ལས་ མིའི་དགོས་མཁོ་དང་བསྟུན་པའི་རིམ་གྲོ་འདི་ཚུ་ལུ་འགྱུར་བ་སྦོམ་ཅིག་གཏང་ཡོད་མི་འདི་ཡང་། རིམ་གྲོ་ག་ཅི་ཨིན་རུང་། འགོ་སེམས་བསྐྱེད་དང་། དངོས་གཞི་ཏིང་ངེ་འཛིན་གྱིས་ཟིན། མཇུག་བསྔོ་བ་སྨོན་ལམ་གྱིས་བསྡུ་སྟེ་ གནོད་པ་མེད་པར་ཕན་པའི་བྱ་བ་གཅིག་ལུ་འགྱུར་ཞིནམ་ལས་ ཆོས་དང་བོན་ག་གིས་འབད་རུང་འབད་བཏུབ་པའི་རིམ་གྲོ་གཅིག་ལུ་འགྱུར་ཡོདཔ་ཨིན་མས།
མདོས་དང་གླུད་དང་བརྒྱ་བཞི་ལ་སོགས་པའི་དཔེ་ཆ་དེ་ཚུ་ནང་། ཐབས་ལམ་འདི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་གསུངསམ་ཨིན་སྦེ་ཐོན་ནི་འདུག ཨིན་རུང་ཚིག་དེ་ཚུ་དགག་བྱ་དང་དགོས་པའི་དབང་བཙུགས་བཞག་བཞགཔ་མ་གཏོགས། རྒྱ་གར་ནང་གདོས་དང་གླུད་ཀྱི་རིམ་གྲོ་དེ་ཚུ་བྱུང་མྱོང་མེད། དེ་བཟུམ་སྦེ་གླུ་གཞས། སྙན་ཆ། འཆམ། ཡི་གུ་གཏོང་ལེན་ལ་སོགས་པ་ཡོད་རིགས་ཡོད་ཚད་འགོ་ཐོག་དང་པ་སྟོན་པ་བཅོམ་ལྡན་འདས་དང་། ཡང་ན་གུ་རུ་རིན་པོ་ཆེ་གིས་གསུངས་གསུངསམ་ཨིནམ་སྦེ་ཆ་འཇོག་འབད་དེ། སྟོན་པ་དང་གུ་རུ་བཙོང་སྟེ་རང་གི་ལྟོ་འཚོལཝ་ཨིན་མས། མནོ་བསམ་ལེགས་ཤོམ་སྦེ་གཏང་སྟེ་བལྟ་བ་ཅིན། དེ་ཚུ་ལ་ལོ་གཅིག་ཁོང་གཉིས་ཀྱིས་གཉིད་ལམ་ནང་ཡང་མ་མཐོངམ་འོང་།

བསངས་མཆོད་ཀྱི་སྐོར།
༼གོ་དོན།༽ ཕྱི་ཁའི་བཙོག་གྲིབ་དང་ནང་གི་འཁོན་གྲིབ་ལ་སོགས་པ་དག་པར་བྱེད་པའི་ཐབས་ལམ་གཅིག་ལུ་བསངས་ཟེར་སླབ་ཨིན།
༼བྱུང་རིམ།༽ དེ་ཡང་ཡ་ཐོག་དང་པོའི་དུས་ལུ་དང་། བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་སྐབས་ལུ་ ཆེ་ས་ལས་འབད་བ་ཅིན་རྒྱལཔོ་དང་རྒྱལཔོ་གི་བར་ན་དང་། ཆུ་ས་ལས་འབད་བ་ཅིན་མི་ངོམ་རང་རང་སོ་སོ་གི་བར་ན་ལུ་ མེ་འཕུ་ཞིནམ་ལས་མནའ་བཀལ་བའི་སྲོལ་ཡོདཔ་ཨིན་མས། མནའ་བཀལ་དགོ་པའི་དོན་ཡང་ ཕན་ཚུན་ཕྱོགས་གཉིས་ཀྱི་བར་ན་མི་མཐུན་པའི་འཁོན་འཛིན་ཚུ་སྤང་ཞིནམ་ལས་ ད་ལས་ཕར་དམ་ཚིག་གཙང་མའི་སྒོ་ལས་འཆམ་མཐུན་གྱི་ངང་ལུ་སྡོད་ནི་ཨིན་ཟེར་བའི་དོན་དང་། ཡང་ན་ང་གིས་ཉེས་པ་འབད་འབདཝ་མེད་པའི་གཙང་མ་ཨིན་ཟེར་བའི་དོན། ཡང་ན་ད་ལས་ཕར་ང་གིས་ལཱ་འདི་བཟུམ་ཅིག་འབད་ནི་ཨིན་ཟེར་བའི་དོན་ལུ་ཡང་མནའ་བཀལཝ་ཨིན། ལུགས་སྲོལ་འདི་བཟུམ་འདི་ཧི་མ་ལ་ཡའི་རིགས་བརྒྱུད་ནང་རྐྱངམ་གཅིག་མེན་པར་ འཛམ་གླིང་རྒྱལ་ཁབ་གཞན་ཁ་ཡང་ཡོདཔ་ཨིན་མས། དེ་འབདཝ་ལས་ ཀེན་ཌལ་གྱི་མེ་ལུ་ ལགཔ་བཀལ་ཞིནམ་ལས་ཁས་ལན་འབད་བའི་ལམ་སྲོལ་འདི་ད་ལྟོ་བར་ན་ཡང་འབད་སྲོལ་འདུག མེ་འདི་གིས་ནང་གི་འཁོན་སེམས་དང་མ་དག་པའི་བསམ་ངན་འདི་དག་པར་བཟོཝ་མ་ཚད་ ཕྱི་གི་བཙོག་གྲིབ་ལ་སོགས་པ་དག་པར་བཟོ་སྲོལ་ཡོདཔ་ཨིིན་མས། དེ་ཡང་ཁམས་ཀྱི་གཡུས་གོ་ཚུ་ནང་འབད་བ་ཅིན། བཙོག་གྲིབ་ཤི་གྲིབ་ལ་སོགས་པ་དང་འབྲེལ་བའི་གོ་ལ་འདི་ཚུ་ཆུར་འཁྱུ་ནི་གི་གོ་སྐབས་མ་ཐོབ་པའི་སྐབས་ལུ་མེ་ལུ་བདུག་ཞིནམ་ལས་གྱོན་སྲོལ་ཡང་ཡོདཔ་མ་ཚད། མེ་འདི་གིས་ ཕྱི་གི་མི་གཙང་བའི་རིགས་ག་ཅི་བཟུམ་ཅིག་ཡོད་རུང་། མེ་དཔག་སྟེ་བཏང་པ་ཅིན་ཡུདཔ་ཐེངས་གཅིག་ནང་དག་ཚུགསཔ་བཟོ་མི་འདི་ ག་གིས་ཡང་མཐོང་ས་དང་ཤེས་ས་ཨིན། བསངས་དཔེ་བཀྲ་ཤིས་རེ་བསྐོང་ནང་ལས་ཡང་། སྔོན་གྱི་བསྐལ་པའི་དང་པོ་ལ། །སྲིད་པའི་མེ་ཕོ་ཚངས་པ་དེས། །དག་བྱེད་འབར་བའི་མེ་ལ་བྱས། །འདོད་རྒུ་ཐམས་ཅད་དེ་ལས་བྱུང་།། ཟེར་གསུངས་ནུག
ཨིན་རུང་དུས་ཀྱི་འགྱུར་བ་དང་བསྟུན་ཞིནམ་ལས་ དག་བྱེད་ཀྱི་བསངས་དེ་མེ་ཁོ་རང་མེན་པར་དྲི་ཞིམ་གྱི་རྩིས་ཤིང་དང་སྨན་སྣ་འཚིག་པའི་མེའི་དུད་པ་འདི་ཨིནམ་སྦེ་བརྩི་ཡོདཔ་དང་། དེ་ཡང་རི་མཐོ་ས་དང་ ས་གཙང་ས་ལུ་དུད་པ་གི་བསངས་གཏང་ཞིནམ་ལས་རང་གི་དགྲ་ལྷ་དང་། ཡུལ་ལྷ་གཞི་བདག་ལུ་འཕྲིན་ལས་བཅོལ་བའི་ལུགས་སྲོལ་འདི་བྱུང་ནུག ལུགས་སྲོལ་འདི་ གདོས་མའི་ལམ་སྲོལ་དང་བོན་ལུགས་འབྲེལ་བའི་ལམ་སྲོལ་གཅིག་ཨིན་རུང་། ཤུལ་ལས་ནང་ཆོས་དར་ཞིནམ་ལས་ཚུར། ལྷ་ས་ཧས་པོ་རིའི་རྩེ་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ གཞི་བདག་ཚུ་ལུ་བསངས་མཆོད་ཕུལཝ་ལས་བརྟེན། ནང་པ་ཚུ་ལུ་ཡང་བསངས་མཆོད་ཕུལ་བའི་ལམ་སྲོལ་འདི་བྱུང་ནུག
༼ཕུལ་སའི་ཡུལ།༽ བསངས་མཆོད་ཕུལ་སའི་ཡུལ་འདི་ཡང་ དཀོན་མཆོག་སྲིད་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན། འགྲོ་དྲུག་སྙིང་རྗེའི་མགྲོན། ལན་ཆགས་བུ་ལོན་གྱི་མགྲོན་ཟེར་མགྲོན་བཞི་[2]ལུ་ཕུལཝ་ཨིན།
༼བསངས་ཀྱི་སྣོད་དང་སྟེགས།།༽ བསངས་མཆོད་ཕུལ་བའི་སྐབས་ལུ་ གཙང་ཏོག་ཏོ་དང་གུས་ཞབས་བསྐྱེད་པའི་དོན་ལུ་ བསངས་ཕུལ་སའི་ཁྲི་ཁྲུ་གངལས་ལྷགཔ་ཅིག་བཟོ་དགོཔ་དང་།  ཁྱིམ་ནང་གཏང་ནི་ཨིན་པ་ཅིན། གཙང་ཏོག་ཏོ་ཨིན་པའི་བསངས་སྣོད་ག་ཅི་ག་ཅི་འབད་རུང་གཅིག་ནང་ཕུལ་ནི་ཨིན།
༼ཕུལ་ནི་གི་རྫས།༽ གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེའི་རིགས་ཀྱི་ཕྱེ་དང་། ཙན་དན་ཨ་ཀ་རུ་དང་། བ་ལུ་སུ་ལུ་ལ་སོགས་པ་དུག་མེད་པའི་ལྷན་སྐྱེས་ཀྱི་རྩིས་ཤིང་ཀྱི་རིགས། སྤོས་དང་དྲི་ཞིམ་སྨན་རྫས་ལ་སོགས་པ་སྦྱར་བྱུང་གི་རིགས། དེ་ལས་དགྲ་ལྷ་དང་ཆོས་སྐྱོང་གི་བསངས་ཨིན་པ་ཅིན། ཆང་དང་ཤ་ལ་སོགས་པ་ཡང་བླུགས་ནི་ཡོད།
༼དུས་ཚོད།༽ ཁ་ཐུན་དགེ་སྦྱོར་འབད་བའི་སྐབས་ལུ་དང་། དེ་མིན་རུང་དྲོ་པ་ལོང་ཚར་ཞིནམ་ལས་མཆོད་པ་ཕུལ་བའི་སྐབས་ལུ་བསངས་ཅིག་གཏང་མི་འདི་ང་བཅས་རའི་ལམ་སྲོལ་ཅིག་ཨིན།  དེ་ལས་ཨ་ལོ་སྐྱེ་ཚར་ཞིནམ་ལས་ཞག་གསུམ་ལངསམ་ད་ལྷ་བསངས་ཁྲུས་གསོལ་རྒྱསཔ་འབད་དགོཔ་དང་། མི་ཤི་བའི་ཤུལ་ལུ་ཕུང་པོ་མེར་སྦྱངས་ཐལ་ཞིནམ་ལས་ བཙོག་གྲིབ་བསངས་པའི་བསངས་དང་ཁྲུས་གསོལ་འབད་དགོཔ་ཨིན། དེ་ལས་ལཱ་ཁག་ཆེ་ཏོག་ཏོ་འབད་ནི་དང་། ལས་དོན་སྒྲུབ་ནི། ས་ཐག་རིང་སར་འགྱོ་ནི་ལ་སོགས་པ་ཐོནམ་ད།  ས་ལྷང་ནི། སྒོ་ལྷོང་ནི། རབ་གནས་རྟེན་འབྲེལ་ལ་སོགས་པ་ལེགས་པའི་བྱ་བ་ག་ཅི་བཟུམ་ཅིག་འབད་རུང་བསངས་དང་གསེར་སྐྱེམས་འདི་ཚུ་ཕུལ་དོ་ཡོདཔ་མ་ཚད། བླམ་དང་དཔོན་ལ་སོགས་པ་བྱོན་པའི་སྐབས་ལུ་ཡང་བསངས་གཏང་སྲོལ་ཡོདཔ་ཨིན།
༼ཕུལ་ཐངས།༽ རབ་འབད་བ་ཅིན། བསངས་དཔེ་བཀྲ་ཤིས་རེ་བསྐོང་༼ལྷ་བསངས༽དང་། རི་བོ་བསངས་མཆོད་ལ་སོགས་པའི་ཆོ་གའི་སྒོ་ལས་བསངས་མཆོད་ཕུལ་ནི་ཨིན།
འབྲིང་འབད་བ་ཅིན། ཕུལ་མི་རང་རྣམ་སྣང་ཆོས་བདུན་གྱི་སྒོ་ལས་ བདེ་བའི་གདན་ལུ་སྡོད་ཞིནམ་ལས་ འགོ་སྐྱབས་འགྲོ་སེམས་གཏང་། དེ་ལས་རང་ཡིད་དམ་གྱི་ལྷ་སྦེ་བསྒོམས་ཞིནམ་ལས་ རང་གི་ཐུགས་ཁ་ལས་འོད་ཟེར་འཕྲོས། འོད་ཟེར་དེ་གིས་མགྲོན་བཞི་སྤྱན་འདྲེན་ཞུ་སྟེ་ ནམ་མཁར་གང་སྟེ་ཡོདཔ་སྦེ་མནོ་བསམ་གཏང་།  དེ་ལས་བསངས་ཀྱི་དུད་པ་འདི་ཡང་ནམ་མཁའི་ཁམས་ཐམས་ཅད་གང་ཞིནམ་ལས། མགྲོན་རྣམ་པ་བཞི་པོ་ལུ་ རང་གི་གང་ལ་གང་འདོད་ཀྱི་དངོས་པོ་ལུ་སྒྱུར་ཏེ་ཕུལ་ནི་དང་། དེ་ལས་རང་གི་འདོད་དོན་ཞུ་ཞིནམ་ལས་མཇུག་རང་བསྔོ་བ་སྨོན་ལམ་གྱིས་བསྡུ་ནི་ཨིན།  ༼དཔེ་ཆ་དགོ་པ་ཅིན་ཁ་བྱང་འདི་ནང་ (http://acharyasamten.blogspot.com/2015/05/blog-post.html) གཟིགས།༽
དེ་ཚུ་བྱུང་མ་ཚུགས་པར་ཐ་མ་འབད་བ་ཅིན། བསངས་ཅིག་བཏང་ཞིནམ་ལས། ཀྱེ། མི་གཙང་ཟས་སུ་ཟོས་པ་བསངས། །མི་གཙང་གོས་སུ་གྱོན་པ་བསངས། །དམ་གྲིབ་བཙོག་གྲིབ་ཤི་གྲིབ་བསངས། །བག་གྲིབ་ཡུག་གྲིབ་རྫས་གྲིབ་བསངས། །ཐབ་ཤོར་གཞོབ་ཤོར་དངོས་ཤོར་བསངས། །ཉམས་གྲིབ་སྐྱོན་རྣམས་ཐམས་ཅད་བསངས། །ལྷ་དང་མི་ལ་གྲིབ་ཕོག་ཅིང་། །སྐུ་གསུང་ཐུགས་དང་འགལ་བ་རྣམས། །བསངས་ཀྱི་མཆོད་པ་དམ་པ་འདིས། །ཐམས་ཅད་བྱང་ཞིང་དག་གྱུར་ཅིག།  ཟེར་བའི་ཚིག་ཁ་འདོན་འབདཝ་དང་ཅིག་ཁར་མནོ་བསམ་ཡང་ཚིག་ནང་ལས་ཐོན་དོ་བཟུམ་སྦེ་གཏང་ཚུགས་པ་ཅིན་དེ་གིས་བཏུབ།

༼དགོས་པ་དང་ཕན་ཡོན།༽ དཀོན་མཆོག་སྲིད་ཞུའི་མགྲོན་ལུ་ཕུལ་བ་ཅིན། བསོད་ནམས་བསགས་ཏེ་རིམ་གྱིས་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་ཐོབ། མགོན་པོ་ཡོན་ཏན་གྱི་མགྲོན་ལུ་ཕུལ་བ་ཅིན། བྱང་ཆུབ་སྒྲུབ་པའི་བར་ཆད་དང་ གནས་སྐབས་ཀྱི་བར་ཆད་སེལ། སྙིང་རྗེའི་མགྲོན་ལུ་ཕུལ་བ་ཅིན་ཕན་ཚུན་འཁོན་འདྲིས་མེད་པར་འགྱུར། ལན་ཆགས་བུ་ལོན་གྱི་མགྲོན་ལུ་ཕུལ་བ་ཅིན་ཚེ་རབས་ལས་བསགས་པའི་ལན་ཆགས་དག་ཚུགས་པའི་ཕན་པ་ཡོད།
དེ་གི་དགོས་པ་དང་ཕན་ཡོན་གཞན་བསངས་དཔེ་བཀྲ་ཤིས་རེ་བསྐོང་ལས་དེ་སྦེ་གསུངས་ཏེ་འདུག ཀྱེ། ད་ལྟ་བསྐལ་པའི་ཐ་མ་ལ། །ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི། །འཁོན་འཛིན་ཁྲ་དོག་སེལ་བའི་ཐབས། །གཙང་བཙོག་ངན་པ་སེལ་བའི། །བསྲུང་མ་ལས་ལ་སྐུལ་བའི་ཐབས། །ཁང་ཁྱིམ་མི་གཙང་སེལ་བའི་ཐབས། །ཚེ་སྲོག་བསྲ་ཞིང་བརྟན་པའི་ཐབས། །གཟའ་སྐར་ངན་པ་སེལ་བའི་ཐབས། །གཞི་དང་གནས་ལ་སྡོད་པའི་ཚེ། །མཐུན་རྐྱེན་འབྱོར་པ་སྤེལ་བའི་ཐབས། །ཐག་རིང་བྱེས་སུ་བགྲོད་པའི་ཚེ། །དོན་རྣམས་ཐམས་འགྲུབ་པའི་ཐབས། །དེ་རིང་བསངས་ཀྱི་མཆོད་པ་འབུལ།།  ཟེར་བསངས་མཆོད་ཕུལ་དགོ་པའི་དགོས་པ་དང་ཕན་ཡོན་ཚུ་གཅིག་ཁར་སྦེ་གསུངས་ནུག
བསངས་དང་གསེར་སྐྱེམས། ཆང་ཕུད་གཏོར་ནི་ལ་སོགས་པའི་སྐབས་ལུ་ཡང་ཕུལ་སའི་ཡུལ་འདི་མགྲོན་བཞི་ཨིནམ་ལས་དགོས་པ་ཕན་ཡོན་འདི་ཚུ་བཅོག་རང་འཐདཔ་ཨིན།
མཆན། གོང་ལུ་ཞུ་མི་ཕན་པ་དེ་ཚུ་ཆ་ཚང་ཐོབ་དགོ་པ་ཅིན། བསམ་པ་དང་སྦྱོར་བ་དག་དགོཔ་མ་ཚད། ཕུལ་མི་རང་ཏིང་ངེ་འཛིན་གྱི་ཡོན་ཏན་དང་རྟོགས་པ་ལྡན་དགོཔ་ཨིན། དེ་ཚུ་མེད་པ་ཅིན་ཕན་པ་ཆ་ཙམ་རེ་མ་གཏོགས་ཆ་ཚང་རང་དེ་མི་ཐོབ་འོང་།


གསེར་སྐྱེམས།
༼གོ་དོན།༽ ཞལ་ས་ནང་འཐུང་ནི་གི་རིགས་ལུ་སྐྱེམས་ཟེར་སླབ་དོ་ཡོདཔ་ལས་ གསེར་གྱི་ཧོད་ནང་ལུ་འཐུང་ནི་སྐྱེམས་ཀྱི་རིགས་ཕུལ་མི་གཅིག་ལུ་གསེར་སྐྱེམས་ཟེར་བཤད་ནི་ཡོདཔ་མ་ཚད། ཞལ་ལུ་གསེར་ཞལ་ཟེར་སླབ་དོ་ཡོདཔ་ལས། ཞལ་ལུ་ཕུལ་ནི་གི་འཐུང་ནི་གི་རིགས་གཅིག་ལུ་གསེར་སྐྱེམས་ཟེར་ཡང་བཤད་ནི་འདུག ཨིན་རུང་དེ་ཚུ་གླང་ཆེན་བཏང་ཏེ་རྐང་རྗེས་འཚོལ་ནི་དང་། རྩ་བ་བཞག་སྟེ་ཡལ་ག་འཚོལ་བའི་གྲངས་གཅིག་ཨིན་མས། ཚིག་འབྲུ་གཉིས་ལས་སྐྱེམས་ཀྱི་དོན་འདི་འཐུང་ནི་གི་རིགས་དང་། གསེར་ཀྱི་དོན་འདི་ གསེར་ཕྱེའི་དོན་ཨིན་མས། འདི་ཡང་བོན་གྱི་ལུགས་ལས་འབད་བ་ཅིན། གསེར་སྐྱེམས་ཕུལ་བའི་སྐབས་ལུ་ཆང་ནང་ གསེར་རྒོད་ཟེར་མི་མེ་མ་གཏང་པའི་གསེར་རགས་པ་བརྡར་བའི་གསེར་ཕྱེ་བླུགས་ཏེ་ཕུལ་ནི་དང་། དོང་མ་སྤེད་པའི་གཡུ་རགས་པ་བཙུགས་ཏེ་ཕུལ་མི་འདི་ལུ་གཡུ་མངོན་ཟེར་སླབ་དོ་ཡོདཔ་ཨིན་མས། བོན་གྱི་གསེར་སྐྱེམས་དཔེ་ཆ་ནང་།  འབྲོང་གི་རྭ་ནང་ཆང་བླུགས་ཞིནམ་ལས། དེ་ནང་གསེར་དང་གཡུ་བཙུགས་ཏེ་ཕུལ་བའི་དོན་འཐོན་ནི་འདུག [3] རྒྱུ་མཚན་དེ་ལས་བརྟེན་ཏེ་ ད་རེས་ནངས་པ་གི་གསེར་སྐྱེམས་ཕུད་ལྕོགས་ནང་གཡུ་གདབ་བཞག་མི་འདི་གི་དོན་ཡང་ གཡུ་མངོན་ཟེར་མི་ གཡུ་ཡི་མཆོད་པ་འདི་འོང་ནི་མས།
དེ་འབདཝ་ལས་གསེར་སྐྱེམས་ཀྱི་དོན་འདི་ རང་གི་བསམ་དོན་འགྲུབ་ནི་གི་དོན་ལུ་ མགྲོན་བཞི་ལུ་ཕུལ་བའི་གཏུང་བའི་རིགས་གཅིག་ལུ་གསེར་སྐྱེམས་ཟེར་བཞག་པ་ཅིན་བཏུབ་ནི་ཨིན་མས།

༼བྱུང་རིམ།༽ ནང་པའི་གསང་སྔགས་ཀྱི་ཆོས་དང་། ལྷག་པར་མགོན་པོའི་རྒྱུད་འདི་ཚུ་ནང་ བདུད་རྩི་རཀྟ་ཟེར་བའི་སྐབས་ཀྱི་བདུད་རྩི་ཆང་གི་རིགས་གཅིག་ཐོན་ནི་འདུག ཨིན་རུང་གསེར་སྐྱེམས་ལོགས་སུ་ཕུལ་བའི་ལུགས་སྲོལ་འདི་མཐོང་མ་མྱོང་། བོན་ནང་འབད་བ་ཅིན། ནང་ཆོས་མ་དར་བའི་གོང་ལས་རང་གསེར་སྐྱེམས་ཕུལ་སྲོལ་ཡོདཔ་ཨིནམ་འདི་བོན་གྱི་མདོས་ཆོག་བརྒྱ་བཞིའི་གཞུང་གི་ཚིག་གི་ཉམས་དང་དོན་གཉིས་ལས་བརྟེན་ཏེ་ཤེས་ཚུགས་པས། [4] ཨིན་རུང་ཤུལ་ལས་ནང་ཆོས་བོད་ལུ་དར་ཞིནམ་ལས་ཚུར། གསེར་སྐྱེམས་འདི་འཕྲིན་བཅོལ་འབད་བའི་སྐབས་ཀྱི་ཐབས་ལམ་བཟང་ཤོས་གཅིག་སྦེ་མཐོང་སྟེ་ ནང་པ་ཚུ་ལུ་ཡང་གསེར་སྐྱེམས་ཀྱི་ལུགས་སྲོལ་འདི་བྱུང་བྱུངམ་ཨིན་མས།
༼ཕུལ་སའི་ཡུལ་དང་ཕན་ཡོན།༽ ཕུལ་སའི་ཡུལ་འདི་བསངས་དང་འདྲ། ཨིན་རུང་དམིགས་བསལ་སྡེ་བརྒྱད་གསེར་སྐྱེམས་དང་། གཡུས་ཕྱོགས་སོ་སོའི་གནས་བདག་ཚུ་ལུ་ཕུལ་ནི་ཨིན་པ་ཅིན། ཕུལ་སའི་ཡུལ་ཡང་སོ་སོར་འགྱོཝ་ཨིན་མས།
༼སྣོད།༽ གསེར་སྐྱེམས་ཀྱི་ཧོད་འདི་གསེར་དངུལ་ཟངས་ལྕགས་ལས་བཟོ་མི་ཚུ་ནང་ཕུལ་དོ་ཡོདཔ་ཨིན་རུང་། ཆང་གི་རིགས་འདི་ ཧོད་འདི་ཚུ་ནང་བླུགས་པ་ཅིན་གཡའ་བབ་དོ་ཡོདཔ་ལས་ ལེགས་ས་ལས་ཉེས་ས་འགྱོ་ནི་གི་ཉེན་ཁ་ཡང་འདུག དེ་འབདཝ་ལས་ ཤེལ་དང་དཀར་ཡོལ་འདི་ཚུ་ནང་ཕུལ་ཚུགས་པ་ཅིན་ལེགས་ཤོམ་འོང་ནི་མས།
༼སྟེགས།༽ གསེར་སྐྱེམས་ཕུལ་བའི་སྐབས་ལུ་ ཕུལ་སའི་ཡུལ་ལུ་གུས་ཞབས་དང་། རང་གི་ཁ་རླངས་མི་ཕོག་པ་ལསོགས་པའི་དོན་ལུ་ མཆོད་གཤམས་དང་། ཡང་ན་སྤྱན་སྟེགས་ལ་སོགས་པ་མཐོ་ས་ཅིག་ཁར་བཞག་ཞིནམ་ལས་ཕུལ་ནི་མ་གཏོགས། ས་ཁར་དང་དམའ་སར་བཞག་སྟེ་ཕུལ་སྲོལ་མེད།
ཕུལ་ནི་གི་རྫས།༽ སྤྱིར་བཏང་གི་གསེར་སྐྱེམས་འདི་སྦྱར་བའི་ཆང་དང་བཅོས་པའི་ཆང་། ཇ་ཐང་ལ་སོགས་པ་བཏུབ་ནི་དང་། ཞི་བའི་ལྷ་ཚོགས་ལུ་ཕུལ་ནི་ཨིན་པ་ཅིན། ཨོམ་དང་མངར་ཆུ་དང་དེ་ཚུ་ཕུལ་དགོཔ་ཨིན། དེ་ནང་བླུགས་ནི་གི་རྫས་འདི་ ཆུམ་ལ་སོགས་པའི་འབྲུ་རིགས་དང་། འབྲས་བརྔོས་འཛརཝ། སིབ། ཁ་ཟས་བིསི་ཀིཊ་ལ་སོགས་པ་ཕུལཝ་ཨིན་རུང་། འབྲུ་རིགས་ལྗེན་པ་ཕུལ་ནི་འདི་ཚུ་འོས་འབབ་ལྡན་ཏོག་ཏོ་ཅིག་མི་མཐོང་པས།
༼དུས་ཚོད།༽ གསེར་སྐྱེམས་འདི་ཕྱི་རུ་དང་། གསོལ་ཁ་ཕུལ་བའི་སྐབས་ལུ་ཕུལཝ་ཨིན། ཨིན་རུང་ལཱ་ཁག་ཆེ་ཏོག་ཏོ་འབད་ནི། ས་ཐག་རིང་སར་འགྱོ་ནི། རྟེན་འབྲེལ་རྩིས་ནི་ལ་སོགས་པའི་ལེགས་པའི་བྱ་བ་འགོ་བཙུགས་པའི་སྐབས་ལུ་ཕུལཝ་ཨིན།
༼ཕུལ་ཐངས།༽ ཕུལ་ཐངས་བསངས་ཀྱི་སྐབས་ལུ་བཟུམ་སྦེ་ རང་ཡིད་དམ་གྱི་ལྷ་ལུ་བསྒོམས་ཏེ་ཕུལ་དགོཔ་ཨིན། དེ་ལས་དམིགས་པ་མནོ་བསམ་གཏང་ཐངས་ཀྱི་སྐབས་ལུ་ གདོང་ཁར་ཡོད་མི་གསེར་སྐྱེམས་ཕོརཔ་གང་དེ་ཅིག་ཡོད་མི་འདི་རང་ཕུལ་ནི་མེན། འདི་དམིགས་པ་བསྐྱེད་སའི་རྟེན་ཙམ་ཅིག་ཨིན། ཧོད་ཕུད་ལྕོགས་འདི་སྣོད་ཀྱི་འཇིག་རྟེན་དང་འདྲ་བའི་སྦོམ་སྦེ་མནོ་བསམ་གཏང་ནི་དང་། ནང་གི་ཆང་འདི་ཡང་བདུད་རྩིའི་རྒྱ་མཚོ་བཟུམ་སྦེ་མནོ་བསམ་གཏང་ཞིནམ་ལས་ཕུལ་དགོཔ་ཨིན། འདི་ཡང་བསངས་དང་གསེར་སྐྱེམས་ག་ཅི་གི་སྐབས་ལུ་འབད་རུང་། ཨོཾ་ཨཱ་ཧཱུྃཿ ཟེར་བྱིན་རླབས་འབད་བའི་སྐབས་ལུ། ཨོཾ་གྱིས་མ་དག་པའི་དྲི་མ་སྦྱངས། ཨཱཿ གིས་ལེ་ཤ་སྦེ་སྤེལ། ཧཱུྃ་གིས་ནུས་པ་སྒྱུར་ཏེ་ཁ་དོག་དང་དྲི་རོ་ནུས་པ་ཕུན་སུམ་ཚོགསཔ་སྦེ་བཟོ་ཞིནམ་ལས་ཕུལ་དགོཔ་ཨིན།

གཏོར་མའི་སྐོར།
༼གོ་དོན།༽ གཏོར་མའི་དོན་འདི་ ཆགས་སེམས་གཏོར་བ་དང་། སྡང་བ་མེད་པར་བུ་ལྟར་བརྩེ་བ་བསྐྱེད་པའི་མ་ཨིནམ་ལས་གཏོར་མ་དང་།[5] ཡང་ན་ འཛིན་རྟོག་གི་མཚན་མ་གཏོར་བ་དང་རིག་པ་ཡེ་ཤེས་བསྐྱེད་པའི་མ་ཨིནམ་ལས་གཏོར་མ་ཟེར་ཡང་བཤད་ནི་འདུག[6] ཨིན་རུང་གཅི་ཟེར་བའི་བྱ་ཚིག་ལས་གཅིན་པ་ཟེར་བའི་མིང་ཚིག་གྲུབ་པ་དང་། ཟ་ཟེར་བའི་བྱ་ཚིག་ལས་ཟ་མ་ཟེར་བའི་མིང་ཚིག་གྲུབ་དོ་བཟུམ་སྦེ།  ཟ་འཐུང་གི་རིགས་ཚུ་རང་གི་འདོད་པའི་ལྷ་དང་བགེགས་དང་འབྱུང་པོ་ལུ་གཏོར་ཞིནམ་ལས་ཕུལ་ནི་འདི་གིས་གཏོར་མ་ཟེར་ཆགས་ཆགསཔ་བཟུམ་ཅིག་འདུག དེ་འབདཝ་ལས་གཏོར་མའི་དོན་འདི་ཡང་ དཀར་པོའི་ལྷ་དང་ནག་པོའི་འདྲེ་རིགས་ཚུ་ལུ་ཕུལ་ནི་གི་ཟས་ཀྱི་རིགས་གཅིག་ལུ་གཏོར་མ་ཟེར་སླབ་ཨིན།
༼བྱུང་རིམ།༽ ནང་པ་སངས་རྒྱས་པའི་མདོ་དང་སྔགས་ཀྱི་གཞུང་ལས་གཏོར་མའི་སྐོར་ལས་ཐོན་ནི་འདུག  དེ་ཡང་མདོ་ལས། པདྨ་ལྟ་བུའི་ཟན་གྱི་གཏོར་མ་བཞི་བཞག་པར་བྱའོ། །འབྲས་ཆན་དང་འོ་ཐུག་བསྲེས་པ་དང་། ཞོ་དང་འོ་མ་བཞག་པར་བྱའོ།། ཞེས་དང་། ཡང་། སངས་རྒྱས་བཅོམ་ལྡན་འདས་དང་དྲང་སྲོང་ཆེན་པོ་རི་བྱི་དང་རྡོ་རྗེ་འཛིན་པ་བྲིས་ལ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། གནས་མཐོན་པོར་གཟུགས་སོ།། གཏོར་མ་དང་མེ་ཏོག་དང་བདུག་པ་དག་ཀྱང་དབུལ་ལོ།།[7] ཟེར་གསུངས་ཏེ་འདུག ཨིན་རུང་མདོ་དེ་ཚུ་གསོ་རིག་རྒྱུད་བཞི་བཟུམ་སྦེ་ སངས་རྒྱས་ཀྱི་གསུང་སྦེ་བཟོ་བཟོཝ་མ་གཏོགས་ སངས་རྒྱས་ཁོ་རང་གི་གསུང་ཨིན་ཨིན་མ་འདྲ། བསྟན་འགྱུར་སྣ་ཚོགས་ལེའུ། པོད་པ་པའི་ནང་། སློབ་དཔོན་བློ་བཟང་སེང་གེས་མཛད་པའི་། གཏོར་མའི་ཕྲེང་བ་ཟེར་བའི་གཏོར་གཞུང་གཅིག་ཡང་བཞུགས་ཡོདཔ་ལས། ནང་པའི་སྔགས་ཀྱི་ཆོ་གའི་ནང་ལུ་གཏོར་མའི་སྐོར་ཡོདཔ་ཐག་ཆོད་ཨིན་མས། ཨིན་རུང་རྒྱ་གར་གྱི་གཡུས་ཁ་ལུ་ ཟས་དང་ཤིང་འབྲས་ལ་སོགས་པའི་ཚོགས་རྫས་ག་ཡོད་མི་འདི་སྤུངས་ཏེ་ཕུལ་མི་འདི་ལུ་གཏོརམ་ཟེར་བཞག་ན་མ་གཏོགས། དཀར་རྒྱན་ཅན་གྱི་དཀར་ཕྱེ་ལས་གྲུབ་པའི་གཏོརམ་འདི་མེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཡང་། མེ་ཏོག་དང་། ཏམྦུ་ར་དང་། འབྲས་སྐམ་པོ་རྣམས་མཆོད་རྫས་གཙོ་བོ་ཡིན། གཏོར་མ་ནི་འབྲས་དང་ཁུར་བ་སོགས་མིའི་ཟ་ལུགས་དེ་ལྟར་བྱས་ཏེ་ཕུལ་བ་ལས། རང་རེ་བཞིན་རྩེ་མོ་རིང་པོ་སོགས་དབྱིབས་སྣ་ཚོགས་པར་བྱེད་པ་མེད། དེ་འདྲ་བྱེད་པ་སྔོན་གྱི་ཆོ་ག་སོགས་ན་ཡང་མེད་ཟེར་བས་བོད་རང་གི་སྲོལ་ཡིན་པར་སེམས། བླ་མ་སོགས་བཟློག་པས་རྒྱ་བྲིས་ཀྱི་ཐང་ཀ་ལ་གཏོར་མ་འདུག་བྱ་མཆོད་རྫས་གཞན་ཞིག་ལ་ནོར་བའམ། ཐང་ཀ་དེ་བལ་པོ་ཞིག་གིས་བོད་དུ་བྲིས་པ་ཡིན་མཆི། བོད་ཀྱི་ཕ་མེས་རྣམས་གངས་རི་ལ་བརྩི་བས་ཞྭ་མོ་དང་། གཏོར་མ། ལྷ་རྟེན་སོགས་ཀྱི་རྩེ་མོ་རྣོ་རྩེ་རེ་ཡོད་པ་ཞིག་ལ་དགའ་བ་ཡིན། ཡང་དག་པར་ན་འདི་དག་གཡུང་དྲུང་བོན་གྱི་ཕྱག་ལེན་དུ་སེམས།[8] ཟེར་གསུངས་ནུག བོད་ཀྱི་གདོས་མའི་མི་རིགས་ཚུ་གིས་ཡང་ ཟས་ཀྱི་མཆོད་པ་དང་ཤ་ཁྲག་གི་མཆོད་པ་བཀྲ་ཞིནམ་ལས་ ལྷ་འདྲེ་ལུ་གཏོར་བའི་གཏོར་མའི་ཆོ་ག་ལག་ལེན་འཐབ་དོ་ཡོདཔ་དང་། ལྷག་པར་དུ་གཡུང་དྲུང་བོན་གྱི་དུས་ལུ་ཤ་ཁྲག་གི་མཆོད་པ་འདི་བཅད་ཞིནམ་ལས་ འབྲུ་དཀར་གྱི་གཏོར་མ་ཕུལ་བའི་སྲོལ་དེ་བཙུགས་བཙུགསཔ་ཨིནམ་སྦེ་ཐོན་ནི་འདུག  དེ་ཡང་བོན་གྱི་སྣང་སྲིད་སྤྱི་མདོས་ལས།  །བདུད་བོན་གྱི་དམར་ཐབས་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆམ་ལ་ཕབ། །འབྲུ་དཀར་ཀྱི་གཏོར་མས་མཆོད།། ཟེར་འདུག  ག་དེ་སྦེ་ཨིན་རུང་ གཏོར་མའི་མཆོད་སྦྱིན་འདི་གདོས་མའི་ལུགས་སྲོལ་དང་། བན་བོན་གསུམ་ཆ་ར་སླ་བསྲེས་འབད་ཞིནམ་ལས་བྱུང་བའི་ལམ་སྲོལ་གཅིག་ཨིན་མས།
༼གཏོར་མའི་དབྱེ་བ།༽  བླ་མའི་གཏོརམ། དེ་བཟུམ་སྦེ་ཡིད་དམ། མཁའ་འགྲོ། ཆོས་སྲུང་གི་གཏོརམ་དང་། སྤྱི་གཏོར་ཟེར་བའི་དབྱེ་བ་ལྔ་དང་། ཞི་བའི་གཏོར་མ་ཟླུམ་བུ། རྒྱས་པའིི་གཏོར་མ་ཟླ་གམ། དབང་གི་གཏོར་མ་གྲུ་བཞི། དྲག་པོའི་གཏོར་མ་གྲུ་གསུམ་གྱི་དབྱེ་བ་བཞི་དང་། གཞན་ཡང་བསྐང་གཏོར། བརྟེན་གཏོར། རྒྱུན་གཏོར། ལོ་གཏོར། འཕྲལ་གཏོར། འཕངས་གཏོར། ཐུན་གཏོར། བགེགས་གཏོར། ཆུ་གཏོར། ཀླུ་གཏོར། གཏའ་གཏོར། རྟགས་གཏོར་ལ་སོགས་པ་དབྱེ་བ་ལེ་ཤ་ཕྱེ་ནི་འདུག  གཞན་ཡང་འབྱུང་པོ་ཡི་དྭགས་དང་། ཐ་ན་གཤིན་འདྲེ་ཡན་ཆད་ལུ་གདོན་མཆོད་འབད་བའི་སྐབས་ཀྱི་ལྟོ་དང་དཀར་ཕྱེ་ལས་བཟོ་བའི་རིགས་དེ་ཚུ་ཡང་གཏོར་མའི་གྲངས་སུ་ཚུད་ནི་དང་། མཆོད་པ་དང་ཚོགས་ཚུ་ཡང་མདོར་བསྡུ་བ་ཅིན་གཏོར་མའི་གྲངས་སུ་ཚུད་ནི་ཨིན་མས།
༼གཏོར་མའི་རྒྱུ་དང་གཏོར་རྫས།༽ གདོས་མའི་མི་རིགས་ཚུ་གིས་འབད་བ་ཅིན་ཤ་ཁྲག་གི་གཏོར་མ་ཕུལ་དོ་ཡོདཔ་ཨིན་རུང་། ཤུལ་ལས་འགྱུར་བ་བྱུང་ཞིནམ་ལས་ཚུར། ཕྱི་ནང་གསང་གསུམ་གྱི་དཀར་གསུམ་མངར་གསུམ་[9]ཚུ་ཨིན་མས།  ཕྱི་གཏོར་གྱི་གཏོར་རྒྱུ་ངོ་མ་འདི་ དཀར་དང་ནས་ཀྱི་ཕྱེ་ལས་བཟོ་དོ་ཡོདཔ་ཨིན་མས། ཨིན་རུང་འབྲུག་ཡུལ་འདི་ནང་ འབྲས་དཀར་ལྟོ་གིས་ཡང་བཟོ་དོ་ཡོདཔ་དང་། རྒྱུན་གཏོར་ལ་སོགས་པ་ཡུན་རིངམ་བཞག་ནི་ཨིན་པ་ཅིན། གྲོ་ཕྱེ་མའི་ད་ནང་མར་ཀྲིན་བླུགས་ཞིནམ་ལས་བཟོ་དོ་ཡོདཔ་ཨིན།
༼ཕུལ་སའི་ཡུལ།༽ ཆུ་གཏོར་ལ་སོགས་པ་གཏོརམ་དག་པ་ཅིག་གི་སྐབས་ལུ་ ཡུལ་མགྲོན་བཞི་ག་ར་ལུ་ཕུལ་སྲོལ་ཡོདཔ་ཨིན་རུང་། སྤྱིར་བཏང་འབད་བ་ཅིན། དགོས་པ་གཙོ་བོ་ཅན་གྱི་ཡུལ་འདི་ལུ་ཕུལ་ཞིནམ་ལས་ མཇུག་ལུ་ལྷག་གཏོར་ཟེར་འབྱུང་པོ་ཚུ་ལུ་བྱིན་ནི་ཡོདཔ་མ་གཏོགས། ཡོད་རེ་ཡོད་ཚད་ལུ་ཕུལ་བའི་གཞུང་ཚིག་མིན་འདུག
༼སྣོད།༽ གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་ལས། ཕྱི་གཏོར་སྣོད་ནི་རིན་ཆེན་རྣམ་པ་ལྔ། ནང་གི་གཏོར་སྣོད་མཚན་ལྡན་ཀ་པཱ་ལ། གསང་བའི་གཏོར་སྣོད་རུས་སྦལ་ཁོག་པ་སྟེ། དོན་གྱི་གཏོར་མའི་སྣོད་ནི་ནམ་མཁའ་ཡངས། །རྟགས་ཀྱི་གཏོར་སྣོད་ཕྱི་སྣོད་འཇིག་རྟེན་ནོ༎ མཚན་མའི་གཏོར་སྣོད་གང་སྦྱོར་སྣོད་ལ་བྱ༎ ཞེས་གསུངས་པ་ལྟར་གཏོར་སྣོད་ནམ་མཁའ་ཡངས་པའི་ངོས་ལུ་ སྣོད་བཅུད་གཉིས་ཀ་གཏོར་མར་དམིགས་ཏེ་ཕུལ་ནི་དང་། གཏོར་སྣོད་སྣོད་ཀྱི་འཇིག་རྟེན་ནང་ལུ་ བཅུད་ཀྱི་སེམས་ཅན་གཏོར་མའི་ཚུལ་ལུ་ དམིགས་པ་རྒྱ་ཆེ་བའི་སྒོ་ལས་ཕུལ་དོ་ཡོདཔ་ཨིན་རུང་། དམིགས་རྟེན་ཕྱིའི་གཏོར་མའི་སྣོད་འདི་ གསེར་དངུལ་གཡུ་བྱུ་རུ་མུ་ཏིག་གི་རིན་ཆེན་རྣམ་ལྔ་ལས་གྲུབ་པ་དང་། དེ་ཚུ་མེད་པ་ཅིན་གཙང་ཞིང་ཡིད་དུ་འོང་བའི་གཏོར་སྣོད་ག་འབད་རུང་གཅིག་གིས་བཏུབ་ནི་ཨིན་མས།
༼སྟེགས།༽སྲིད་ཞུའི་མགྲོན་དང་ཡོན་ཏན་མགྲོན་གྱི་གཏོརམ་ཚུ་ མཆོད་ཁྲིའི་ཐོག་ལུ་གཏོར་ཁྲི་ལོགས་སུ་བཀལ་ཏེ་བཞག་དགོཔ་དང་། སྙིང་རྗེའི་མགྲོན་དང་བུ་ལོན་གྱི་མགྲོན་ཚུ་ལུ་བྱིན་ནི་གི་བགེགས་གཏོར་ ལྷག་གཏོར་ལ་སོགས་པ་ཨིན་རུང་ སྤྱན་སྟེགས་ལ་སོགས་པའི་གདན་གཅིག་ལུ་བཞག་ནི་མ་གཏོགས་ ས་ཁར་ཐད་ཀར་བཞག་ནི་མེད།
༼ཕུལ་ཐངས།༽ རང་ཡིད་དམ་གྱི་ལྷ་ལུ་བསྒོམས་ཏེ་གཏོར་བྱིན་རླབས་ཚར་བའི་ཤུལ་ལུ་ སྤྱིར་བཏང་ཟས་ལུ་དམིགས་ཏེ་ཕུལཝ་ཨིན་རུང་། དམར་གཏོར་ལ་སོགས་པ་ཨིན་པ་ཅིན་ ཡིད་དམ་དྲག་པོའི་ངོ་བོ་ལུ་བསྒོམས་ཏེ་དགྲ་སྡེའི་ཕྱོགས་གཏང་ནི་དང་། སྲིད་ཞུའི་མགྲོན་གྱི་གཏོརམ་འདི་ཚུ་ ལྷའི་ངོ་བོ་ལུ་བསྒོམས་ཏེ་ཕུལ་ནི་ཡང་ཡོདཔ་ཨིན།
༼དགོས་པ་དང་ཕན་ཡོན།༽ ཚེ་བསྲིང་ནི།  བར་ཆད་སེལ་ནི། ལོངས་སྤྱོད་འཕེལ་ནི། གཟི་བརྗིད་དང་མཐུ་སྟོབས་འཕེལ་ནི། མིི་མ་ཡིན་དབང་ལུ་བསྡུ་ནི། གནས་སྐབས་ཅི་བསམ་འགྲུབ་པ། མཐར་ཐུག་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་ནི་ལ་སོགས་པའི་ཕན་པ་ལེ་ཤ་བཤད་དེ་འདུག[10]

སྲོག་ལུས་དབང་ཀླུང་ཉམས་གསོ་འབད་ཐངས།
༼གོ་དོན།༽ སྲོག་ལུས་དབང་ཀླུང་ཟེར་མི་འདི་ རང་གི་ལུས་སྲོག་དང་འབྲེལ་བ་ཡོད་པའི་དོན་ཚན་ཅིག་ཨིནམ་ལས་ དེ་ཚུ་གི་གོ་དོན་རེ་རེ་བཞིན་དུ་སྦེ་ཞུ་གེ།  ༡༽སྲོག་དང་ཚེ་ཟེར་མི་འདི་དོན་དག་གཅིག་ཨིན། འདི་ཡང་མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པས་སོ།། ཟེར་གསུང་དོ་བཟུམ་སྦེ་ རྣམ་ཤེས་ཀྱི་བརྟེན་སའི་གཞི་ལུ་གྱུར་པའི་ནང་གི་རླུང་ཁམས་ཕྲ་མོ་གཅིག་ཨིན་མས། ༢༽ལུས་ཟེར་མི་འདི་སྐྱེ་བ་ཧེ་མའི་བསོད་ནམས་ལས་གྲུབ་པའི་ད་ལྟོ་ཡོད་པའི་ལུས་ཀྱི་ཕུང་པོ་འདི་ལུ་གོ་ནི་དང་། ༣༽༤༽དབང་ཐང་དང་ཀླུང་རྟ་གཉིསཔ་འདི་ ཚེ་འདིའི་བདེ་སྐྱིད་དང་དཔལ་འབྱོར་དང་འབྲེལ་བའི་རང་གི་བསོད་ནམས་འདི་ཨིན། ཨིན་རུང་ཀླུང་རྟ་ཟེར་བའི་སྐབས་ལུ་ བྱ་བ་ལམ་འགྲོ་བཟུམ་ཅིག་ལུ་གོ་དོ་ཡོདཔ་ལས། མི་ཚེ་འདི་དང་དུས་ཚོད་འདི་ལུ་བསགས་པའི་བསོད་ནམས་དང་། དབང་ཐང་ཟེར་མི་འདི་ ད་ལྟོ་གྲུབ་འབྲས་སྨིན་བཞིན་ཡོད་པའི་སྐྱེ་བ་སྔ་མ་ལས་བསགས་པའི་བསོད་ནམས་འདི་ལུ་གོ་ནི་བཟུམ་ཅིག་འདུག  ༥༽བླ་ཟེར་མི་འདི། རྩིས་གཞུང་ལས། བླ་ནི་སྲོག་གི་མ་རུ་གྲགས།། ཟེར་འཐོན་ནི་འདུག ཨིན་རུང་སྲོག་གི་མ་ཟེརཝ་ད་ག་སྟེ་ལུ་གོ་ནི་ཨིན་ན་གི་སྐོར་ལས་མིན་འདུག ག་ལས་སྒོར་རུང་བླ་ཟེར་མི་འདི་ མི་ངོམ་རང་གི་སྟོབས་དང་ནུས་ཤུགས་ཀྱི་རྩ་བ་གཅིག་ཨིན། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཚེས་གཅིག་ལས་བཅོ་ལྔ་དང་། བཅོ་ལྔ་ལས་གནམ་གང་ཚུན་ཚོད་ཀྱི་བར་ན། ལུས་ཀྱི་བླ་གནས་འདི་རྐང་མཐིལ་ལས་སྤྱི་གཙུག་གི་བར་ན་དང་། སྤྱི་གཙུག་ལས་རྐང་མཐིལ་གྱི་བར་སྤོ་སྟེ་འགྱོ་བའི་སྐོར་ལས་གསུངས་ནི་འདུག འདི་ལས་གོ་བ་ལེན་ཏེ་བལྟ་བ་ཅིན།  ལུས་ཟུངས་ཀྱི་དྭངས་མ་ཐིག་ལེ་ལུ་གོ་ནི་བཟུམ་ཅིག་འདུག སྡུག་བསྔལ་དང་། གདོན་འདྲེ། གླུ་བུར་གྱི་དཀའ་ངལ་སྦོམ་སྦེ་བྱུང་པའི་སྐབས་ལུ་མི་གི་བླ་གཏོར་ཏེ་ དྲན་པ་མ་གསལཝ་འགྱོཝ་ཨིན། དེ་ལས་གདོས་མའི་མི་རིགས་ཚུ་གི་བསམ་ཚུལ་ལྟར་དུ་འབད་བ་ཅིན། བླ་འདི་རང་གི་གཟུགས་ལུ་ཡོདཔ་མ་ཚད་ ཕྱི་ཁའི་ཅ་ལ་ཚུ་ལུ་ཡང་གནས་དོ་ཡོདཔ་སྦེ་མནོ་བསམ་གཏང་དོ་ཡོདཔ་ཨིན་མས། དཔེ་འབད་བ་ཅིན། བླ་མཚོ། བླ་གཡུ། བླ་ཤིང་ལ་སོགས་པའི་བླ་རྟེན་བཞག་ཞིནམ་ལས། གལ་སྲིད་བླ་རྟེན་འདི་ལུ་རྐྱེན་ངན་བྱུང་པ་ཅིན། དེ་དང་འབྲེལ་བའི་གང་ཟག་འདི་ལུ་ཡང་གནོད་པ་བྱུང་འོང་ཟེར་ཨིན་མས།

༼བྱུང་རིམ།༽ ནང་ཆོས་ཀྱི་མངོན་པའི་གཞུང་ལས་སྲོག་ལུས་གཉིས་ཀྱི་སྐོར་ལས་ལེ་ཤ་ཐོན་ནི་ཡོདཔ་ཨིན་རུང་། དབང་ཀླུང་གཉིས་ཀྱི་སྐོར་ལས་ཐོན་ནི་མིན་འདུག རྒྱ་ནག་གི་འབྱུང་རྩིས་ནང་ལས་འབད་བ་ཅིན། ཨ་ལོའི་སྐྱེས་རྩིས། བག་རྩིས། གཤིན་རྩིས། ཀེག་རྩིས་ལ་སོགས་པ་ག་ཅི་གི་སྐབས་ལུ་ཨིན་རུང་། སྲོག་ལུས་དབང་ཀླུང་བླ་དང་བཅས་པའི་དོན་ཚན་ལྔཔ་འདི་གཙོ་བོར་བཞག་སྟེ་རྩིས་དགོཔ་ཨིནམ་ལས། འདི་གི་བྱུང་སའི་ཨ་མ་འདི་རྒྱ་ནག་འབྱུང་རྩིས་འདི་ཨིན་མས།
༼ཉམས་གསོ་འབད་ཐངས།༽
འདི་ཚུ་བྱུང་ས་ག་ལས་བྱུང་རུང་། རང་དང་འབྲེལ་བ་ཡོད་པའི་རྟེན་འབྲེལ་གྱི་ཆོས་ཉིད་གཅིག་ཨིནམ་ལས། རྒྱུ་རྐྱེན་མ་ཚང་མི་དང་། རྐྱེན་ངན་དང་འཕྱད་པའི་ཚེ་ཉམས་ནི་དང་། ཉམས་ཆག་བྱུང་པའི་སྐབས་ལུ་ཉམས་གསོ་འབད་ནི་གི་ཐབས་ལམ་ཡང་ལེ་ཤ་ཡོདཔ་ཨིན་མས། ཉམས་གསོ་རིམ་གྲོའི་སྐབས་ལུ་རྩིས་དང་བོན་གྱི་ལུགས་ལས་ བླ་བཀུག་དང་མདོས་གླུད། གདོན་མཆོད་བཀལ་ནི་ལ་སོགས་པ་ཨིན་རུང་། ནང་པའི་ལུགས་སྲོལ་དང་འབྲེལ་ཞིནམ་ལས་ཚུར་ཚེ་འགུག་དང་ཚེ་དབང་ཞུ་ནི། འབུམ་ལྷག་ནི་ལ་སོགས་པ་འདི་ཚུ་བྱུང་བྱུང་ཨིན་མས།
མོ་དང་རྩིས་ཀྱི་ཁ་ཐུག་ལས་རིམ་གྲོའི་རིགས་འབད་ཐངས་མ་འདྲཝ་གསུམ་དེ་ཅིག་ཡོད། དང་པ་འདི་ཨ་ལོའི་སྐྱེ་རྩིས་ནང་ལུ་ ལོ་ཚད་འ་ནེམ་ཅིག་ནང་རྐྱེན་ངན་འདི་བཟུམ་ཅིག་ཡོདཔ་ལས་ རིམ་གྲོ་འདི་བ་ཅིན་རྐྱེན་ངན་འདི་ལས་གྲོལ་ཚུགས་ཟེར་བའི་ལམ་སྟོན་ཡོདཔ་ལས་ སྐྱེས་རྩིས་ལྟར་དུ་འབདཝ་ཨིན། གཉིས་པ་འདི་ལོ་རྫོགས་ཁམ་ཅིག་ཁར་ནང་མི་གཙོ་བོ་འདི་གིས་ རྩིསཔ་སྡོད་སར་འགྱོ་ཞིནམ་ལས་ ལོ་ངོ་གསརཔ་འདི་ནང་རང་གི་ནང་མི་ཡོངས་ཀྱི་སྐོར་ལས་ལེགས་ཉེས་ག་དེ་སྦེ་འོང་ག་བལྟ་བའི་ལོ་མོ་ཟེར་སྐོར་ནི་དང་། དེ་དང་བསྟུན་པའི་རིམ་གྲོ་འབད་དོ་ཡོདཔ་ཨིན། རིམ་གྲོ་འདི་གཉིས་ཨིན་པ་ཅིན་རང་གི་དུས་ཁོམ་དང་། རྒྱུ་ཆ་དང་བསྟུན་ཏེ་རྒྱས་བསྡུས་ག་དེ་སྦེ་འབད་རུང་བཏུབ། དེ་ལས་གསུམ་པ་འདི་ རྐྱེན་ངན་ན་ཚ་བྱུང་པའི་སྐབས་ལུ་མོ་བཏབ་རྩིས་བཏབ་འབད་ཞིནམ་ལས་ དེ་དང་བསྟུན་དེ་འབད་མི་འདི་ཨིན་མས། འདི་གི་སྐབས་ལུ་ཕྲལ་གྱི་ན་ཚ་ཆུང་བའི་གྲལ་ཨིན་པ་ཨིན་པ་ཅིན་ རིམ་གྲོ་ཡང་གདོན་མཆོད་འབད་ནི། ཚེ་སྒྲུབ་བསགས་ནི། ཆོས་ལྷག་ནི་ལ་སོགས་པ་ཆུང་བའི་གྲལ་གཅིག་འབད་བ་གིས་མ་འཐུསཔ་མེད། ཨིན་རུང་རང་གི་སྲོག་ལུ་རྒོལ་བའི་ན་ཚ་ཨིན་པ་ཅིན། རིམ་གྲོ་ཡང་འཆི་གླུད་གཏང་ནི་ལ་སོགས་པའི་རིམ་གྲོ་སྦོམ་གྱི་གྲལ་དེ་ཚུ་འབད་དགོཔ་ཨིན།

བན་བོན་རྩིས་གསུམ་འདྲེས་པའི་ཉམས་གསོ་རིམ་གྲོའི་རིགས།

གནོད་པ།
རིམ་གྲོ་ཆུང་བའི་རིགས།
རིམ་གྲོ་ཆེ་བའི་རིགས།
སྲོག
ཤི་ནི་གི་ཉེན་ཁ་ཡོད།
གཞན་སྲོག་མི་གཅོད། སྲོག་བསླུ་འབད་ནི། ཚེ་ཆོག་གཏང་ནི། ཚེ་གཟུངས་ལྷག་ནི། བརྒྱ་བཞིའི་ཆོ་ག་གཏང་ནི།
འཆི་གླུད་གཏང་ནི།
ལུས།
ལུས་ལ་ནད་འཁོར། སེམས་སྡུག་ཆེ།
མཆོད་རྟེན་ཞིག་གསོ་དང་། ན་བཟའ་སྐུ་དཀར་ཕུལ། ལམ་བཅོས་ཁ་རྐྱབ་ནི། ཚཙྪ་གཏབ་ནི། ལུས་བསྐྱེད་གཏོ་ཆོག་གཏང་། མཆོད་སྦྱིན་ཕུལ།
ལུས་སྒྱུར་འབད་ནི།
དབང་།
རང་གི་གཟི་བརྗིད་དང་། ནང་གི་ཟས་ནོར་ཉམས།
ལམ་བཅོས་ཁ་རྐྱབ་ནི། ཆུ་གཏོར་གཏང་ནི། མཆོད་སྦྱིན་ཕུལ་ནི། དབང་ཐང་བསྐྱེད་པའི་ཆོ་ག་གཏང་ནི། ཚོགས་བསགས་དགེ་བའི་ལཱ་འབད་ནི།
སྐུ་གསུང་ཐུགས་རྟེན་ཉམས་གསོ་འབད་ནི།
ཀླུང་།
དགྲ་བྱུང་། ལས་དོན་མི་འགྲུབ། གཞན་གྱི་ཁ་རམ་འོང་།
མི་ཁ་དགྲ་ཟློག་ལྷག་ནི། ལམ་བཅོས་ཁ་རྐྱབ་ནི། ཀླུང་དར་འཕྱར་ནི།
དགྲ་སྲི་མནན་ནི། གཏོརམ་འཕངས་ནི།
བླ།
གཟུགས་དང་གདོང་གི་མདངས་ཉམས། སྟོབས་ཤུགས་ཟད། ཁྲམ་མ་གོད་ཁ་འོང་།
བླ་བཀུག་འབད་ནི། ཚེ་ཆོག་གཏང་ནི།
བླ་རྟེན་བཙུགས་ནི།

རིམ་གྲོ་ཁག་མ་འདྲཝ་ལེ་ཤ་འབད་སྲོལ་ཡོད་རུང་། ང་གིས་བལྟ་བ་ཅིན་རིམ་གྲོའི་རིགས་ལས་བན་བོན་འདྲེས་མའི་བརྒྱ་བཞི། བསངས་དང་གསེར་སྐྱེམས་གཏོར་མ། ནང་ཆོས་གཙང་མའི་སྒོ་ལས་འབད་བ་ཅིན་སྒྲོལ་ཆོག ཤེར་རྙིང་བདུད་བཟློག ཚེ་ཆོག་ལ་སོགས་པའི་རིགས་དེ་དྲག་ཤོས་ཨིནམ་མ་ཚད། དེ་ལས་ཀྱང་དྲག་ཤོས་འདི་ རང་ཡིད་དམ་གྱི་ལྷ་གཅིག་བསྒྲུབས་ཏེ་འབད་བ་ཅིན། ཚེ་འདི་ལུ་རྐྱེན་ངན་བར་ཆད་གང་ཡང་མེད་པར་བདེ་ཏོག་ཏོ་སྦེ་སྡོད་ཚུགསཔ་མ་ཚད། ཕྱི་མ་ཡང་ཐར་པ་གོ་འཕང་འཐོབ་ཚུགས་པའི་ཁེ་ཕན་སྦོམ་སྦེ་འདུག་ཟེར་ཞུ་ནི་ཨིན།
༼ཕན་ཡོན།༽ འདི་ཡང་། གཏོ་བཅོས་བྱིས་པའི་རྩེད་མོ་འདྲ། །ཕན་ཡོན་རི་ཡི་རྒྱལ་པོ་འདྲ།། ཟེར་སླབ་དོ་བཟུམ་སྦེ། བོན་དང་རྩིས་ལས་བྱུང་བའི་རིམ་གྲོ་འདི་ཚུ་མིག་ཏོ་གིས་བལྟཝ་ད་ ཨ་ལོ་གི་རྩེདམོ་བཟུམ་སྦེ་ཐོང་དོ་ཡོདཔ་ཨིན་རུང་། གླུད་དང་གདོན་མཆོད་ཀྱི་རིམ་གྲོ་འདི་ལས་བརྟེན་ཏེ་ གནོད་བྱེད་གདོན་བགེགས་འདི་ཚུ་འདོད་པ་ཚིམ་ཞིནམ་ལས་ སྦྱིན་བདག་བདག་ལུ་བར་ཆད་མེད་པར་ལུས་སེམས་བདེ་བའི་ངང་ལུ་སྡོད་ཚུགས་པའི་ཁེ་ཕན་སྦོམ་ཡོདཔ་ཨིནམ་དང་། དེ་གི་ཁ་ལུ་ཡིད་དམ་ལྷའི་བསྒོམས་བཟླས་ལུ་བརྟེན་པའི་རིམ་གྲོ་དེ་ཚུ་ཨིན་པ་ཅིན་ གནས་སྐབས་དང་མཐར་ཐུག་ཕན་བདེ་གཉིས་ཆ་རང་བསྒྲུབ་ཚུགས་པའི་ཁེ་ཕན་ཡོདཔ་ཨིན།



ཀླུང་རྟའི་བྱུང་རིམ་དང་བརྡ་མཚོན།
༼གོ་དོན།༽ སྲོག་ལུས་དབང་ཀླུང་མི་མཐུན་ཉེས་པའི་ཕྱོགས་ལུ་སོང་མི་འདི་ཚུ་ མཐུན་པ་ལེགས་པའི་ཕྱོགས་ལུ་ རྟ་མཆོག་བཟུམ་སྦེ་མགྱོགས་པར་ལྷོད་ཚུགས་པའི་བརྡ་མཚོན་གཅིག་ལུ་ཀླུང་རྟ་ཟེར་གོ་ནི་ཨིན།
ཀླུང་རྟའི་དག་ཆ་འབྲི་སྲོལ་མ་འདྲཝ་གཉིས་ཡོད་རུང་། དག་ཆ་ངོ་མ་འདི་ཀ་ཀླུང་འདི་ཨིན། ག་ཅི་སྦེ་ཟེར་བ་ཅིན། སྲོག་ལུས་དབང་ཀླུང་ཟེར་བའི་སྐབས་ལུ་དག་ཆ་ཀ་ཀླུང་འདི་འབྲི་དོ་ཡོདཔ་དང་། ཀླུང་རྟའི་འབྱུང་ཁུངས་ཡང་འདི་ཨིན་ནི་འདི་གིས་ཨིན། ཚིག་འདི་རྒྱ་ནག་ཁ་སྐད་ནང་ཡོད་པའི་ལུང་མཱ་ཟེར་མི་འདི་ལས་བྱུང་བྱུངམ་ཨིན་ཟེར། མཁས་དབང་ཝེ་དལ་དང་མཁར་རྨེ་བསམ་གཏན་གྱི་བཤད་ནུག རྒྱ་སྐད་འདི་ཚིག་འགྱུར་འབད་བའི་སྐབས་ལུ་ ལུང་ཟེར་མི་འདི་འབྲུག་དང་། མཱ་ཟེར་མི་འདི་རྟ་ཨིནམ་ལས་ འབྲུག་རྟ་ཟེར་གོ་དགོཔ་ཨིན་རུང་། འདི་གི་པར་རིས་འབྲི་བའི་སྐབས་ལུ་ ཆུ་ལས་ཐོན་པའི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའི་རྟ་གཅིག་གི་ སྒལ་པར་སྤར་ཁ་བརྒྱད་ཀྱི་རིས་མོ་དང་། མགོ་ལུ་འབྲུག་གི་ཟེརཝ་བཀལ་མི་གཅིག་འབྲི་དོ་ཡོདཔ་ལས་ དོན་ལུ་རྟ་རང་ཨིན་མས། དེ་འབདཝ་ལས་བོད་སྐད་ནང་བསྒྱུར་བའི་སྐབས་ལུ་ འབྲུག་རྟ་ཟེར་མེན་པར་ ལུང་ཀྱི་ཚིག་འདི་རང་འཇགས་བཞག་ཞིནམ་ལས་ མཱ་གི་དོན་འདི་རྟ་ལུ་སྒྱུར་ཏེ་ ལུང་རྟ་ཟེར་བཞག་ཡོདཔ་དང་། ཤུལ་ལས་ལུང་འདི་ཀླུང་ལུ་འགྱུར་འགྱུརཝ་བཟུམ་ཅིག་འདུག འདི་བཟུམ་གྱི་ཚིག་ལེ་ཤ་ཡོད། དཔེར་ན་ རྒྱ་སྐད་ནང་ སྤ་ཀོའེ་ ཟེར་མི་འདི་ བོད་སྐད་ན་སྤར་ཁ་ཟེར་བྲིས་ཏེ་ཡོད་དོ་བཟུམ་ཅིག་ཨིན།
རླུང་རྟ་ཟེར་འབྲི་མི་འདི་མི་ཕམ་རིན་པོ་ཆེ་གིས་གསུངས་ཡོདཔ་དང་། འདི་གི་དོན་ཡང་རླུང་ལྟར་མགྱོགས་པའི་རྟ་མཆོག་བཟུམ་སྦེ་ལེགས་པའི་ཕྱོགས་ལུ་འགྱོ་བའི་བརྡ་མཚོན་ཅིག་ཨིན་མས། དེ་ལས་ད་རེས་ནངས་པ་རླུང་ལུ་འཕྱར་བའི་དར་ལྕོགས་ཨིན་ནི་འདི་གིས་རླུང་དར་ཟེར་ཡང་སླབ་སྲོལ་འདུག ག་ལས་སྒོར་རུང་ ཁོ་རང་གི་མཚོན་དོན་འདི་མ་རྒྱང་པ་ཅིན་བཏུབ་ནི་ཨིན་མས།
བྱུང་རིམ། ཀླུང་རྟའི་འབྱུང་ཁུངས་གཅིག་འདི་གོང་ལུ་ཞུ་དོ་བཟུམ་སྦེ་རྒྱ་ནག་ལས་བྱུང་ཡོད་རུང་། རྩ་བ་ངོ་མ་འདི་ གདོས་མའི་མི་རིགས་ཀྱི་བླ་རྟེན་མཆོད་པའི་ལམ་སྲོལ་ལས་བྱུང་བྱུངམ་ཨིན་མས། འདི་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་ལུ། ཨ་ཕྱི་གདགས་ལྷ་དཀར་མོ་ལ། མཚན་ཅིར་གསོལ། དྲིས་པས། བླ་སྤང་དང་མ་དིང་མེས་ཚིག་གམ། བླ་མཚོ་སྔོན་མོ་མ་བསྐམས་སམ། བླ་བྲག་སྔོན་མོ་མ་ཉིལ་ལམ། ཟེར་གསུངས་དོ་བཟུམ་སྦེ་  གདོས་མའི་མི་འདི་ཚུ་གིས་ བླ་རྟེན་རེ་བཞག་དོ་ཡོདཔ་ཨིན་མས། དཔེ་འབད་བ་ཅིན། བླ་གཡུ། བླ་མཚོ། བླ་རྡོ། བླ་ཤིང་། བླ་རི། བླ་གཡག བླ་འབྲོང་ལ་སོགས་པ་ རང་རང་སོ་སོའི་བླ་རྟེན་བཞག་ནི་ཡོདཔ་དང་། དེ་ལས་རིམ་པ་བཞིན་དུ་རུས་ཆེན་ལྔ་པོ་རེ་རེ་གིས་ བླ་རྟེན་སྲོག་ཆགས་རེ་རེ་བཞག་སྲོལ་བྱུང་ནུག དེ་ཡང་། གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། སྐད་འགག་གྲེ་འདར་ཀེག་ཤིང་ཁམས། །སྒ་རིགས་ཡིན་ཏེ་ལུག་ལ་བླ། །སོ་བར་སྒྲ་འདོན་ཇི་མེ་ཁམས། །སྒོ་རིགས་ཡིན་ཏེ་ར་ལ་བླ། །ལྟེ་ཁུང་དབུགས་སྡུད་ཀུང་ས་ཁམས། །གདོང་རིགས་ཡིན་ཏེ་ཤ་བར་བླ། །ཁ་གདངས་ལྕེ་འབྱར་སྣ་ནས་དབུགས། །འབྱིན་པ་དེ་ནི་ཤང་ལྕགས་ཁམས། །དབྲ་རིགས་ཡིན་ཏེ་རྐྱང་ལ་བླ། །མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས། །འགྲུ་རིགས་ཡིན་ཏེ་གཡག་ལ་བླ། །དེ་རྣམས་རུས་ཆེན་སྡེ་ལྔ་ཡིན།།
ཟེར་གསུངས་མི་རུས་ཆེན་ལྔ་གི་བླ་རྟེན་འདི་ཚུ་རེའུ་མིག་ནང་བཀོད་དེ་ཡོད་མི་བཟུམ་སྦེ་ཨིན།
རུས་ཆེན་ལྔ།
སྒ
སྒོ།
ལྡོང་། གདོང་།
དབྲ། སྦྲ།
འབྲི། འགྲུ། འབྲུ།
བླ་རྟེན།
ལུག
ར།
ཤྭ་བ།
རྟ། རྐྱང་།
གཡག
དེ་ལས་རིམ་གྱིས་འགྱུར་བ་བྱུང་བའི་ནང་གསེས་ གནམ་ལ་གཟི་བརྗིད་ཆེ་བའི་ཁྱུང་དང་འབྲུག་གཉིས། ས་ལ་ནུས་སྟོབས་ཆེ་བའི་སྟག་དང་གཡག་རྟ་མཆོག་བཅས་ཀྱི་སྲོག་ཆགས་ལྔའི་རིས་མོ་དར་ལྕོགས་ཀྱི་སྟེང་ལུ་བཀོད་སྲོལ་ཡོད་མི་འདི་ རུས་ཆེན་ལྔའི་མཚོན་བྱེད་དང་། རང་གི་སྲུང་སྐྱོབ་འབད་མིའི་དགྲ་ལྷ་མཚོན་བྱེད་ཨིན་རུང་། སེང་གེའི་ལོ་རྒྱུས་ཀྱིས་བོད་ཁམས་གང་བའི་དུས་ལས་བཟུང་སྟེ་ གཡག་གི་ཚབ་ལུ་སེང་གེ་འཛུལ་འཛུལཝ་ཨིན་མས་ཟེར། སྙན་བཟང་པ་ཀུན་བཟང་རྒྱལ་དང་། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་བཤད་ནུག [11] གཡུ་རལ་རྒྱས་པའི་སེང་གེ་དཀརམོ་དེ་མེད། དེ་རྒྱ་མི་གི་རོ་ཁྱི་འདམ་སྲི་ཨིན་མས། བོད་ཀྱི་རྒྱལ་དར་ནང་སེང་གེ་མེན་པར་གཡག་བཙུག་པ་ཅིན་དྲག་ནི་མས། ཟེར་དགེ་འདུན་ཆོས་འཕེལ་གྱིས་གསུངས་མི་འདི་ཡང་བདེན་ཚིག་སྦོམ་འདུག
དེ་ལས་ནངས་ཆོས་དར་བའི་ཤུལ་ལས་ ཀླུང་རྟའི་རིས་མོ་གི་བར་ན་རང་གི་འདོད་གསོལ་ཕུལ་བའི་ཚིག་དང་། ཡིད་དམ་ལྷའི་གཟུངས་སྔགས། བཀྲ་ཤིས་པའི་རིས་མོ་སོགས་ཀྱིས་མཛེས་རྒྱན་བཙུགས་སྲོལ་ཡོདཔ་མ་ཚད། སྦུག་གི་རྟའི་ཚབ་ལུ་ གེ་སར་སེང་ཆེན་རྒྱལཔོ་དང་། ཟུར་བཞི་ལུ་སྟག་སེང་ཁྱུང་འབྲུག ཕྱོགས་བཞི་ལུ་དར་ལྕོགས་བཞི་བཙུགས་ཏེ་འབྲི་སྲོལ་ཡང་ཡོདཔ་ཨིན་མས།
༼བརྡ་མཚོན།༽ བརྡ་མཚོན་གྱི་སྐབས་ལུ་ སྟག་འདི་རིས་མོ་མཛེས་ཤིང་ཡིད་དུ་འོང་བ་ཡོད་དོ་བཟུམ་སྦེ་སྐྱེས་བུའི་ལུས་མཛེས་པ་དང་། སྟག་ནགས་ཚལ་ན་གནས་ནི་འདི་གིས་འབྱུང་བ་ཤིང་ཁམས་མཚོན་ནི་ཨིན། ལ་སོགས་པའི་འགྲེལ་བཤད་ཡོདཔ་ཨིན་རུང་། འབྱུང་བའི་ལོ་རྒྱུས་འདི་ ནང་ཆོས་ལྟར་དུ་འབད་བ་ཅིན། ས་ཆུ་མེ་རླུང་གི་འབྱུང་བ་བཞི་ཨིནམ་ལས། ཤིང་གི་འབྱུང་བ་བཙུགས་དགོཔ་མེད། འབྱུང་རྩིས་ལྟར་དུ་འབད་བ་ཅིན། མཚོན་བྱེད་འདི་ནང་ལྕགས་ཀྱི་འབྱུང་བ་མ་ཚང་པའི་སྐྱོན་འདུག འདི་ཚུ་ག་ར། དག་སྣང་ལྦ་བ་དཀར་དཀར། །སྤྲོས་སྤྲོས་མཐོང་རུང་སེམས་དགའ།། ཟེར་བའི་གྲངས་ལས་ཨིན་པས།
ངེད་ཀྱི་བསམ་ཚུལ་ལྟར་དུ་འབད་བ་ཅིན། དབུས་ཀྱི་རྟ་མཆོག་འདི་སྐྱེས་བུ་རང་དང་། རང་གི་སྲོག་ལུས་དབང་ཀླུང་བླ་དང་བཅས་པའི་མཚོན་བྱེད་ཨིནམདང་། རྟ་མཆོག་འདི་གིས་ སྐད་ཅིག་ཡུདཔ་ཐེངས་གཅིག་ལུ་ རང་གི་འདོད་པའི་གནས་ལུ་ ལྷོད་ཚུགས་དོ་བཟུམ་སྦེ་ རང་གི་སྲོག་ལུས་དབང་ཀླུང་གོང་དུ་འཕེལ་ཏེ་ འདོད་དོན་ལྷུན་གྱིས་གྲུབ་པའི་བརྡ་མཚོན་དང་། གནམ་ལ་གཟི་བརྗིད་ངོམ་པའི་ཁྱུང་དང་འབྲུག ས་ལ་དཔའ་རྩལ་ངོམ་པའི་སྟག་དང་སེང་གེ་སྦེ་ ཕྱོགས་བཞིའི་དགྲ་ལྷ་ཚུ་གིས་ རང་གི་བྱ་བ་ལམ་འགྲོ་གོང་དུ་འཕེལ་བའི་ཕྲིན་ལས་མཛོད་ཅིག་ཟེར་བའི་བརྡ་མཚོན་ཨིན་མས།
༼ཀླུང་རྟའི་དར་གྱི་ཁ་མདོག༽ ཀླུང་རྟ་རྐྱངམ་ཅིག་ཉམས་གསོ་འབད་ནི་མེན་པར། སྲོག་ལུས་དབང་ཀླུང་བླ་དང་བཅས་པ་ཉམས་གསོ་འབད་དགོ་ནི་འདི་གིས། འབྱུང་བ་ག་ལུ་ཉམས་ཆགས་ཡོད་མི་འདི་གི་མདོག་དང་མཐུན་པའི་དར་འཕྱར་བ་ཅིན་བཏུབ་ནི་ཨིན་མས།
འབྱུང་བ།
ཤིང་།
མེ།
ས།
ལྕགས།
ཆུ།
ཁ་མདོག
ལྗང་ཁུ།
དམརཔོ།
སེརཔོ།
དཀརཔོ།
ཧོནམ།


གསུར་མཆོད་ཀྱི་སྐོར།
༼གོ་དོན།༽ གསུར་ཟེར་མི་འདི་ ལྷ་ཀླུ་གཉན་གསུམ་དང་། འབྱུང་པོ་ཡི་དྭགས། དྲི་ཟ་དང་བར་སྲིད་ཚུ་ལུ་ དཀར་གསུམ་མངར་གསུམ་ འབྲུ་རིགས་ཀྱི་ཕྱེ་དང་། །ཤ་ཆང་ཚུ་མེ་བཏང་པའི་གསུར་གྱིས་མཆོད་མི་འདི་ལུ་གོ་ནི་ཨིན།
༼གསུར་གྱི་དབྱེ་བ།༽ དཀར་གསུར་དང་དམར་གསུར་ཟེར་གསུར་གྱི་དབྱེ་བ་ཁག་གཉིས་འདུག དཀར་གསུར་གྱི་རྒྱུ་ངོ་མ་དཀར་ཕྱེ་དང་། དེ་ནང་ཞོ་དང་ཨོམ་མར། བུ་རམ་སྦྲང་རྩི་ཤེལ་ཀ་ར་ཚུ་བླུགས་ཏེ་བཟོ་དོ་ཡོདཔ་དང་། དེ་ལུ་ཚ་གསུར་ཟེར་ཡང་སླབ་ནི་འདུག ཚ་གསུར་ཕྱི་རུ་ཨ་རྟག་རང་གཏང་སྲོལ་ཡོདཔ་དང་། ལྷག་པར་དུ་མི་ཤི་བའི་སྐབས་ལུ་གཏང་དོ་ཡོདཔ་ཨིན་མས། དེ་གཏང་པའི་སྐབས་ལུ་ མ་ཎི་བགྱང་ནི་དང་། བྱུང་པ་ཅིན་གསུར་བསྔོ་དེ་ཚུ་ཡང་གཏང་དགོཔ་ཨིན།
༼བྱུང་རིམ།༽ རྒྱ་གར་ཧིན་དུ་གི་ལུགས་དང་ནང་པའི་གསང་སྔགས་ཀྱི་ལུགས་ལུ་སྦྱིན་བསྲེག་ཕུལ་ནི་གི་སྲོལ་ཡོད། དེ་ཡང་རང་གི་སྒྲིབ་སྦྱངས་ནི་དང་། འདོད་དོན་སྒྲུབ་ནི་གི་དོན་ལུ་ རང་གི་འདོད་པའི་ལྷ་ལུ་ ཟས་དང་འབྲུ་རིགས་མེ་བཏང་ཞིནམ་ལས་ཕུལ་དོ་ཡོདཔ་ཨིན་མས།  ང་བཅས་ཀྱི་གསུར་གྱི་མཆོད་པ་འདི་ འདི་དང་ཆ་འདྲཝ་ཅིག་ཡོདཔ་ཨིན་རུང་། གསུར་གྱི་འབྱུང་ཁུངས་ངོ་མ་འདི་གདོས་མའི་མི་རིགས་དང་བོན་གྱི་ལུགས་སྲོལ་རང་ཨིན། གདོས་མའི་མི་རིགས་ཚུ་ལུ་ དང་པ་དམར་གསུར་འདི་བྱུང་ཡོདཔ་ཨིན་མས། འབེལ་གཏམ་ལུང་གི་སྙེ་མ་ལས། མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོ་མང་། །འགལ་རྐྱེན་བྱུང་ཚེ་ཡུལ་ལྷ་དམར་གྱིས་མཆོད།། ཟེར་གསུངས་དོ་བཟུམ་སྦེ་ མི་ལུ་དཀའ་ངལ་བྱུང་པའི་སྐབས་ལུ་ ཡུལ་གྱི་ལྷ་ལུ་དམར་མཆོད་གསུར་འདི་ཕུལ་དོ་ཡོདཔ་དང་། གསུར་འདི་ཕུལ་བའི་སྐབས་ལུ་ཡང་། ར་དང་ལུག་ གཡག་དང་འབྲོང་ལ་སོགས་པའི་སེམས་ཅན་བསད་ཞིནམ་ལས་ དང་པོ་དོན་ཧིང་མེ་བཏང་སྟེ་ཕྱོགས་བཞི་ལུ་ཕུལ། དེ་ལས་མེ་རོ་ལྷག་མ་འཐེན་ཞིནམ་ལས་ རྐང་ལག་མེ་བཏང་སྟེ་ཕུལ་དོ་ཡོདཔ་ཨིན་མས། དེ་ཚུ་གི་སྐོར་ལས་གེ་སར་རྒྱལ་པོའི་གླུ་ནང་ཡང་འཐོན་ནི་འདུག དེ་ཡང་བདུད་འདུལ་ལས། ལྷ་ཆེན་ཚངས་པ་དཀར་པོ་ལ། །མགོ་ཀླད་པ་དུང་ཞོ་དཀར་པོས་མཆོད། །གཉན་ཆེན་བཙན་རྒོད་དམར་པོ་དེ། །ནང་ཁྲག་བཅུད་ལྡན་པའི་སྙིང་གིས་མཆོད། །དབུ་གཙུག་ན་རིན་ཆེན་ཀླུ་རྒྱལ་དེ། །མཁལ་མ་ཆར་རྡེའུ་སྨུག་པོས་མཆོད། །གླིང་ལྷ་གེར་མཛོ་གཉན་པོ་ལ། །ཤ་ཁྲག་རུས་གསུམ་གསུར་གྱིས་མཆོད།། ལ་སོགས་པའི་གསུར་མཆོད་ལེ་ཤ་འཐོན་ནི་འདུག འདི་བཟུམ་གྱི་གསུར་མཆོད་འདི་ནང་པའི་ཆོས་ཀྱི་བསྟན་པ་དར་ཞིནམ་ལས་ བཀག་བསྡོམས་འབད་ཡོདཔ་ཨིན་རུང་། བོད་ཁམས་ཀྱི་ཕྱོགས་དང་། རང་རེའི་འབྲུག་ཡུལ་འདི་ནང་ ད་ལྟོ་གི་བར་ན་ཡང་འབད་སྲོལ་འདུག དམར་གསུར་གྱི་མཐུན་རྐྱེན་མ་འཛོམས་པའི་སྐབས་ལུ་ དཀར་ཕྱེ་ལས་ར་ལུག་གི་གཟུགས་བཟོ་སྟེ་གསུར་གཏང་ནི་དང་། མཚོན་བྱེད་རྫས་ཀྱི་དོན་ལུ་ ཤ་ཁྲག་དང་ཚིལ་ཞག་བླུགས་ཏེ་གཏང་སྲོལ་ཡང་ཡོདཔ་ཨིན།
༼ཕན་ཡོན།༽ ཕྱི་རུ་འགྱོཝ་ད་ལྷ་འདྲེ་འདུ་བའི་དུས་ཨིནམ་ལས་ དུས་ཚོད་འདི་ཁར་ དཀར་གསུར་གཏང་ཚུགས་པ་ཅིན། ཡུལ་ལྷ་གཞི་བདག་ཚུ་དང་། ཡུལ་མི་རང་གི་བར་ན་ཐུགས་མཐུན་ཁྲིམས་གཙང་འགྱོ་ཞིནམ་ལས་ ནད་ཡམས་མུ་གེ་ལ་སོགས་པའི་གནོད་པ་མེད་པར་ ཕན་བདེའི་ལེགས་ཚོགས་གོང་དུ་འཕེལ་ནི་དང་། གཤིན་པོ་འདི་ཚུ་ཡང་དྲི་ཟས་ཟ་མི་གི་རིགས་གཅིག་འབད་ནི་འདི་གིས་ ཁོང་ལུ་གསུར་མཆོད་འདི་གཏང་ཚུགས་པ་ཅིན་ཁོང་གི་འདོད་པ་ཚིམ་ཞིནམ་ལས་ ཤུལ་ལུ་སྡོད་མི་ཚུ་ལུ་ལན་ཆགས་འཁོར་ཆགས་མི་འོང་བའི་ཁེ་ཕན་ཡོད།

མདོས་དང་གླུད་ཀྱི་ཆོ་ག
༼གོ་དོན།༽ མདོས་དང་གླུད་ཀྱི་དོན་འདི་ ཚིག་མཛོད་འདི་ཚུ་ནང་ལེ་ཤ་ཡོདཔ་ཨིན་རུང་། ཁུངས་དག་ཤོས་འདི་ གླུད་ཀྱི་ཆོ་གའི་ཚིག་འདི་ཚུ་ལུ་བལྟ་ནི་འདི་ཨིན། འདི་ཡང་གླུད་ཀྱི་ཆོ་གའི་ནང་། སྐྱིན།[12] ཡོན།[13] རིན་བབས། ཚབ།[14] རྟེན།[15] བླུ་ཡོན།[16] སྦྱིན།[17] ལ་སོགས་པ་ལེ་ཤ་ཐོན་ནི་འདུག དེ་འབདཝ་ལས་མདོས་གླུད་ཀྱི་དོན་འདི་ཡང་ བླ་སྲོག་འཕྱོག་སྟེ་འབག་མི་འདི་ ལེན་ནི་གི་དོན་ལུ་ སྦྱིན་བདག་གི་སྐུ་ཚབ་སྦེ་སྣོད་བཅུད་ཀྱི་བཀོད་པ་བཟོ་སྟེ་གཏང་མི་འདི་ལུ་ མདོས་དང་གླུད་ཟེར་གོ་ནི་ཨིན་མས། ཨིན་རུང་མདོས་དང་གླུད་གཉིས་སོ་སོར་ཕྱེ་བ་ཅིན། གླུད་ཟེར་མི་འདི་སྦྱིན་བདག་ཁོ་རའི་ངོ་ཚབ་བཟོ་མི་འདི་དང་། མདོས་ཟེར་མི་འདི་ སྣོད་བཅུད་ཀྱི་བཀོད་པ་ཆ་ཚང་ཡོད་མི་འདི་ལུ་གོ་ནི་ཨིན་མས།
༼བྱུང་རིམ།༽ རྒྱ་གར་གྱི་གཡུས་ཁ་ལུ་ ལྷ་མོ་དབྱངས་ཅན་མ་དང་དུརྒཱ་ལ་སོགས་པའི་སྐུ་འདྲ་བཟོ་སྟེ་མཆོད་པ་ཕུལ་ནི་དང་། དུས་མཆོད་ཚར་ཞིནམ་ལས་ཆུ་ནང་བཀོ་བའི་ལམ་སྲོལ་ཡོདཔ་ཨིན་རུང་། དེ་དང་གླུད་འདི་གོ་དོན་རྩ་བ་ལས་འདྲ་ས་མིན་འདུག
འདི་གི་བྱུང་རིམ་འདི་ཡང་ ཧི་མ་ལ་ཡའི་མི་རིགས་རང་ལས་བྱུང་པའི་ལམ་སྲོལ་གཅིག་ཨིན། དེ་ཡང་གདོས་མའི་མི་རིགས་ཚུ་གིས་ རི་མཚོ་ས་རྡོ་ལ་སོགས་པའི་རང་བྱུང་ཁམས་ཀྱི་དངོས་པོ་གཞན་དང་མ་འདྲཝ་གཅིག་ལུ་ ལྷ་དང་འདྲེ་འདི་དང་འདི་ཨིན་ཟེར་བའི་མཚན་གསོལ། དེ་ལས་རང་ལུ་ལེགས་པའི་བྱ་བ་དང་ཉེས་པའི་དཀའ་ངལ་ག་ཅི་བྱུང་རུང་། ཁོང་གི་མཐུ་ལས་ཨིན་པའི་མནོ་བསམ་བཏང་ནི་དང་། རྐྱེན་ངན་བྱུང་པའི་སྐབས་ལུ་ ལྷ་འདྲེ་ཚུ་གིས་བླ་སྲོག་འཕྱོག་ཏེ་འབག་འགྱོ་བའི་སྣང་བ་ཤར། དེ་ཚུ་ལེན་ནི་གི་དོན་ལུ་ སྲོག་ཚབ་སྲོག་དང་ལུས་ཚབ་ལུས་སྦེ་ མི་གཞན་དང་སྒོ་ཕྱུགས་སེམས་ཅན་དེ་ཚུ་གཏང་དོ་ཡོདཔ་ཨིན་མས། དེ་ལས་གཡུང་དྲུང་བོན་གྱི་སྐབས་ལུ་ དེ་ལུ་འགྱུར་བཅོས་དང་ ཟབ་རྒྱས་ལེ་ཤ་བཙུགས་ཏེ་ མདོས་གླུད་ཀྱི་རིམ་པ་རྒྱས་ཤིང་རྒྱསཔ་དེ་ཚུ་བྱུང་ནུག དེ་ཡང་ཕྱི་སྣོད་ཀྱི་ཚབ་ལུ་ ཉི་ཟླ་གཟའ་སྐར་ས་གཞི་ཕོ་བྲང་དང་བཅས་པ་དང་། ནང་བཅུད་སྤྱིར་བཏང་གི་ཚབ་ལུ་ གནམ་ལ་འཕུར་དགུ་ ས་ལ་འཛུལ་དགུ་ལ་སོགས་པའི་འདབ་ཆགས་དང་གཅན་གཟན། བྱེ་བྲག་སྦྱིན་བདག་འདི་གི་ཚབ་ལུ་ ཕྱིའི་ཁང་ཁྱིམ་གྱི་བཀོད་པ་དང་། ནང་གི་མི་ངོམ་འདི་གི་ངར་གླུད། རྒྱུ་ནོར་ལོངས་སྤྱོད་ཀྱི་ཚབ་ལུ་ འབྲུ་རིགས། ཤིང་འབྲས། དཀར་གསུམ་མངར་སུམ་ལ་སོགས་པའི་རྫས་སྦྱོར་བསགས་ཞིནམ་ལས་ སྔགས་དང་ཕྱག་རྒྱའི་སྒོ་ལས་ གནོད་པའི་ལྷ་འདྲེ་ལུ་ཕུལ་བའི་ལུགས་སྲོལ་འདི་བྱུང་བྱུངམ་ཨིན་མས།
སེམས་ཅན་དང་མི་གི་ཚབ་ལུ་ གླུད་ཆུང་བཟོ་སྟེ་གཏང་ནི་འདི་ བོན་གྱི་དཔེ་ཆ་རྙིང་ཤོས་སྲིད་པ་སྤྱི་ཟློས་ལས་ཐོན་ནི་ཡོད་པའི་ཁར། འདི་དང་རྒྱ་ནག་རྩིས་གཞུང་འདི་ཚུ་ཁམས་འཕྲོད་འཐུན་རང་འཐུན་ནུག རྩིས་གཞུང་འདི་ནང་ ལོ་རྟགས་བཅུ་གཉིས། སྨེ་བ་སྤར་ཁ། ས་བདག་ལ་སོགས་པའི་སྒྲིབ་བཅོས་དང་ཉམས་བཅོས་ཀྱི་སྐབས་ལུ་ སེམས་ཅན་གྱི་གཟུགས་བཟོ་སྟེ་གཏང་དགོ་མི་འདི་ གླུད་ཀྱི་ཁ་སྐོང་སྦོམ་ཅིག་ཨིན་མས།[18]


མདོས་གླུད་ཀྱི་རིམ་གྲོ་འདི་ ལྷ་འདྲེ་མི་གསུམ་མཐུན་ཐབས་དང་། ཕྱི་ནང་གི་འབྱུང་བ་སྙོམས་ཐབས་ཀྱི་ཐབས་ལམ་ལེགས་ཤོམ་གཅིག་ཨིནམ་གཟིགས་ཞིནམ་ལས་ ནང་པ་ཚུ་གིས་ཡང་རིམ་གྲོ་འདི་ དང་ལེན་འབད་དེ་གསང་སྔགས་མདོས་གླུད་ཀྱི་ཆོ་ག་ཡང་ལེ་ཤ་མཛད་ནུག[19] ང་བཅས་སྨན་ལྗོགས་འབྲུག་གི་རྒྱལ་ཁབ་འདི་ན་ཡང་། དུས་རབས་བཅུ་བདུན་པའི་དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིནམ་ལས་ཚུར། གནམ་དགུན་སྤུང་ཐང་མགོན་པོའི་མདོས་ཆོག་དང་། གནམ་བྱཱར་ཐིམ་ཕུ་ལྷ་མོའི་མདོས་ཆོག  ལོ་ངོ་བཅུ་གཉིས་རེའི་བར་ནང་ སྲིད་པ་སྤྱི་མདོས་ཚར་རེ། དེ་ལས་རྩིས་པའི་སྡེ་ཚན་གྱི་ཁ་ཐུག་ལས་རྒྱ་ནག་སྤྱི་ཟློས་ལ་སོགས་པའི་ མདོས་ཆོག་རྒྱསཔ་གཏང་སྲོལ་ཡོདཔ་མ་ཚད། ཆུང་ས་ལས་འབད་བ་ཅིན། རྐང་པ་རྩང་གཅིག་ཟུག་རུང་ དེ་གི་རིམ་གྲོ་ལུ་ མདོས་དང་གླུད་ཀྱི་ཚུལ་ཆུང་ཀུ་ཅིག་ཨིན་མི་ གདོན་མཆོད་ཀྱི་རིམ་གྲོ་ཆུང་ཀུ་ཡང་རྫོགས་ནི་མེདཔ་ཅིག་ཡོདཔ་ཨིན།
༼མདོས་གླུད་ཀྱི་ཕན་ཡོན།༽ འཆི་བདག་ལག་ནས་མི་ཚེ་འགུག །རིན་དང་ཚབ་ཏུ་མདོས་འདི་ཁྱེར།། ཟེར་གསུང་དོ་བཟུམ་སྦེ་ ཆུང་ས་ལས་བལྟ་བ་ཅིན་ གང་ཟག་སྒེར་གྱི ཚེ་སྲོག་ལོག་སྟེ་འཐོབ་ཞིནམ་ལས་ བདེ་སྐྱིད་ཀྱི་ངང་ལུ་སྡོད་ཚུགས་པའི་ཕན་ཡོན་དང་། ཆེ་ས་ལས་བལྟ་བ་ཅིན། རྒྱལ་ཁབ་དང་བསྟན་པ་སྤྱིའི་བགེགས་རྐྱེན་བར་ཆད་བཟློག་ཚུགས་པའི་ཕན་པ་ཡང་ཡོདཔ་ཨིན།
༼གཡུས་གོ་ཁག་ལས་ཕར་འབད་སྲོལ་ཡོད་པའི་གདོན་མཆོད་དང་གླུད།༽
གཡུས་གོ་ཁག་ལས་ཕར་འབད་སྲོལ་ཡོད་པའི་ གདོན་མཆོད་བཀལ་ནི་ལ་སོགས་པའི་རིམ་གྲོ་འདི་ རིམ་གྲོ་ཆུང་ཀུ་འབད་ནི་དེ་གིས་ གླུད་ཀྱི་གྲངས་སུ་མ་བཞགཔ་མ་གཏོགས། དོན་ངོ་མ་ལུ་ འདི་ཚུ་ཡང་མདོས་གླུད་ཀྱི་གྲངས་སུ་ཚུད་ནི་དང་། སྤ་རོ་རྫོང་ཁ་ནང་གི་ལོ་འབག་གི་གླུད་གཏང་ནི་འདི་ཚུ་ཡང་མདོས་དང་གླུད་ཀྱི་ཁུངས་གཏོགས་གྱི་རིམ་གྲོ་གཅིག་ཨིན།

༼སྲུང་སྐུད་ཀྱི་སྐོར།༽
༼གོ་དོན།༽ འབྲུག་པའི་ཁ་སྐད་ནང་སྲུང་སྐུད་དང་། བོད་པའི་ཁ་སྐད་ནང་སྲུང་མདུད་ཟེར་སླབ་ཨིན། འདི་གི་དོན་འདི་ རང་གི་ཚེ་སྲོག་བར་ཆད་རྐྱེན་ངན་ལས་སྲུང་ཚུགས་པའི་སྔགས་དང་བཅས་པའི་སྐུདཔ་མདུད་ཕོད་བཏབ་མི་གཅིག་ལུ་གོ་ནི་ཨིན་མས། ཨིན་རུང་རང་གི་ཚེ་སྲོག་སྲུང་ཚུགས་དགོ་པ་ཅིན། གསུང་སྐུད་བྱིན་མི་ལུ་ནུས་པ་དང་། བཏགས་མི་ལུ་ཡིད་ཆེས་དང་དད་པ་དགོཔ་འདི་ག་ནི་བ་ཁག་ཆེ། ག་ཅི་སྦེ་ཟེར་བ་ཅིན། གནང་མི་འདི་གིས་ སྐུདཔ་མདུད་ཕོད་བཏབ་བཏབ་རྐྱངམ་ཅིག་གནང་ནི་མེན་པར་ ཡིད་དམ་གྱི་ལྷ་དང་ ཡང་ན་སྲུང་མ་གཅིག་སྐུད་འདི་གི་ངོ་བོ་ལུ་བསྟིམ་ཞིནམ་ལས་ ཁྱོད་ཀྱི་སྲུང་མ་སྦེ་གཏང་དགོཔ་དང་། བཏགས་མི་འདི་གིས་ཡང་ ལྷ་དང་རང་དང་གཅིག་ཁར་ཡོད་པའི་དད་པ་ཡིད་ཆེས་དང་། བསྒོམ་སྒྲུབ་རེ་འབད་དགོཔ་དང་། བཙོག་པ་མ་ཤོར་བར་གཙང་ཏོག་ཏོ་སྦེ་བཞག་དགོཔ་ཨིན། ག་དེམ་ཅིག་སྦེ་གནང་མི་ལུ་ཡང་ནུས་པ་མེད་ས་གིན། བཏགས་མི་ལུ་ཡང་ཡིད་ཆེས་མེད་པར་བཏགསཔ་བཟུམ་ཅིག་འབད་བ་ཅིན། སྲུང་སྐུད་ཀྱི་དགོས་པ་དེ་ཚུ་སྒྲུབ་མི་ཚུགས།
༼དེ་གི་ཁུངས་གཏོགས་གཞན།༽ སྲུང་འཁོརཔ་དང་། སྲུངམ། མཚོན་སྲུང་གའུ། དེ་ལས་ལྷ་ཁང་མགོན་ཁང་། བཙན་ཁང་ཚུ་ལས་དར་ཞུ་སྟེ་འབག་མི་དར་དེ་ཚུ་ཡང་ རང་གི་སྲུང་སྐྱོབ་ཀྱི་དོན་ལུ་ཨིནམ་ལས་ དོན་འདི་སྲུང་སྐུད་འདི་དང་ཆ་འདྲཝ་ཨིན། སྲུང་འཁོརཔ་གའུ་ནང་ལུ་འབད་བ་ཅིན་ རྩ་ཆེ་བའི་སྐུ་དང་། དེ་ལས་བླ་མའི་ན་བཟའ་དབུ་སྐྲ། རིང་བསྲེལ་འཕེལ་གདུང་ལ་སོགས་པ་ཚུ་བཙུགས་དོ་ཡོདཔ་དང་། ཤོག་འདྲིལ་སྲུང་འཁོརཔ་ནང་འབད་བ་ཅིན། བོན་དང་རྩིས་ན་ལས་འཐོན་པའི་སྲུང་བའི་འཁོར་ལོ། དེ་ལས་ནང་ཆོས་ཀྱི་ཧོང་ལས་འབད་བ་ཅིན། དབྱངས་གསལ་དང་། རྟེན་འབྲེལ་སྙིང་པོའི་གཟུངས་སྔགས། ཡིད་དམ་ལྷའི་གཟུངས་སྔགས་ལ་སོགས་པ་ཚུ་བཙུགས་ཞིནམ་ལས། ག་པུར་དྲི་བཟང་ལ་སོགས་པ་བླུགས། དེ་གི་ཕྱི་ལས་གྲིབ་སྐྱོན་མི་ཞུགས་ནི་གི་དོན་ལུ་ རྨ་བྱའི་སྒྲོ་དེ་ཚུ་བཙུགས་ཞིནམ་ལས་བཟོ་དོ་ཡོདཔ་ཨིན།
༼བྱུང་རིམ།༽ ཧིན་དུ་དང་ནང་པའི་གསང་སྔགས་ཀྱི་ཆོས་ནང་ལས་ འབད་རུང་ ལག་པར་བཏགས་ནི་དང་། སྐེ་ལུ་བཏགས་ནི་གི་སྲུང་སྐུད་ཀྱི་རྣམ་གཞག་ཡོདཔ་མ་ཚད། བོན་དང་རྩིས་གཞུང་ནང་ལས་ཡང་འཐོན་དོ་ཡོདཔ་ཨིན།
༼དབྱེ་བ།༽ སྲུང་སྐུད་ཀྱི་ངོ་བོ་མ་འདྲ་བའི་དབྱེ་བ་མེད། བོན་ནང་ལས་འབད་བ་ཅིན། ཁ་དོག་སྣ་ལྔའི་སྐུདཔ་མཁལ་ཞིནམ་ལས་གཙོ་བོ་བོན་གྱི་མཁའ་འགྲོ་སྡེ་ལྔའི་གཟུགས་སྔགས་བཏབ་སྟེ་བཟོཝ་ཨིན་མས།[20]  ནང་པའི་ན་ལས་འབད་རུང་ ཡིད་དམ་གྱི་ལྷའི་གཟུངས་སྔགས་བཏབ་སྟེ་བཟོཝ་ཨིན། ཨིན་རུང་ དགོས་པ་མ་འདྲཝ་བ་སོ་སོ་ཡོད་པའི་དབང་གིས་ ཚེ་སྲུང་། ལུས་སྲུང་། མཚོན་སྲུང་། དགྲ་ཇག་འཆོམ་རྐུན་སྲུང་བ། གདོན་འདྲེ། ཕྱུགས་ནད། རིམས་ནད་ལ་སོགས་པ་སྲུང་བའི་སྲུང་སྐུད་མ་འདྲཝ་ལེ་ཤ་ཡོདཔ་ཨིན། དགོས་པ་མ་འདྲཝ་ཡོད་པའི་དབང་གིས། ཚེ་སྲུང་ལུས་སྲུང་ལ་སོགས་པ་ཞི་བ་རྒྱས་པའ་དོན་ལུ་ཨིན་པ་ཅིན། ཚེ་ལྷ་རྣམ་གསུམ་ལ་སོགས་པའི་ཡིད་དམ་ཞི་བའི་སྔགས་དང་། གདོན་བགེགས་སྲུང་བ་ལ་སོགས་པའི་དོན་ལུ་ཨིན་པ་ཅིན། ཕྱག་རྡོར་ལ་སོགས་པའི་ཡིད་དམ་ཁྲོ་བའི་སྔགས་ཀྱི་སྒོ་ལས་བསྒྲུབ་ནི་ཨིན།

༼ཁྲུས་གསོལ། བྱབས་ཁྲུས། བཀའ་བསྒོ།༽
ཁྲུས་གསོལ་འབད་ནི་འདི་ ཧིནྡུའི་ལུགས་ལུ་ཡོདཔ་མ་ཚད། གསང་སྔགས་གཞུང་ལས་འབད་བ་ཅིན། ཡིད་དམ་ལྷའི་བསྒོམ་སྒྲུབ་འབད་བའི་སྐབས་ཀྱི་མཇུག་པའི་སྒོ་བཟུམ་ཅིག་དང་། མི་གཙང་བཙོག་གྲིབ་སྡིག་སྒྲིབ་བསལ་བའི་ཐབས་ལམ་བཟུམ་ཅིག་ཨིན། ཧིནྡུའི་བྲམ་ཟེ་འདི་ཚུ་ དྲོ་པ་ལོངམ་ཅིག་གཟུགས་འཁྱུ་དགོཔ་དང་། གངྒཱ་ཡ་མ་ན་ལ་སོགས་པའི་ཆུ་ཆེན་ཚུ་གི་ཉེ་འགྲམ་ལུ་ཨིན་པ་ཅིན། གནམ་དགུན་ཨིན་རུང་ དྲོ་བ་ཚར་ཅིག་གཙང་ཆུ་ནང་འཛུལ་ཏེ་ཁྲུས་གསོལ་འབད་ནི་འདུག སྔགས་ཀྱི་ལུགས་ལས་འབད་བ་ཅིན། ཁྲུས་གསོལ་འབད་བའི་སྐབས་ལུ་དང་པ་ བུམ་ཆུ་བསྒྲུབ་དགོཔ་ཨིན། དེ་ཡང་དང་པ་བདག་བསྐྱེད་ཟེར་ རང་ཡིད་དམ་གྱི་ལྷ་ལུ་བསྒོམས་ཞིནམ་ལས་ གཟུངས་སྔགས་བགྱང་། དེ་ལས་རྟེན་བསྐྱེད་ཟེར་ ཡིད་དམ་གྱི་ལྷ་བུམ་པའི་ནང་ལུ་བསྒོམས་ཞིནམ་ དེ་གི་ཐུགས་ཁར་གཟུངས་སྔགས་བཀོད་དེ་བགྱང་ནི་དང་། ཐ་མ་རྟེན་བསྐྱེད་ཀྱི་ཡིག་འབྲུ་འོད་ཀྱི་རང་བཞིན་སྦེ་ཞུ་ཞིནམ་ལས་ དག་བྱེད་ཀྱི་ནུས་པ་དང་ལྡན་པའི་ཆུ་ལུ་འགྱུར་བའི་དམིགས་པ་བསྐྱེད། དེ་ལས་རྐྱངམ་ཅིག་བུམ་པ་འཐུ་ཞིནམ་ལས་ དཀར་ཕྱོགས་སྐྱོང་བའི་ལྷ་དང་། རྒྱལ་བའི་སྐུ་གསུང་ཐུགས་རྟེན། ཡུལ་འཁོར་ཁང་ཁྱིམ། རང་གི་ལུས་ངག་ཡིད་གསུམ་དང་བཅས་པ་ལུ་ཁྲུས་གསོལ་ཕུལ་ཏེ། བཙོག་གྲིབ་སྡིག་དག་པའི་དམིགས་པ་བསྐྱེད་དགོཔ་ཨིན།
༼འདི་བཟུམ་གྱི་རྣམ་གཞག་མ་ཤེས་རུང་། བུམ་པ་ནང་གཙང་མའི་ཆུ་དང་ག་པུར་དྲི་བཟང་ལ་སོགས་པ་བླུགས་ཏེ་མཆོད་གཤམ་གུར་བཞག དེ་ལས། བུམ་པ་སྔགས་ཀྱི་ཡིག་འབྲུས་གང་བར་འགྱུར། ཟེར་བའི་ཚིག་ཁ་ལས་ཐོན། དོན་ཡིད་ལུ་བསམ་ཞིནམ་ལས། རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་གང་མང་བསགས། དེ་ལས། ཡིག་འབྲུ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། ཁ་འདོན་དང་མནོ་བསམ་གཏང་། དེ་ལས་ཁྲུས་གསོལ་འབད་བའི་སྐབས་ལུ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉེས་པ་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག། ཟེར་ཁྲུས་གསོལ་འབད་བ་ཅིན་བཏུབ།༽
༼བྱབས་ཁྲུས།༽ བྱབས་ཁྲུས་སྐབས་ཀྱི་ཁྲུས་ཟེར་མི་འདི་ གོང་ལུ་ཞུ་མི་ཁྲུས་གསོལ་འདི་རང་ཨིནམ་དང་། བྱབས་ཟེར་མི་འདི་བཙོག་གྲིབ་སྡིག་གྲིབ་ལ་སོགས་པ་འཕྱག་ཏེ་གཏང་ནི་གཅིག་ལུ་གོཝ་ཨིན། བྱབས་འབད་བའི་སྐབས་ལུ་ཁྲུས་གསོལ་ཡང་འབད་དགོཔ་ལས་ བདག་བསྐྱེད་རྟེན་བསྐྱེད་བསྒོམས། དེ་ལས་དག་བྱེད་ཀྱི་སྔགས་བགྱང་ཞིནམ་ལས་ ལག་པར་རྨ་བྱ་སྒྲོ་གཅིག་འབག་ཞིནམ་ལས་ བསྲུང་བྱ་འདི་གི་ བཙོག་གྲིབ་སྡིག་སྒྲིབ་ལ་སོགས་པ་མགོ་ལས་རྐང་མཐིལ་གྱི་བར་ལུ་འཕྱག་ནི་དང་། དེ་ལས་ཁྲུས་གསོལ་འབད་ནི་ཨིན།
༼བཀའ་བསྒོ།༽ བགེགས་དང་འབྱུང་པོ་ཚུ་གིས་གནོད་པ་བཀལ་ཏེ་ཡོད་པའི་བསྲུང་བྱ་འདི་ཚུ་ ཡིད་དམ་ལྷའི་ངོ་བོ་ལུ་བསྒོམས་བཅུག་ཞིནམ་ལས་ བགེགས་དང་འབྱུང་པོ་ལུ་ བསྲུང་བྱ་གང་ཟག་འདི་ལུ་གནོད་པ་བཀལ་ནི་མེད་པའི་བཀའ་གནང་ནི་འདི་ཨིན། འདི་གི་སྐབས་ལུ་བཀའ་བསྒོ་གནང་མི་རང་ཡང་ ཡིད་དམ་ལྷ་ལུ་བསྒོམས་པའི་ཏིང་ངེ་འཛིན་དང་ནུས་པ་ཆུང་ཀུ་ཅིག་དགོཔ་ཨིན། དེ་མེད་པ་ཅིན་བཀའ་འདི་ བགེགས་དང་འབྱུང་པོ་ཚུ་གིས་ཉན་མི་བཏུབ།
འདི་བཟུམ་གྱི་བཀའ་བསྒོ་འདི་ བླ་མ་དང་ཡིད་དམ་དྲག་པོ་ག་ཅི་གི་སྒོ་ལས་འབད་རུང་བཏུབ་ཨིན་རུང་། ཁྲུས་གསོལ་དང་། བྱབས་ཁྲུས་འདི་ འབད་བ་ཅིན། རྡོ་རྗེ་རྣམ་འཇོམས་མའི་སྒོ་ལས་འབད་ནི་འདི་ དྲག་ཤོས་བཟུམ་ཅིག་ཡོདཔ་མ་ཚད། རྣམ་འཇོམས་མའི་སྒོ་ལས་ བཀའ་བསྒོ་ཡང་འབད་ནི་ཡོདཔ་ཨིན།




[1] ༼བོན་པོ་ཚུ་གིས་འབད་བ་ཅིན། གནམ་རི་སྲོང་བཙན་གྱི་སྐབས་ལུ་བྱུང་བྱུངམ་ཨིན་ཟེར་བའི་ སྲིད་པ་སྤྱི་མདོས་ཀྱི་དཔེ་ཆ་འདི་ལུ་གཞི་བཞག་ཞིནམ་ལས་ དམར་མཆོད་ལས་དཀར་ཆོས་ལུ་འགྱུར་མི་འདི་སྟོན་པ་གཤེན་རབ་ཨིན་ཟེར་བཤད་དོ་ཡོདཔ་ཨིན། གལ་སྲིད་ལོ་རྒྱུས་འདི་བདེན་པ་ཨིན་པ་ཅིན། རྒྱལ་པོའི་དབུ་ལྷ་ རྣམ་པར་དག་པའི་བོན་པོ་བཞུགས་ཡོད་ནི་འདི་གིས། རྒྱལ་པོ་ཕོ་བྲང་ནང་དམར་མཆོད་འདི་བྱུང་མ་དགོཔ་ཅིག་ཨིན། ཨིན་རུང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དབུ་ལྷ་བོན་པ་འདི་གིས་ རྒྱ་བཟའ་ཀོང་ཇོའི་ཚབ་ལུ་བུམོ་གཅིག་གླུད་སྦེ་བཏང་པའི་ལོ་རྒྱུས་དང་། ཀོང་ཇོ་བྱོན་པའི་སྐབས་ལུ་སྲོང་བཙན་སྒམ་པོ་གིས་དམར་མཆོད་མཛད་པའི་ལོ་རྒྱུས་ཐོན་ནི་ཡོདཔ་ལས་ཁོང་གིས་བཤད་མི་འདི་ཡང་བདེན་ཚོད་མིན་འདུག།༽

[2] དཀོན་མཆོག་སྲིད་ཞུའི་མགྲོན། ༼བླ་མ། ཡིད་དམ། མཁའ་འགྲོ།༽ མགོན་པོ་ཡོན་ཏན་གྱི་མགྲོན། ༼ཆོས་སྐྱོང་མགོན་པོ་ལྕམ་དྲལ་དང་། སྲུང་མའི་རིགས།   འགྲོ་དྲུག་སྙིང་རྗེའི་མགྲོན། ༼སྡེ་བརྒྱད།༽ ལན་ཆགས་བུ་ལོན་གྱི་མགྲོན། ༼འཕྲོག་མ་ལྔ་བརྒྱ་དང་སྲིན་པོ་ཤ་ཟ་ལ་སོགས་པ༽
[3] ཞང་ཞུང་ཁྲི་མེན་ལྕགས་ཀྱི་བྱ་རུ་ཅན་གྱིས་བཞེད་པའི་གེ་ཁོད་གསང་བ་དྲག་ཆེན་གྱི་བརྣལ་བསང་དང་བསྐང་བ་ཞེས་པ་ལས།"ཞང་ཞུང་ཤེལ་གྱེར་སྒྲུབ་པ་པོས། །བདུད་འདུལ་གསང་བའི་ལྷ་ཚོགས་ལ། །གསང་བའི་མཆོད་པ་འབུལ་བ་ནི། །འབྲོང་རྒོད་དར་མའི་རུ་སྐྱོགས་སུ། །བཀྲ་ཤིས་རྣམ་དག་ཞལ་བུ་རུ། །འབྲས་དཀར་ཡུ་ཏིའི་ཁུ་བ་ལ། །མུ་མར་གསེར་དང་གཡུ་ཡིས་སྤྲས། །རིན་ཆེན་སྣ་སྔའི་སྙིང་པོ་དང་། །སྨན་ལ་གསོས་ཀྱི་རྩི་མཆོག་ལ། །བདུད་རྩི་སྨན་གྱི་ཟིལ་པས་སྦྲན། །སྒྲུབ་གཤེན་དགོངས་པའི་ཏིང་འཛིན་གྱིས། །གཡུ་འབྲང་བདུད་རྩི་སྨན་དུ་བསྒྲུབ། གསེར་ལ་ལྗོན་པའི་བདུད་རྩིར་བསྒྱུར། །དང་ར་ཙམ་གྱི་གཏིང་ཟབ་འཁྱིལ། །དུག་ལྔ་དུག་གསུམ་གསོ་བའི་སྨན།། ༼ཞང་ཞུང་བོན་གྱི་ཁ་སྐད་ནང་ཡུ་ཏི་ཟེར་མི་འདི་ཆང་། མུ་མར་ཟེར་མི་འདི་ལག་ལེན་འཐབ་ཆོག་ཆོག་མེད་པའི་རྒྱུ་ཆ། གསེར་འབད་བ་ཅིན་བཞུ་བཏུལ་མ་འབདཝ། གཡུ་འབད་ཅིན་དོང་མ་སྤེད་པའི་གཡུ་རྡོག་རྡོ༽  ཡང་། ཆང་ཕུད་དུ་གསེར་བདར་ལ།" ཞེས་དང་། ཡང་གེ་ཁོད་གསང་བ་དྲག་ཆེན་གྱི་གཞུང་ལས། "གསང་རྟེན་མུ་མར་གསེར་རྒོད་དང་། ་་་ ནང་རྟེན་གཡུ་རྒོད་གསལ་བ་དང་། " ཞེས་སོགས་དང་། ཡང་དེ་ཉིད་ལས། "བདག་བཅག་ཤེལ་གྱེར་སྒྲུབ་པ་པོས། །ཏིང་རྫོགས་ལྷ་ཚོགས་ཐུགས་དམ་བསྐང་བའི་ཕྱིར། །གསེར་རྒོད་གཡུ་རྒོད་ཕུད་ཀྱིས་མཆོད།།

[4] བོན་གྱི་མདོས་ཆོག་བརྒྱ་བཞི་ཞེས་པའི་གཞུང་ལས། ཀྱཻ་འབྲུ་བྱུང་དང་པོ་གང་ནས་བྱུང་། །དང་པོ་ནས་འབྲུ་ཆ་ཅིག་དེ། །སུམ་བཅུ་རྩ་གསུམ་ལྷ་གནས་ནས། ལྷ་དབང་རྒྱལ་བྱིན་མཛོད་ནང་ནས། །བང་ཁྲ་སྒྲོམ་བུའི་ནང་ནས་བྱུང་། །དེ་ནས་ནས་འབྲུ་ཆ་ཅིག་དེ། །ཞིང་པ་དགའ་བྱེད་ལག་ནས་བྱུང་། །བང་བ་སྐྱ་བོའི་ནང་ནས་བྱུང་། །དེ་ནས་ཡེ་གཤེན་བསྐོས་མཁན་གྱིས། །དཔྱིད་ཟླ་གསུམ་ལ་བཏབ་པ་ཡིན། །དབྱར་ཟླ་གསུམ་ལ་བསྐྱེད་པ་ཡིན། །སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །ནས་དཀར་མོ་དེ་ནི་བཞིན་བཟང་དང་། །བོན་གྱི་གསེར་སྐྱེམས་ཕུད་དུ་བྱུང་། །

[5] གཏོར་མའི་དེ་ཉིད་བདུད་རྩི་དགའ་སྟོན། ཞྭ་དམར་སྐུ་ཕྲེང་ལྔ་པ། ཤིང་པར།
[6] གསངས་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས། བཀྲ་ཤིས་རྒྱ་མཚོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ ༤པ། ཤོག་ངོས ༦༩ དང་༦༡དང་༦༡ན་གསལ།
[7] མཆུ་སྡེ་ལྔ། མདོ་མངས།
[8] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ ༤པ། ཤོག་ངོས ༦༤དང་ ༡༩ དང ༡༦༩ ན་ཡོད། 
[9] གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་ལས།གཏོར་ མའི་རྒྱུ་ནི་དཀྱིལ་འཁོར་གཙོ་བོ་ལ༎ དཀར་གསུམ་མངར་གསུམ་ཤ་ཆེན་རྣམ་གསུམ་ལས། ཕྱི་ཡི་དཀར་གསུམ་མར་ཁུ་འོ་མ་ཞོ།། དེ་བཞིན་མངར་གསུམ་སྦྲང་རྩི་ཀ་ར་དང་༎མེ་ཏོག་སྣ་ཚོགས་བུ་རམ་བཅས་པའོ༎ ནང་གི་དཀར་གསུམ་རྩི་ཞག་རུས་པ་སྟེ།། མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ༎ དེ་དག་སྐྱོབས་ཀྱང་དྲི་ཆུ་ཨ་མྲྀ་སྟེ༎ཆང་སྦྱར་ཤ་ཆེན་ཞལ་ཟས་སྣ་ཚོགས་སོགས༎ གསང་བའི་དཀར་གསུམ་རྐང་ཀླད་བྱང་སེམས་སོགས༎མངར་གསུམ་བུད་མེད་རྩི་ཆེན་མཚལ་ཆེན་ དང་༎དྭངས་མ་དང་ནི་དེ་བཞིན་སྙིགས་མའོ༎
[10] གཏོར་མའི་ལག་ལེན་ཚིག་ཉུང་ དོན་གསལ། རྗེ་དགེ་འདུན་གྲུབ་པ།
[11] http://old.himalayabon.com/article/research/thesis/20121012888.html
[12] ༼འཕྲོག་མ་ལྔ་བརྒྱའི་གླུད་སྔོ།༽ལས། བདག་དང་རྒྱུ་འབྱོར་ཡོན་བདག་གི། །དབང་པོ་དོན་སྣོད་ཚེ་སྲོག་ལ། །གནོད་པའི་བསམ་སྦྱོར་ཞི་བར་མཛོད། །སྐྱིན་དུ་འདོད་ཡོན་གཏོར་མ་འབུལ།། ཞེས་པའི་སྐྱིན་དང་། ༼མདོས་སྤྱིའི་གཞུང་ཆུང་རྒྱུན་ཁྱེར་༽ལས། ཚེ་སྲོག་སྐྱིན་དུ་ངར་མི་ཁྱེར།། ཞེས་དང༌། ༼ཀླུ་བཙན་གདོན་གྲོལ་དང་ཞགས་གྲོལ་བྱེད་ཚུལ་༽ལས། ཚེ་དང་སྲོག་གི་སྐྱིན་དུ་འབུལ། །བུ་ལོན་ཆད་པའི་དོན་དུ་འབུལ།། ཞེས་པའི་གོ་དོན་ལྟར་དུ་འབད་བ་ཅིན། སྐྱིན་འཚབ་བམ་བུ་ལོན་འཇལ་བའི་དོན་དུ་འབུལ་བའི་གོ་དོན་ཐོན་དོ་ཡོདཔ་དང་།
[13] ༼ས་མིག་བྱིན་རླབས་གླུད་བསྔོས།༽ལས། ས་ཡི་ལྷ་མོ་བརྟན་མ་ལ། །འབྲུ་ཟན་སྣ་དགུ་ཡོན་དུ་འབུལ།།
[14] མདོས་སྤྱིའི་གཞུང་ཆུང་རྒྱུན་ཁྱེར་༽ལས། འཆི་བདག་ལག་ནས་མི་ཚེ་འགུགས། །རིན་དང་ཚབ་ཏུ་མདོས་འདི་ཁྱེར།། ཞེས་དང་། ༼ཤ་རུ་བཙན་མདོས་༽ལས། འདོད་ཡོན་ལོངས་སྤྱོད་སྣ་ཚོགས་འདི། །རྒྱུ་འབྱོར་ཡོན་གྱི་བདག་པོ་འདིའི། །ཚེ་སྲོག་གླུད་དུ་ཁྱོད་ལ་འབུལ།། ཟེར་མི་ལྟར་དུ་འབད་བ་ཅིན། བླ་འཕྱོག་སྟེ་འབག་མི་དེ་ ཚུར་ལེན་ནི་གི་ཚབ་དང་རིན་ཨིན་ཟེར་བའི་དོན་དང་།
[15] ༼པར་ཁ་ཟམ་ཐུག་གི་གཏོའི་བཅོས་ཐབས།༽ལས། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །གཟའ་ར་གཟའ་ལུག་རྟེན་དུ་འབུལ།།ཟེར་མི་འདི་དང་། ༼ཆུང་སྲི་མི་ལ་སྤུན་དགུའི་བཀར་བ།༽ལས། གནོད་པ་བྱེད་པའི་ནད་དང་བདུད། །ངར་མི་མཛེས་ཆུང་འདི་ལ་སྤོར།།[15]ཟེར་དོ་བཟུམ་འབད་བ་ཅིན། ན་ཚ་འདི་ཚུ་ནད་པའི་གཟུགས་ཁ་ལས་སྤོ་ཞིནམ་ལས་བཞག་སའི་རྟེན་ཨིན་ཟེར་བའི་དོན་ཨིན་མས།
[16] ༼ཏུན་ཧོང་ཡིག་རྙིང་ལས།༽བཙན་པོའི་སྤུར་ཇི་འདོད་པས་བླུ།31ཟེར་མི་ལྟར་དུ་འབད་བ་ཅིན། བླུ་ཡོན་ཞུ་ནི་ཟེར་བའི་དོན་ཨིན་མས། བླུ་ཡོན་ཞུ་བ་ཟེར་མི་འདི་ རིན་ཐངས་ཆུང་ཀུ་གིས་སྦོམ་ཉོ་བའི་སྐབས་ལུ་སླབ་དོ་ཡོདཔ་ཨིན། དཔེར་ན་དཔེ་དེབ་འདི་གི་རིན་བབས་དངུལ་ཀྲམ་སུམ་བརྒྱ་ཨིན་རུང་། ནང་འཁོད་ཀྱི་མི་ལུ་དངུལ་ཀྲམ་༡༥༠སྦེ་བྱིན་པའི་སྐབས་ལུ་ ཁོ་གིས་དཔེ་ཆ་འདི་ཉོ་ཉོཝ་ཨིན་ཟེར་སླབ་ནི་མེན་པར་། བླུ་ཡོན་ཞུ་ཞུཝ་ཨིན་ཟེར་སླབ་སྲོལ་ཡོད་དོ་བཟུམ་ཅིག་ཨིན།
[17] ༼ཏུན་ཧོང་ཡིག་རྙིང་རྟ་འདུལ་བའི་ཐབས་ལག་ལེན་མྱོང་གྲུབ།༽ ཟེར་མི་འདི་ནང་། བུ་རམ་དཀར་པོ་སྲང་གཉིས་དང་བྱ་གག་གི་སྒོ་ང་གཉིས་ཆང་ཞིམ་པོ་སྐྱོགས་དོའི་ནང་དུ་སྦྱར་ཏེ་གླུད་དོ།། ཟེར་དོ་བཟུམ་འབད་བ་ཅིན་ ཁོ་ལུ་དེ་སྦེ་བྱིན་ཡི་ཟེར་བའི་དོན་ཐོནམ་ཨིན་མས།
[18] ༼ངེད་ཀྱི་སེམས་ཀྱི་ཐེ་ཚོམ་ཅིག་ཞུ་བ་ཅིན། གཡུང་དྲུང་གི་བོན་གྱི་ལྟ་གྲུབ་ཀྱི་འབྱུང་ཁུངས་འདི་འབྱུང་རྩིས་ལུ་ཐུགས་ནི་ཨིན་ན། ཡང་ན་འབྱུང་རྩིས་ཀྱི་འབྱུང་ཁུངས་འདི་བོན་ལུ་ཐུགས་ནི་ཨིན་ན་འདི་ཨིན། ག་ཅི་སྦེ་ཟེར་བ་ཅིན་ཁོང་གཉིས་ཀྱི་ འཇིག་རྟེན་མི་ཆོས་ཀྱི་རིམ་གྲོ་སྒྲུབ་ཐངས་འདི་ཚུ་ཧ་ལམ་ཅོག་རང་འཐད་པས། འདི་གཉིས་ཀྱི་འབྱུང་ཁུངས་ལུ་ཐེ་ཚོམ་ཟ་དགོས་པའི་རྒྱུ་མཚན་ཡང་ཡོད། འབྱུང་རྩིས་རྒྱ་ནག་ལས་བྱུང་ཡོདཔ་དང་། འབྱུང་རྩིས་བྱུང་ས་དེ་ན་ བོན་ལུགས་དར་ཏེ་འདུག ཕྱོགས་གཅིག་ལས་བལྟ་བ་ཅིན། གཡུང་དྲུང་བོན་གྱི་ནང་ལུ་ ཟབ་ཅིང་རྒྱ་ཆེ་བའི་ དབུ་མ། འདུལ་བ། མཛོད། ཕར་ཕྱིན། གསང་སྔགས་ལ་སོགས་པའི་ཟབ་ཅིང་རྒྱ་ཆེ་བའི་ལྟ་གྲུབ་ལེ་ཤ་སྟོན་ནི་འདུག ཨིན་རུང་མནོ་བསམ་ལེ་ཤོམ་སྦེ་གཏང་ཏེ་བལྟ་བ་ཅིན། འཇིག་རྟེན་ནང་གི་དྲག་ཤོས། ལེགས་ཤོས། བཟང་ཤོས་འདི་ཚུ་ སྟོན་པ་གང་ཟག་གཅིག་གིས་ ཆ་ཚང་མཁྱེན་ཏེ་གསུངས་མི་གཅིག་ཡང་མེད། དེ་ཚུ་ག་ར་རིམ་གྱིས་ཡར་རྒྱས་འགྱོ་འགྱོཝ་ཙང་ཙང་ཨིན། ཟབ་ཅིང་རྒྱ་ཆེ་བའི་གཡུང་དྲུང་བོན་གྱི་ལྟ་བ་འདི་ཚུ་ཡང་ དེ་དང་འདྲཝ་སྦེ་ རིམ་གྱིས་ཡར་རྒྱས་འགྱོ་འགྱོཝ་མ་གཏོགས། བོན་གྱི་སྟོན་པ་གཤེན་རབ་མཆོག་གིས་གསུངས་གསུངསམ་ཅིག་མི་འོང་། གལ་སྲིད་ཡོད་ཟེར་བ་ཅིན། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཚིག་སྦྱོར་སྒྲིག་ཐངས་ལྡན་པའི་ ཏུན་ཧང་ཡིག་རྙིང་དང་འདྲ་བའི་ ལྟ་གྲུབ་འདི་ཚུ་སྟོན་པའི་གཞུང་ཅིག་སྟོན་གནང་། འདི་ཡོད་པ་ཅིན་ ཞང་ཞུང་ཁྱུང་ལུང་ཕྱོགས་ལུ་ ཉིན་རེ་ཕྱག་གསུམ་གསུམ་རེ་འཚལ་ནི་ཨིན།
ང་གིས་བལྟ་བ་ཅིན་ གཡུང་དྲུང་བོན་གྱི་ལུགས་འདི་ཡང་ དང་པ་གཏོ་ཤེས་རྩིས་མཁན་གྱི་ འཇིག་རྟེན་མི་ཆོས་ལྟ་བ་ལས་འགོ་བཙུགས་ཞིནམ་ལས་ འཇིག་རྟེན་ལས་འདས་པའི་ཆོས་གཅིག་ལུ་འགྱུར་འགྱུརཝ་བཟུམ་ཅིག་འདུག ག་དེ་སྦེ་ཨིན་རུང་སྭཱ་ཧཿ། ང་དང་ཁྱོད་ཀྱི་བར་ན་རྩིས་སྤྲོད་ལེན་འདིནི་ག་ཅི་ཡང་མེད།༽
[19] སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པར་གྲགས་པའི།  ཆུང་སྲི་མི་ལ་སྤུན་དགུའི་བཀར་བ་ལས། བྱིས་པ་འདི་དང་བརྗེ་བའི་ཡིས། །མཚུངས་ཀྱང་མཚུངས་ལ་ལྷག་ཀྱང་ལྷག །མཉམ་གཉིས་བརྗེ་ན་གླུད་འདི་བཟང་། །མཚུངས་གཉིས་སྤོས་ན་ཡས་འདི་མཚུངས།། ཟེར་འདུག གཞུང་འདི་གུ་རུ་རང་གི་གསུང་ཨིན་པ་ཅིན། ནང་པའི་མདོས་ཆོག་ཧ་ཤོས་འདི་འོང་།

[20] ཟང་གཏེར་མཁའ་འགྲོ་སྐལ་བཟང་གི་ཁྲིད་གཞུང་ལས། ཚོན་སྣ་ལྔའི་སྐུད་པ་ལ་ཡུམ་ལྔའི་༼༡སྐལ་པ་བཟང་མོ། ༢ནེ་སླས་རྒྱལ་མོ།  ༣ལན་བརྒྱད་རྒྱལ་མོ། ༤ཚངས་སྟང་རྒྱལ་མོ། ༥ཏིང་ནམ་རྒྱལ་མོ།༽སྔགས་མདུད་བྱས་ནས། གླ་བ་དང་སིན་དྷུ་ར་དང་། སྤོས་དྲི་སྣ་ཚོགས་ཀྱིས་བྱུག་པ་བྱས་ལ། བསྭོ་ཨཱོྃ་མ་མ་ཧ་ར་བྲུྃ་སྤུངས་གཤེན་པོ་བདག་ལ་སྲུངས་ཤིག