Monday, July 28, 2014

རྒྱ་གར་ནང་པའི་གནས་ཆེན་བརྒྱད།



རྒྱ་གར་ནང་པའི་གནས་ཆེན་བརྒྱད།

སྐད་ཡིག  རྫོང་ཁ།
གནས་ཆེན་དེ་ཚུ་གི་སྐོར་ལས་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྐབས་ལུ་བཤད་ཚརཝ་ལས་ ན་ལས་མར་ངོ་སྤྲོད་ཙམ་རེ་ཞུ་གེ།
གནས་ཆེན་བརྒྱད་ཟེར་མི་འདི་ཡང་། སྐུ་འཁྲུངས་པའི་གནས་ལུམྦི་ནི། སངས་རྒྱས་པའི་གནས་རྡོ་རྗེ་གདན། ཆོས་འཁོར་བསྐོར་བའི་གནས་ཝཱ་རཱ་ཎཱ་སི། མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་དང་བཅས་ཏེ་བཞི་ལུ། སྐུ་ཚེ་བྱིན་གྱིས་བརླབས་པའི་ཡངས་པ་ཅན། མུ་སྟེགས་སྟོན་པ་སྡེ་དྲུག་བཏུལ་བའི་གནས་མཉན་ཡོད། དགེ་འདུན་དབྱེན་ཟླུམ་པའི་གནས་རྒྱལ་པོའི་ཁབ། ལྷ་ལས་བབས་པའི་གནས་ལྷ་བབས་དང་བཅས་ཏེ་བརྒྱད་ཨིན།
ལུམྦི་ནི།

གནས་ཆེན་འདི་ནང་ལུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག ཡབ་རྒྱལཔོ་ཟས་གཙང་དང་། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སྦེ། ས་ག་ཟླ་བའི་ཚེས་བཅོ་ལྔ་ལུ་སྐུ་འཁྲུངས་ནུག།
གནས་འདི་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སོ་ན་ལི་ལས་ཀི་ལོ་མི་ཀྲར་༢༧་གྱི་ས་ཁར་ཡོད། ད་རེས་ནངས་པ་ལུམྦི་ནིའི་ས་ཁོངས་འདི་ལུ་རུ་མེནྡྲི་ཟེར་སླབ་ཨིན་པས། གནས་འདི་གི་མཚན་ལུ་ལུམྦི་ནི་ཟེར་ཞུ་དགོ་མི་འདི་ཡང་སྐྱེད་ཚལ་ལྡུམ་ར་འདི་སྟོན་པ་མཆོག་གི་ཨ་ཞེམོ་ལུམྦི་ནི་ཟེར་མི་འདི་གི་དོན་ལུ་བཟོ་བསྐྲུན་འབད་ཡོདཔ་ལས་བརྟེན་ཏེ། ས་གནས་དེ་གི་མིང་ལུ་ཡང་ལུམྦི་ནི་ཟེར་བཏགས་གནང་ནུག།
ད་ལྟོ་མཇལ་ནི་ཡོད་པའི་ལོ་རྒྱུས།
གནས་ཀྱི་འཛུལ་སྒོ་ལས་གཡོན་ཁ་ཐུག་ཡོད་པའི་ས་པག་ཅུང་གྱང་ཁོག་གི་ཤུལ་ཡོད་མི་འདི་དུས་རབས་བཞི་པ་དང་ལྔ་པའི་རྒྱལཔོ་གུཔྟའི་སྐབས་ལུ་བཞེངས་ཡོད་པའི་གཙུག་ལག་ཁང་གི་ཤུལ་རྙིངམ་ཨིན་པས། དེ་གི་གདོང་ཕྱོགས་ལུ་བྱང་ཆུབ་ཤིང་གཅིག་དང་ཆུའི་རྫིང་གཅིག་ཡོད། གཏམ་རྒྱུད་ཐོག་ལས་བཤད་དོ་བཟུམ་འབད་བ་ཅིན། སྟོན་པ་སྐུ་མ་འཁྲུངས་པའི་ཧེ་མ་ཡུམ་སྐུ་ཁྲུས་གནང་ས་ཨིན་ཟེར་བཤདཔ་ཨིན་མས། ག་དེ་སྦེ་ཨིན་རུང་མཚོ་འདི་ཧེ་མ་བསྐམ་ཚར་ཏེ་ཡོད་རུང་ཤུལ་རྙིངམ་འདི་ཁར་ཤུལ་ལས་བལ་ཡུལ་གཞུང་གིས་གསར་སྒྲུབ་མཛད་གནང་ནུག ཆུ་རྫིང་གི་ཉེ་འདབས་ལུ་མ་ཡཱ་དེ་བི་གི་གཙུག་ལག་ཁང་དང་། འདི་གི་རྒྱབ་ལུ་ཆོས་རྒྱལ་ཨ་ཤོ་ཀའི་༼ཆོས་རྒྱལ་མྱ་ངན་མེད༽ཀ་ཆེན་དེ་ཡོད།།
གཙུག་ལག་ཁང་འདི་གི་ནང་ལུ་སྟོན་པའི་འཁྲུངས་རབས་རྡོ་གུ་བྲིས་བྲིཝ་གི་ནང་ལས་ཡུམ་མ་ཡཱ་དེ་བི་གི་ཕྱག་གཡསཔ་ཤིང་གི་ཞལ་ལག་གུ་བཟུང་མི་དང་རྒྱལ་སྲས་མེ་ཏོག་པདྨའི་ཐོག་ཁར་གོམ་པ་སྤོ་བའི་ཚུལ་སྦེ་བཞུགས་མི་གཅིག་མཇལ་ནི་ཡོད། མ་ཡཱ་དེ་བིའི་གཙུག་ལག་ཁང་འདི་སྟོན་པ་མཆོག་སྐུ་འཁྲུངས་སའི་གནས་ཨིན། གཙུག་ལག་ཁང་འདི་ཕྱི་ཁར་ལས་གསར་བཞེངས་ཨིན་རུང་། ནང་ན་གྱི་རྙིང་ཤུལ་འདི་ཆོས་རྒྱལ་མྱ་ངན་མེད་དང་གུཔྟའི་སྐབས་ཀྱི་ཨིནམ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་ཡོད་པའི་མཆོད་རྟེན་འདི་བསྒྱུར་བཅོས་མ་འབད་བར་འདི་གུ་ལུ་གུཔྟའི་སྐབས་ལུ་གཙུག་ལག་ཁང་བཞེངས་གནང་གནངམ་ཨིན་མས།།

རྡོ་རྗེ་གདན། Bodh Gaya
གནས་ཆེན་འདི་ནང་ལུ་རྒྱལ་བ་ཤཱཀྱ་ཐུབ་པ་མཆོག་གིས་ཕྱི་རུ་བདུད་བཏུལ། ནུབ་ཕྱེད་ལུ་མཉམ་པར་གཞག ཐོ་རངས་ཀྱི་དུས་ལུ་སངས་རྒྱས་པའི་མཛད་པ་སྟོན་གནང་ནུག།
རྡོ་རྗེ་གདན་གྱི་གནས་འདི་རྒྱ་གར་གྱི་མངའ་སྡེ་བི་ཧཱར་གྱི་ས་ཁོངས་ནང་ལུ་ཆགས་ཏེ་ཡོདཔ་ཨིན། ད་རེས་ནངས་པ་གནས་འདི་གི་མཚན་ལུ་བུ་དྷ་གཱ་ཡ་ཟེར་ཞུཝ་ཨིན། གནས་འདི་ཁ་ལུ་གཱ་ཡ་ཁྲོམ་ལས་འབད་བ་ཅིན་ཀི་ལོ་མི་ཊར་༡༦དང་། པཊ་ན་ལས་༡༡༢གྱི་ས་ཁར་ཆགས་ཏེ་ཡོད།
ཆུ་བོ་ནིརཉྫ་ནའི་ཉེ་འདབས་ལུ་འཛམ་གླིང་སའི་ལྟེ་བ་ཆགས་ཡོད་པའི་གནས་མཆོག་རྡོ་རྗེ་གདན་འདི། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་སའི་གནས་ཨིནམ་ལས་བརྟེན། གནས་ཀྱི་ནང་ལས་རྩ་ཆེ་ཏོག་ཏོ་གཅིག་སྦེ་འགྱུར་ཏེ་ཡོད། དེ་སྦེ་ཨིན་དགོ་མི་གནད་དོན་ཡང་འདས་པའི་སངས་རྒྱས་ཚུ་ཡང་སངས་རྒྱས་ས་འདི་ཁ་ཨིན་པའི་ཁར། ད་ལྟ་བའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་འདི་ཁར་སངས་རྒྱས་རྒྱསཔ་ཨིནམ་དང་། འདི་བཟུམ་སྦེ་མ་འོངས་པའི་སངས་རྒྱས་ཚུ་ཡང་གནས་འདི་ཁར་འབྱོན་ཏེ་སངས་རྒྱས་ནི་ཨིནམ་ལས་བརྟེན་ཏེ་ཨིན་མས།།


བྱང་ཆུབ་མཆོད་རྟེན་གྱི་ལོ་རྒྱུས།
རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་བཞེངས་མིའི་སྐོར་ལས་བཤད་ཐང་མ་འདྲཝ་མང་རབས་ཅིག་ཡོད། བོད་ཀྱི་མཁས་དབང་ཚུ་གིས་གསུང་དོ་བཟུམ་འབད་བ་ཅིན། མཆོད་རྟེན་འདི་དང་པ་རང་བྲམ་ཟེ་མོ་ཛ་སའི་བུ་ཆུང་ཤོས་ཀྱིས་བཞེངས་ཡོདཔ་སྦེ་ཨིནམ་མ་ཚད། ནང་ན་གི་སྟོན་པའི་སྐུ་འདྲ་ཡང་ཁོ་གི་སྐབས་ཀྱི་ཨིན་ཟེར་བཤད་སྲོལ་འདུག མཐའ་བསྐོར་རྐྱབ་ཡོད་པའི་རྡོ་རིས་ཀྱི་རྭཝ་དང་མཆོད་རྟེན་གྱི་རྩེ་མོ་ལུ་ཡོད་པའི་མཆོད་རྟེན་ཆུང་ཀུ་འདི་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་ཏེ་ནང་གཟུངས་སྟོན་པའི་རིང་བསྲེལ་བྲེ་གང་བཞུགས་ཏེ་ཡོདཔ་སྦེ་སླབ་ཚུལ་ཡོད།།
གནའ་ཤུལ་བརྟག་ཞིབ་མཁས་མཆོག་ཚུ་གིས་འབད་བ་ཅིན་ཆོས་རྒྱལ་ཨ་ཤོ་ཀ་དང་གུཔྟའི་སྐབས་ལུ་བཞེངས་ཡོདཔ་སྦེ་ཁས་ལེནམ་ཨིན། ད་རེས་ནངས་པ་གིས་བཤད་ཚུལ་དང་བསྟུན་པ་ཅིན་བྱང་ཆུབ་མཆོད་རྟེན་འདི་ཚར་༣་དེ་ཅིག་བསྐྱར་བཟོ་འབད་ནུག་ཟེར་ཨིན་མས། དང་པ་རང་ཆོས་རྒྱལ་ཨ་ཤོ་ཀ་གིས་སྤྱི་ལོའི་སྔོན་གྱི་ལོ་ངོ་༢༥༩(259 B.C.E)ནང་ལུ་བྱང་ཆུབ་ཤིང་གི་རྩྭ་བར་ཤཱཀྱ་ཐུབ་པ་སངས་རྒྱས་སའི་ས་ཁར་བཞུགས་ཁྲི་གཅིག་དང་། བྱང་ཆུབ་ཤིང་གི་མཐའ་སྐོར་རྐྱབ་རྡོ་རིས་ཀྱི་ཀཝ། བཞུགས་ཁྲིའི་ཉིན་འདུག ཤར་ཁ་ཐུག་གི་སྒོ་ར་སྒོ་ཚུ་བཟོ་ནུག་ཟེར་ཨིནམ་དང།
ད་རེས་ཡོད་མི་བྱང་ཆུབ་མཆོད་རྟེན་འདི། དུས་རབས་གཉིས་པའི་རྒྱལཔོ་ཧུ་བིཥྐ་(Huviska)གིས་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་ཡོད་པའི་བཞུགས་ཁྲིའི་གུ་ལུ་བཞེངས་ནུག་ཟེར་ཨིན་མས། ཧུ་བིཥྐ་འདི་ཀ་ཎིཥྐའི་ཤུལ་མ་ཀུ་ཥཱ་ཎ་གི་རྒྱལ་བརྒྱུད་གཉིས་པ་ཨིན་མས།།

ཝཱ་རཱ་ཎ་སཱི། ཀཱ་ཤི། བ་ན་རས། སཱ་ར་ནཱ་ཐ།
དྲང་སྲོང་ལྷུང་བ་རིགས་དྭགས་ཀྱི་ནགས། རྀ་ཥི་པ་ཏན་མྲྀ་ག་དཱ་བ།
ཝཱ་རཱ་ཎ་སཱི་འདི་སྟོན་པ་མཆོག་དང་འཁོར་ལྔ་སྡེ་བཟང་པོ་ཚུ་ལོ་དྲུག་དཀའ་བ་སྤྱད་ས་ལས་ཁ་བྱལ་ཞིནམ་ལས་འགོ་དང་པ་མཇལ་ས་དང་། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ས་ཨིནམ་མ་ཚད། ནང་པའི་ཆོས་ཀྱི་རྩ་བའི་འབྱུང་ཁུངས་ངོ་མ་ཅིག་ཨིན།།
དྷརྨ་རཱ་ཇི་ཀཱའི་མཆོད་རྟེན། Dharmarajika Stupa
གནས་ཀྱི་འཛུལ་སྒོ་ནང་ལས་དྷ་མེག་མཆོད་རྟེན་ལུ་བྱོན་སའི་ལམ་གྱི་གཡོན་ཁ་ཐུག་ལུ། དྷརྨ་རཱ་ཇི་ཀཱ་མཆོད་རྟེན་གྱི་ཤུལ་རྙིངམ་ཡོད། མཆོད་རྟེན་འདི་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་གནང་པའི་སྐབས་ལུ་རྒྱ་ཚད་མི་ཊར་༡༣,༤༩ ཡོདཔ་ཨིན་རུང་འདི་གུ་རྒྱ་སྐྱེད་གསར་ཐེབས་འགོ་དང་པ་ཀུ་ཥཱ་ཎའི་སྐབས་ལུ་སྐྱེལ་ནུག།
སྤྱི་ལོ་༥༠༠དང་༦༠༠འི་ནང་ལུ་རྒྱ་སྐྱེད་བཏངམ་དང་གཅིག་ཁར་སྐོར་ལམ་རྒྱ་ཚད་མི་ཊར་༤་༨༨དང་མཐའ་བསྐོར་ལུ་རྩིག་སྐོར་མཐོ་ཚད་མི་ཊར་༡༣༥དང་ཕྱོགས་བཞི་ལུ་འཛུལ་སྒོ་བཞི་ཡང་བཟོ་གནང་ནུག དུས་རབས་༧པའི་ནང་ལུ་སྐོར་ལམ་ཁ་སྐོང་འབད་དེ་ཕྱོགས་བཞིའི་འཛུལ་སྒོ་༤རྡོ་རིང་ཡུག་གཅིགམ་གྱི་བཙུགས་ནུག འདི་གི་ཤུལ་མ་ཁ་སྐོང་ཚར་གཅིག་དུས་རབས་༩་པའི་ནང་ལུ་དང་། མཇུག་ར་ཀུ་མཱ་རཱ་དེ་བི་གིས་དུས་རབས་༡༢ནང་ལུ་ཉམས་བཅོས་མཛད་ནུག ཇཱ་གཏ་སིང་གིས་སྤྱི་ལོ་༡༧༩༤ལུ་ཆུ་མོ་གངྒཱའི་ནང་ལུ་བཤགས་བཏང་མི་སྟོན་པའི་རིང་བསྲེལ་ཡང་མཆོད་རྟེན་འདི་གི་ནང་གཟུངས་ཨིན་པས།།

མུལ་གནྡྷ་ཀུ་ཊི། ༼དྲི་གཙང་ཁང་།༽ Main Buddhist Shrine
དྲི་གཙང་ཁང་འདི་ཡི་འཛུལ་སྒོ་ཤར་ཕྱོགས་ཁ་ཐུག་དང་། རྒྱ་ཚད་ཕྱོགས་རེ་ནང་ལུ་མི་ཊར་༡༨, ༢༩ ཡོདཔ་ཨིན།།
རྒྱ་ནག་གི་དགེ་སློང་ཐང་སན་ཙང་གི་ཐོ་ཡིག་དང་འཁྲིལ་བ་ཅིན། ཆོས་ཁང་གི་མཐོ་ཚད་མི་ཊར་༦༡ཡོདཔ་དང་། སྟོན་པ་བཅོམ་ལྡན་འདས་བཞུགས་པའི་སྐབས་ལུ་འདི་ནང་བསྒོམ་གནང་ས་དང་། ཆོས་ཁང་འདི་གི་རྡོ་གཅལ་ནང་ལུ་ཡར་མར་བྱོན་ཏེ་བཞུགས་ས་ཨིན་སྦེ་ཟེར་བཀོད་དེ་འདུག ས་ཁོངས་འདི་ཁར་ལས་སྟོན་པའི་སྐུ་འདྲ་སྦོམ་ཅིག་ཐོབ་ཡོདཔ་ཨིན་མས། སྐུ་འདྲ་འདི་དུས་རབས་དང་པོའི་ནང་། མཱ་ཐུ་རཱ་ལས་ཨིན་མི་བྷིཀྵུ་བཱ་ལཱ་གྱིས་ཕུལ་ནུག།

ཨ་ཤོ་ཀའི་རྡོ་རིང་ཀ་ཆེན།Asoka Pillar
རྡོ་རིང་ཡུག་གཅིགམ་གྱི་ཀ་ཆེན་གྱི་མགུ་ཏོག་འདི་སེངྒེ་ཕྱོགས་བཞི་ལུ་གཟིགས་ཏེ་ཡོད་མི་རེ་རེ་འདུག འདི་གུ་འཁོར་ལོ་རྩིབས་༣༢སྦེ་མི་ཡང་ཡོདཔ་ཨིན་པས། འཁོར་ལོའི་རྩིབས་༣༢ ཡོད་མི་འདི་སངས་རྒྱས་ལུ་མཚན་བཟང་པོ་༣༢ ཡོད་པའི་རྟགས་མཚན་དང་། ཆོས་ཀྱི་འཁོར་ལོ་མཚོན་བྱེད་ཀྱི་རྟགས་ཡང་ཨིན་པས། དེ་ལས་ཀ་ཆེན་གྱི་ཏོག་སེངྒེ་བཞི་ཡོད་མི་འདི་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་སྐབས་ལུ་གཞན་ལུ་འཇིགས་པ་མེད་པའི་མི་འཇིགས་པ་བཞིའི་བརྡ་མཚོན་ཨིན་པས།།
དྷ་མེག་མཆོད་རྟེན། Dhamek stupa
མཆོད་རྟེན་འདི་གནས་ཀྱི་ས་ཁོངས་ནང་གི་མཆོད་རྟེན་མཛེས་ཤོས་དང་སྦོམ་ཤོས་ཅིག་ཨིན་པའི་ཁར་། གནས་འདི་དང་ཕུག་ལས་རང་སྙན་གྲགས་དང་བརྩི་མཐོང་ཡོད་པའི་རྟགས་མཚན་ལུ་མཆོད་རྟེན་ཚུ་གི་གྲངས་སུ་ལས་འདི་རྐྱངམ་ཅིག་བཞུགས་ནུག མཆོད་རྟེན་འདི་གི་བཟོ་རྣམ་འདི་རྒྱ་རྫི་བཟུམ་དང་། རྒྱ་ཚད་མི་ཊར་༢༨,༥༠མཐོ་ཚད་འགྱམ་མ་བརྩི་བར་མི་ཊར་༣༣,༥༣ དང་། འགྱམ་བརྩི་བ་ཅིན་མི་ཊར་༤༢,༠༦ ཡོདཔ་ཨིན། མཆོད་རྟེན་གྱི་གཞི་བཀོད་འདི་སྤྱིར་བཏང་གཤམ་གྲུ་བཞི་ནར་ནར་སྦེ་འགྱམ་རྡོའི་རྩིགཔ་ཚུ་ལུ་མ་བརྟེན་པར་ས་གཞི་གུ་ལས་རྩིགཔ་གིས་འབད་བཟོ་བཀོད་སྒོར་སྒོར་བཟོ་སྟེ་མཐོ་ཚད་མི་ཊར་༡༡,༢༠ དེའི་གུ་ལས་ཡར་ས་པག་ཅུང་གིས་སྦེ་བཟོ་བསྐྲུན་འབད་དེ་འདུག མཐོ་ཚད་ཕྱེད་ཀ་ལས་ཕར་རྩིག་ཁུག་བརྒྱད་ཡོད་མི་ནང་ལུ་སྔོན་མ་སྟོན་པའི་སྐུ་འདྲ་རེ་ཡོད་དོ་མས། དེའི་བར་ན་ལས་ཕར་གཡུང་དྲུང་དང་མེ་ཏོག བྱ་དང་མི་གི་པ་ཏྲ་བརྐོ་སྟེ་ཡོད་མི་ཚུ་རྒྱལཔོ་གུཔྟའི་སྐབས་ཀྱི་ཨིན་པས། རང་གི་བསམ་འཆར་ལུ་འབད་བ་ཅིན། མཆོད་རྟེན་འདི་ཆོས་ཀྱི་འཁོར་ལོ་འདི་ལུ་གཞི་བཞག་སྟེ་བཞེངས་ནུགའདི་ཡང་མཆོད་རྟེན་གྱི་བཟོ་བལྟ་འདི་འཁོར་ལོ་དང་འདྲ་བའི་ཁར་ཕྱེད་ཀ་ལས་ཕར་རྩིག་ཁུག་བརྒྱད་སྦེ་ཡོད་མི་འཁོར་ལོའི་རྩིབས་བརྒྱད་ཀྱི་རྟགས་མཚན་ཨིན་པས། རྒྱུ་མཚན་འདི་ལས་བརྟེན་མཆོད་རྟེན་འདི་གི་མཚན་ཡང་དྷརྨ་ཅ་ཀྲ་ཟེར་བཏགས་གནང་གནངམ་ཨིན་པས་ཟེར་ཞུ་ནི་ཨིན།།

ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས།
དྷ་མེག་མཆོད་རྟེན་ནང་ལས་རྡོ་བརྐོས་ཡི་གུ་ཅིག་ཐོབ་ཡོད་མི་གུ་ལུ་མཆོད་རྟེན་འདི་ཡི་མཚན་དྷརྨ་ཅ་ཀྲ་ཟེར་བཀོད་དེ་ཡོདཔ་ལས་བརྟེན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པ་བསྐོར་གནང་སའི་ས་ཁོངས་ཡང་འདི་ཁར་ཨིནམ་སྦེ་བཤད་དོ་ཡོདཔ་ཨིན། ཨིན་རུང་ཨ་ཤོ་ཀའི་རྡོ་རིང་དང་མཆོད་དེ་ཚུ་ག་ར་ད་ཅི་གོང་ལུ་ཞུ་མི་ས་ཁོངས་དེ་ཚུ་ནང་ཨིནམ་ལས་ཆོས་འཁོར་བསྐོར་སའི་ས་ཁོངས་ཡང་དེ་དང་འབྲེལ་བ་ཡོད་པའི་ས་ཁོངས་ཅིག་ནང་དགོཔ་ཨིནམ་དང་། དགེ་འདུན་ཆོས་འཕེལ་གྱིས་བཤད་དོ་བཟུམ་འབད་བ་ཅིན། ཆོས་འཁོར་གནས་ཀྱི་མཐའ་འཁོར་ལུ་རྡོའི་ལྕགས་རི་བསྒོར་ཏེ་ཡོད་ཟེར་གསུངས་ཡོདཔ་ལས། དྲི་གཙང་ཁང་གི་ནང་ན་ཡོད་པའི་མཆོད་རྟེན་ཞིག་རོ་ཕྱི་ཁ་ལས་རྡོ་ཡུག་གཅིགམ་གྱི་ལྕགས་རི་བསྒོར་ཏེ་ཡོད་མི་དེ་ཆོས་འཁོར་གྱི་ས་གནས་ངོ་མ་ཨིནམ་བཟུམ་ཅིག་འདུག།


རྒྱལ་པོའི་ཁབ། Rajgir
གནས་འདི་ནང་ལུ་སྟོན་པ་མཆོག་གིས་ཁྱིམ་བདག་དཔལ་སྦས་དང་། གླང་པོ་ནོར་སྐྱོང་གཉིས་བཏུལ་གནང་ཡོདཔ་མ་ཚད། རྒྱལཔོ་གཟུགས་ཅན་སྙིང་པོ་གིས་སྦྱིན་བདག་མཛད་དེ་ཆོས་མང་རབས་ཅིག་གསུངས་ནུག དེ་ལས་རྒྱལཔོ་གཟུགས་ཅན་སྙིང་པོའི་རྒྱལ་ཁབ་ཀྱི་ལྟེ་བ་ཡང་གནས་འདི་ནང་ལུ་ཨིནམ་མ་ཚད། དགེ་འདུན་དབྱེན་ཟླུམ་པའི་གནས། བཀའ་བསྡུ་དང་པ་མཛད་ས་གི་གནས་ཡང་རྒྱལ་པོའི་ཁབ་ལུ་ཨིན་མས།
དེ་ལས་གཞན་ཡང་སྟོན་པ་བཞུགས་སའི་གནས་མང་རབས་ཅིག་ཡོད་པའི་གྲངས་སུ་ལས་གནས་འདི་ཐུགས་མཉེས་ཤོས་ཅིག་ཨིནམ་དང་། གནས་འདི་ནང་བཞུགས་པའི་སྐབས་ལུ་མང་ཤོས་ཅིག་རང་སྤག་ཤིང་གི་ལྡུམ་ར་དང་། ༼བེ་ནུ་ཝན༽ བྱ་རྒོད་ཕུང་པོའི་རི་༼གིར་དྷ་ཀུ་ཊི༽ལུ་བཞུགས་དོ་ཡོདཔ་ལས། སྟོན་པ་མཆོག་གིས་འཁོར་སློབ་མ་ཚུ་ལུ་ཆོས་མང་རབས་ཅིག་གནས་འདི་གཉིས་ནང་གསུངས་གནང་ཡོདཔ་ཨིན་མས།།
རྒྱལ་པོའི་ཁབ་ལུ་ས་གནས་གཞན་ཡང་། བྱ་རྒོད་ཕུང་པོའི་རི། (Gridhakuti Hill) སོ་ན་བྷན་ཌཪ། (Sonabander) འོད་མའི་ཚལ། (The Venuvana) ལོ་མ་བདུན་པའི་རི་ཕུག (Saptapani Cave) གཟུགས་ཅན་སྙིང་པོའི་བཙོན་ཁང་(Bimvisara Jail) ལ་སོགས་པ་ཚུ་ཡང་མཇལ་ནི་ཡོད།

མཉན་ཡོད། ཤྲ་བསྟི། Sravasti
སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་དབྱར་གནས་ཐེངས་༢༥ འི་རིང་བཞུགས་ས་དང་། མུ་སྟེགས་པའི་སྟོན་པ་སྡེ་དྲུག་དང་རྫུ་འཕྲུལ་འགྲན་བསྡུར་གནང་ས་། དེ་ལས་སྡིག་ཅན་སོར་མོའི་ཕྲེང་བ་ཡང་དག་པའི་ལམ་ལུ་བཙུགས་གནང་སའི་གནས་ཨིན།།

ལྷ་བབས་གནས། Sankisa
གནས་འདི་ནང་ལུ་སྟོན་པ་བཅོམ་ལྡན་འདས་ལྷ་ཡི་གཡུས་ལུ་ཕེབས་ཏེ། ཡུམ་སྒྱུ་འཕྲུལ་ལྷ་མཛེས་དང་ལྷ་ཚུ་ལུ་ཆོས་གནང་ཏེ་ཟླཝ་༣དེ་ཅིག་བཞུགས་པའི་ཤུལ་ལས། ལྷ་ཡི་གཡུས་ལས་ས་གནས་འདི་ནང་ལུ་བབས་ཏེ་འབྱོན་ནུག།

རྩྭ་མཆོག་གྲོང་། Kushinagar
གནས་འདི་ནང་ལུ་སྟོན་པ་ཤཱཀྱ་ཐུབ་པ་མཆོག་དགུང་ལོ་༨༠འམ་༨༡ལུ་མྱ་ངན་ལས་འདས་པའི་མཛད་པ་སྟོན་གནང་ཡི་ཟེར་བཤད་ཐང་མ་འདྲཝ་༢ཡོད། དེ་ལས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་གདུང་མེ་མཆོད་ཕུལ་ས་ཡང་ས་གནས་འདི་ནང་ཨིན་པས་ཟེར་ཞུ་ནི་ཨིན།།
མྱ་ངན་ལས་འདས་པའི་གཙུག་ལག་ཁང་། Nirvana Temple
གནས་ཀྱི་འཛུལ་སྒོ་ལས་བྱོནམ་ད་གདོང་ཕྲང་སྟེ་ཡོད་མི་གཙུག་ལག་ཁང་ནང་ལུ་སྟོན་པ་བཅོམ་ལྡན་འདས་གཟིམས་ཏེ་བཞུགས་བཞུགསཔ་བཟུམ་ཡོད་པའི་སྐུ་འདྲ་ཡོད་མི་ས་ཁོངས་འདི་མྱ་ངན་ལས་འདས་པའི་གཙུག་ལག་ཁང་ཨིན། ད་རེས་ཡོད་མི་གཙུག་ལག་ཁང་འདི་སྤྱི་ལོ་༡༩༥༦གི་ལོ་ལུ་རྒྱ་གར་གཞུང་གིས་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ཏེ་ལོ་གྲངས་༢༥༠༠འཁོར་བའི་དུས་སྟོན་བརྩི་སྲུང་དང་འཁྲིལ་ཏེ་བཞེངས་ཡོདཔ་མས། ནང་ན་གི་སྟོན་པའི་སྐུ་འདྲ་རིང་ཚད་མི་ཊར་༦.༡ ཡོད་མི་འདི་བྱེམ་གྱི་རྡོ་དམརཔོ་ཕུད་རྡོག་གཅིག་གིས་འབད་བཞེངས་ཡོདཔ་ཨིན་པས། སྐུ་འདྲ་འདི་གི་དབུ་བྱང་ཁ་ཐུག་དང་ཞལ་འདི་ནུབ་ཁ་ཐུག་སྦེ་ཡོད།འདི་བཞེངས་ཏེ་ལོ་ངོ་འབད་བ་ཅིན་༡༥༠༠དེ་ཅིག་སོང་ནུག།

མྱ་ངན་ལས་འདས་པའི་མཆོད་རྟེན།
མྱ་ངན་ལས་འདས་པའི་གཙུག་ལག་ཁང་གི་རྒྱབ་ཁར་མྱ་ངན་ལས་འདས་པའི་མཆོད་རྟེན་བཟོ་རྣམ་རྒྱགས་རྫི་བཟུམ་དང་ཐོགས་ཚད་ཕིཊ་༧༥འབད་མི་ཅིག་ཡོད། མཆོད་རྟེན་འདི་ཡང་༡༩༢༧གྱི་ལོ་ལུ་ཉམས་གསོ་ཞུ་ཡོདཔ་ཨིན། མཆོད་རྟེན་འདི་སྟོན་པ་བཅོམ་ལྡན་འདས་སཱ་ལའི་ཤིང་གཉིས་ཀྱི་བར་ན་མྱ་ངན་ལས་འདས་པའི་ས་ཁོངས་ནང་ལུ་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་ཡོད་པའི་མཆོད་རྟེན་འདི་ཁར་ལས་ཕར་ཤོ་བསྒྲིགས་ཏེ་གཅིག་གི་ཕྱི་ཁ་ལས་གཅིག་སྦེ་མཆོད་རྟེན་ལེ་ཤ་ཅིག་བཞེངས་ཡོདཔ་ཨིན་མས།། ད་རེས་མཇལ་ནི་ཡོད་མི་འདི་ཧེ་མ་ལས་ཡོད་མི་མཆོད་རྟེན་གྱི་ཤུལ་རྙིངམ་འདི་གི་ཕྱི་ཁར་ལས་སྦེ་ཉམས་བཅོས་དང་བསྐྱར་གསོ་འབད་ཡོདཔ་ཨིན་པས།།

ཡངས་པ་ཅན། བཻ་ཤཱ་ལི། Vaishali
གནས་འདི་ནང་སྟོན་པ་བཅོམ་ལྡན་འདས་མཆོག་གིས་བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ས་དང་། སྤྱ་ཚུ་གིས་སྟོན་པ་མཆོག་ལུ་སྦྲང་རྩི་དང་གསོལ་ཆུ་ཕུལ་ས་ཨིནམ་མ་ཚད། སྐུ་ཚེ་བྱིན་གྱིས་བརླབས་པ། མྱ་ངན་ལས་འདའ་ནིའི་ཞལ་ཆེམས་གསུངས་གནང་ས་ཨིན་མས།

No comments: