Monday, July 28, 2014

ཆོས་སྐད་སྡེབ་སྦྱོར།



སྤྱི་ཚོགས་རྩོམ་རིག།
༼༢༽༼༡༽༼༢༽༼༡༽༼༢༽        ༼༢༽༼༡༽༼༢༽༼༡༽༼༢༽
ཁྱོད་ལ་ཡང་བྱ་རྒྱུ་ཞིག་མི་འདུག །ང་ལ་ཡང་རེ་བ་འདི་ཟད་དུས།།
གང་ལྟར་ཡང་ང་གཉིས་ཀྱི་མི་ཚེ། །རི་དྭགས་ཀྱི་རྭ་བ་དང་འདྲ་སོང་།།
༈ དེ་ཡང་མི་དམངས་སྤྱི་ཚོགས་ཀྱི་ལག་ལེན་དུ་ཡོད་ཅིང་། བཀའ་དང་བསྟན་བཅོས་ཀྱི་ཁུངས་སུ་མ་འདུས་པའི་རྩོམ་རིག་ཞིག་ལ་སྤྱི་ཚོགས་རྩོམ་རིག་ཅེས་བྱ་བ་ཡིན། རྩོམ་རིག་གི་འགྲོས་ངོ་མ་ཤེས་དགོས་ན་ཧི་མཱ་ལ་ཡའི་མི་བརྒྱུད་རང་གི་སྤྱི་ཚོགས་རྩོམ་རིག་གི་རྩོམ་འགྲོས་གང་འདྲ་ཞིག་ཡོད་མིན་བལྟ་དགོས། རྒྱ་གར་གྱི་བཀའ་བསྟན་དེ་དག་སྐད་རིགས་གཞན་དུ་བརྩམས་པའི་དབང་གིས་རྩོམ་འགྲོས་དེ་ཡང་སྐད་རིགས་གཞན་གྱི་རྩོམ་འགྲོས་སུ་སོང་བ་དང་། བོད་ཀྱི་བསྟན་བཅོས་འདི་དག་ཀྱང་སྐད་རིགས་གཞན་གྱི་ཤན་ཞུགས་འདུག་པའི་དབང་གིས་། དེ་ལ་བརྟེན་ནས་རང་རིགས་ཀྱི་རྩོམ་འགྲོས་གང་འདྲ་ཞིག་ཡོད་པའི་ཚོད་དཔག་བྱེད་མི་ཐུབ། དེར་བརྟེན་ཧི་མཱ་ལ་ཡའི་མི་རྒྱུད་ཀྱི་སྤྱི་ཚོགས་རྩོམ་རིག་གང་འདྲ་ཞིག་ཡིན་མིན་གྱི་ཐད་ལ། རྣམ་རྟོག་སྐྱེ་བའི་ས་བོན་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན།

སྡེབ་སྦྱོར་གྱི་སྔོན་འགྲོ།

༈ སྤྱི་ཚོགས་རྩོམ་རིག་ཤེས་པ་ལ་ཐོག་མར་ཚིགས་བཅད་སྡེབ་ལུགས་ཀྱི་སྡེབ་སྦྱོར་ཤེས་དགོས། དེ་ཡང་ལེགས་སྦྱར་གྱི་ཚིགས་བཅད་ལ་སྡེབ་སྦྱོར་ཡོད་པ་ལྟར། ཆོས་སྐད་དང་རང་རེའི་རྫོང་ཁའི་ཚིགས་བཅད་ལའང་སྡེབ་སྦྱོར་ལོགས་སུ་ཡོད། སྡེབ་སྦྱོར་ཞེས་པ་དེ། ཡི་གེའི་དག་ཆ་ལ་གོ་རྒྱུ་མིན་པར། ཚིགས་བཅད་སྒྲིག་པའི་ཚེ། ཚིགས་བཅད་ཀྱི་རྐང་པ་གཅིག་ལ་ཚིག་འབྲུ་ཇི་ཙམ་ཡོད་པ་དང་། ཚིག་འབྲུ་དེ་དག་ཆ་དང་ཡ་གང་འདྲ་ཞིག་སྒྲིག་དགོས་པའི་སྐོར་དེ་ཡིན།
༡དེ་ཡང་ཚིགས་བཅད་གཅིག་ལ་ཚིག་རྐང་གསུམ་ནས་དྲུག་གྱི་བར་དུ་སྒྲིག་ཆོག་པ་ཡིན་ན་ཡང་། ཡོངས་གྲགས་ལྟར་ན་ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་ཡིན།
༢དེ་ནས་ཚིག་རྐང་གཅིག་ལ་ཚིག་འབྲུ་ཇི་ཙམ་དགོས་པའི་སྐོར་ནི། རང་རང་སོ་སོའི་བློ་ཡི་ནུས་པ་དང་བསྟུན་ནས། ཚིག་འབྲུ་བཞི་ལས་འགོ་བཙུགས་ཏེ། ཚིག་འབྲུ་སུམ་ཅུ་སོ་གྲངས་ཀྱི་བར་དུ་མང་ཉུང་གང་འདྲ་ཞིག་སྒྲིག་ནའང་སྒྲིག་ཆོག ཡིན་ན་ཡང་ཚིག་རྐང་གཅིག་ལ་ཚིག་འབྲུ་ཇི་ཙམ་ཡོད་པ་དེ། ཚིགས་བཅད་གཅིག་གི་ཚིག་རྐང་གཞན་པ་རྣམས་ལ་ཡང་གཅིག་མཚུངས་ཡོད་དགོས།
༣དེ་ནས་ཚིག་འབྲུ་ཆ་དང་ཡ་ཞེས་པ་འདི་ནི། ཚིགས་བཅད་ཀྱི་སྐབས་སུ་ཚིག་འབྲུ་ཡ་གཅིག་བྱེད་ནས་གཅོད་དགོས་པའི་རིགས་གཅིག་དང་། ཚིག་འབྲུ་ཆ་གཅིག་བྱེད་ནས་གཅོད་དགོས་པའི་རིགས་གཉིས་ཡོད་པ་དེ་དག་ཡིན།

ཚིག་འབྲུ་ཆ་དང་ཡ།
ཚིག་འབྲུ་ཡ་ཞེས་པ་ནི། ས། ཆུ། མེ། རླུང་། གནམ། རི། ཁྱིམ། སྒོ། ལྕམ། གདུང་། རྟ། ནོར། ར། ལུག ལ་སོགས་པའི་མིང་རྐྱང་། རྣམ་དབྱེ་དང་ཚིག་ཕྲད། ང་དང་ཁོ་ལ་སོགས་པའི་མིང་ཚབ། འགྲོ་དང་སྡོད་ལ་སོགས་པའི་བྱ་ཚིག་གི་རིགས་སུ་གྱུར་པ་ཚིག་འབྲུ་ཆ་མེད་ཡ་རྐྱང་རྣམས་ཡིན།  ཆ་ཞེས་པ་ནི། ཀ་བ། བུམ་པ། ནམ་ཁའ། ས་གཞི། རྩྭ་ཐང་། སྤང་ཐང་། འབྲོག་པ། གང་ཟག་གི་མིང་། རྡོ་རྗེ། བཀྲ་ཤིས། སངས་རྒྱས། ལ་སོགས་པ་དང་པོ་ནས་ཚིག་འབྲུ་ཆ་རེ་བྱེད་ནས་ཡོད་པ་རྣམས་སོ།
༈ ཚིག་འབྲུ་དང་པོ་ཆ་ཡིན་པ་རྣམས། ཚིགས་བཅད་ཚིག་ལྷུག་གང་གི་སྐབས་སུའང་སོ་སོར་འཕྲལ་ན་གོ་དོན་མི་འདྲ་བར་འགྱུར་བས་ནམ་དུའང་སོ་སོར་འཕྲལ་མི་རུང་། ཡིན་ན་ཡང་ཚིག་འབྲུ་ཡ་རྐྱང་རྣམས་གཉིས་རེ་བསྡོམས་ནས་ཆ་གཅིག་བཟོ་རུང་བ་ཡིན། དེ་ཡང་མིང་རྐྱང་ཡ་གཉིས་བསྡོམས་ནས་ཆ་གཅིག་བཟོ་བ། དཔེར་ན། ས་ཆུ། མེ་རླུང་། རྟ་ནོར། ར་ལུག ལ་སོགས་པ་ལྟ་བུ་དང་། མིང་ཚབ་རྣམས་ཀྱི་མཐའ་མར་ཕྲད་དང་རྣམ་དབྱེ་སྦྱར་ནས་ཚིག་འབྲུ་ཆ་གཅིག་བཟོ་བ། དཔེར་ན། ང་དང་། ཁྱོད་ཀྱི། ཁོ་ལས། དེ་ནི། ལ་སོགས་པ་ལྟ་བུ་དང།
བྱ་ཚིག་རྣམས་བསྡོམས་ནས་ཚིག་འབྲུ་ཆ་གཅིག་བཟོ་བའི་ཚེ། གོ་དོན་ལྡོག་ཕྱོགས་ཡིན་པའི་བྱ་ཚིག་གཉིས་བསྡོམས་ནས་བཟོ་བ་དཔེར་ན། འགྲོ་འོང་། གཏང་བཞག སྐྱེ་ཤི། འཕེལ་འགྲིབ། ལ་སོགས་པ་ལྟ་བུ་དང་། དོན་གཅིག་ཡིན་པའི་བྱ་ཚིག་གཉིས་བསྡོམས་ནས་བཟོ་བ་དཔེར་ན། བརྟག་དཔྱད། འཕྲོག་བཅོམ། བརླག་སྟོར། གཞོམ་གཞིག ལ་སོགས་པ་ལྟ་བུ་དང་། ཕྲད་དང་རྣམ་དབྱེ་སྦྱར་ནས་བཟོ་བ་དཔེར་ན། སོང་ངོ། བཅད་ཀྱང་། ཆད་ནས། སྐྱེ་ཞིང་། འོངས་ཏེ། བསྐོར་ཞིང་། ལ་སོགས་པ་ལྟ་བུ་དང།  བྱ་ཚིག་གི་མཐའ་མར་པ་དང་བ་སྦྱར་ནས་བཟོ་བ། དཔེར་ན། སྐྱེ་བ། ཤི་བ། འགྲོ་བ། འོང་བ། གཅད་པ། བཏུབ་པ། གྱོན་པ། ལ་སོགས་པ་ལྟ་བུ་རང་གི་གང་བདེར་སྦྱར་ནས་ཆ་གཅིག་བཟོ་ཆོག་པ་ཡིན་ནོ།།

ཚིགས་བཅད་ལ་ཚིག་འབྲུ་ཆ་ཡ་སྒྲིག་སྟངས།
༈ ཚིགས་བཅད་རྩོམ་པའི་ཚེ། ཚིག་རྐང་རེ་རེའི་ཚིག་འབྲུ་ཆ་དང་ཡའི་བཅད་མཚམས་མ་ནོར་བར་ཤེས་དགོས། དཔེར་ན། ཡར་གནམ་ལ་སྤྲིན་པ་མ་འཁོར་ན།མར་ས་ལ་ཆར་པ་འབབ་ཐབས་མེད།། ཅེས་པ་དེ་ལ་མཚོན་ན། ཡར། ན། མར། མེད། ཅེས་པའི་ཚིག་འབྲུ་བཞི་པོ་ཡ་རེ་བྱེད་ནས་གཅོད་དགོས་པ་དང་། དེ་མིན་གྱི་ལྷག་མ། གནམ་ལ། སྤྲིན་པ། མ་འཁོར་ཞེས་པ་དེ་དག་ཆ་གཅིག་བྱེད་ནས་གཅོད་དགོས་པའི་རིགས་ཡིན། གོང་གི་ཚིག་རྐང་གཉིས་པོ་ལྟར་དུ། ཚིག་འབྲུ་ཡ་རེ་བྱེད་པ་དེ་ཉིད་ཚིག་རྐང་དེའི་མགོ་དང་མཇུག་ལ་ཡིན་ན། ཚིག་འབྲུ་ཡ་དེ་མིང་རྐྱང་། བྱ་ཚིག ཁྱད་ཚིག་གང་འདྲ་ཞིག་ཡིན་ནང་ཡང་ཁྱད་པར་མེད། འོན་ཀྱང་། ས་གཞི་ལས་ཐོན་ཁུངས་མེད་ན། །འཚོ་ཐབས་ཞིག་གཏན་མི་འདུག། ཅེས་པ་ལྟ་བུའི་ཚིག་འབྲུ་ཡ་དེ་ཚིག་རྐང་གི་བར་ལ་བཙུགས་དགོས་ན་དཀའ་ངལ་ཅུང་ཙམ་ཡོད།  འོ་ན་ཚིག་རྐང་གི་བར་དུ་བཙུགས་དགོས་པའི་ཚིག་འབྲུ་ཡ་གཅིག་དེ་གང་འདྲ་ཞིག་དགོས་སམ་ཞེ་ན། དེ་ནི་སུམ་རྟགས་ནས་བཤད་པའི་གོ་ངོ་དོ་ནོ་ལ་སོགས་པའི་ཕྲད་དང་རྣམ་དབྱེ་སྤྱི་དང་། ང་དང་ཁྱོད་ལ་སོགས་པའི་མིང་ཚབ། སྙན་ངག་ནས་བཤད་པའི་བཞིན། ལྟར། ལྟ་བུ་ལ་སོགས་པའི་མཚུངས་གསལ་གྱི་ཚིག་འབྲུ་ཡ་རེ་ཡིན་པ་དེ་དག་དགོས་པ་ཡིན་ནོ།།

ཉེ་བར་མཁོ་བའི་ཐ་སྙད།
གཤམ་དུ་འཆད་འགྱུར་གྱི་སྡེབ་སྦྱོར་སོ་སོའི་མིང་གི་སྐབས་སུ། གོ་བདེ་བ་དང་བློ་ལ་འཆར་བདེ་བའི་ཐབས་སུ་གྲངས་ཀྱི་མངོན་བརྗོད་ལག་ལེན་འཐབ་ནས་ཡོད་པས། དེ་ཡང་ཟླ་བ། རང་བཞིན། གཟུགས། ལུས། སྣ། ཡ། ལ་སོགས་པའི་གཅིག་གི་མིང་གི་རྣམ་གྲངས་ཡོད་ན། ཚིག་འབྲུ་ཡ་གཅིག་བྱེད་ནས་གཅོད་དགོས་པ་དང། གཉིས་དང་བཞི། དྲུག་དང་བརྒྱད་ལ་སོགས་པའི་མིང་གི་རྣམ་གྲངས་ཡོད་པ་རྣམས་ཚིག་འབྲུ་ཆ་གཅིག་བྱེད་ནས་གཅོད་དགོས་པའི་རིགས་ཡིན། དེ་ཡང་གཉིས་ཡོད་ན་ཆ་གཅིག་དང་། བཞི་ཡོད་ན་ཆ་གཉིས། དྲུག་ཡོད་ན་ཆ་གསུམ་ལ་སོགས་པར་གོ་དགོས། ཡང་གསུམ་ཡོད་ན་ཆ་གཅིག་གི་རྗེས་སུ་ཡ་གཅིག་དང་། ལྔ་ཡོད་ན་ཆ་གཉིས་ཀྱི་རྗེས་སུ་ཡ་གཅིག  བདུན་ཡོད་ན་ཆ་གསུམ་གྱི་རྗེས་སུ་ཡ་གཅིག་ཡིན་པ་གོ་དགོས།

སྡེབ་སྦྱོར་དངོས་གཞི་ལས། དང་པོ་ཚེག་བར་བཞི་མ།
༤༽ མིག་རྣའི་སྡེབ་སྦྱོར། མིག་གཉིས་དང་རྣ་བ་གཉིས་ཡིན་པས། ཚིག་འབྲུ་ཆ་གཉིས་ཡིན་པའི་སྡེབ་སྦྱོར་ནི། ༼༢་༢༽
གནམ་སྔོན་དགུང་གི། །དཀར་གསལ་ཟླ་བ། །འཕེལ་འགྲིབ་མེད་པར། །གཏན་དུ་བཞུགས་གནང།། དོག་མོ་ས་ལ། །མུན་པ་འཐིབས་ཚེ། །སྙིང་གྲོགས་ཞལ་རས། །མཐོང་བ་མི་འདུག། ཅེས་པ་ལྟ་བུ།

གཉིས་པ་ཚེག་བར་ལྔ་མ།
༡༽ སྡེབ་སྦྱོར་ལུས་ཀྱི་ཡན་ལག ལུས་གཅིག་དང་ཡན་ལག་བཞི་ཡིན་པས། ཡ་གཅིག་གི་རྗེས་སུ་ཆ་གཉིས་ཡིན་པ་ནི། ༼༡་༢་༢༽
དགུང་ནམ་མཁའི་ནོར་བུ། །མཚན་དཀར་གསལ་ཟླ་བ། །འོད་འཕེལ་འགྲིབ་མེད་པར། །དུས་གཏན་ཀྱང་བཞུགས་གནང་། །མར་དོག་མོའི་ས་ལ། །མུན་ནག་པོས་འགྲིབ་ཚེ། །ངའི་སྙིང་གྲོགས་ཞལ་རས། །ད་མཐོང་ཐབས་མི་འདུག།

༢༽ སྡེབ་སྦྱོར་འཇིག་རྟེན་མིག འཇིག་རྟེན་གསུམ་དང་མིག་གཉིས་ཡིན་པས། གསུམ་དང་གཉིས་ཏེ། ཆ་གཅིག་ཡ་གཅིག་སླར་ཡང་ཆ་གཅིག་ཡིན་པ་ནི། ༼༢་༡་༢༽
དགུང་སྔོན་གྱི་ཟླ་བ། །དཀར་སྐྱ་ནི་དྭངས་པས། །འཕེལ་འགྲིབ་རང་མེད་པར། །གཏན་དུ་རང་བཞུགས་གནང་། །དོག་མོ་ཡི་ས་ལ། །མུན་ནག་གིས་འགྲིབ་ན། །སྙིང་གྲོགས་ཀྱི་ཞལ་རས། །མཐོང་ཐབས་ནི་མི་འདུག།

༣༽ སྡེབ་སྦྱོར་ཆུའི་ཟླ་བ། ཆུ་བཞི་དང་ཟླ་བ་གཅིག་གོ། ༼༢་༢་༡༽
དཀར་གསལ་ཟླ་བ་ཁྱོད། །འཕེལ་འགྲིབ་མང་བ་དེ། །རྒྱུ་རྐྱེན་ཅི་ཡིན་ཞེས། །ཞིབ་མོར་བསམ་པའི་ཚེ། །བུ་མོའི་བསམ་སྤྱོད་དེ། །བརྟན་བརྟན་མེད་དོ་ཞེས། །འཇིག་རྟེན་མི་རྣམས་ལ། །སྟོན་ཕྱིར་ཡིན་ནོ་ལོ།།

གསུམ་པ་ཚེག་བར་དྲུག་མ།
༡༽ སྡེབ་སྦྱོར་དུས་ཀྱི་ལྷ་མོ། དུས་ནི་དྲུག་ཡིན་པས་ཆ་གསུམ་དང་། ལྷ་མོ་ཞེས་པ་ནི་སྡེབ་སྦྱོར་འདི་ཉིད་མི་རྣམ་ཀུན་གྱིས་དགའ་བའི་སྡེབ་སྦྱོར་ཡིན་པའི་རྒྱུ་མཚན་གྱིས་ཡིན། ༼༢་༢་༢༽
ཡར་གྱི་དགུང་སྔོན་མཐོན་པོའི། །འོད་ཟེར་ཅན་གྱི་ཟླ་བ། །འོད་ཟེར་འཕེལ་འགྲིབ་མེད་པར། །རྒྱུན་དུ་བརྟན་པར་བཞུགས་གནང་། །མཚན་མོ་ཙམ་ཅིག་མཇལ་བའི། །སེམས་མཐུན་ང་དང་བྱམས་པ། །གཅིག་གིས་གཅིག་ལ་བལྟ་བའི། །མིག་དབང་ཚིམ་པ་མི་འདུག།
༢༽ སྡེབ་སྦྱོར་གཟུགས་ཀྱི་དབང་པོ། གཟུགས་གཅིག་དང་དབང་པོ་ལྔའོ། ༼༡་༢་༢་༡༽
ནང་གཟུགས་མེད་སེམས་པ་དེ།དུས་སྐད་ཅིག་ཡུད་ཙམ་ལ།བལ་རླུང་གིས་ཁྱེར་བ་ལྟར།གནས་སྲིད་གསུམ་བསྐོར་ན་ཡང་།ཕྱི་ཤ་ཁྲག་ཕུང་པ་འདི།ཕར་ཁང་པའི་སྒོ་འགྲམ་དུ།གཟེར་བརྡབས་ནས་བཞག་པ་ལྟར།མིག་གཅེར་ནས་ལུས་འདུག་གོ།

༣༽ སྡེབ་སྦྱོར་སྲིད་པའི་འཇིག་རྟེན། སྲིད་པ་དང་འཇིག་རྟེན་ཡང་གསུམ་མོ། ༼༢་༡་༢་༡༽
སྒྱུ་ལུས་ཀྱི་གཟུགས་ཕུང་འདི། །སྨྱུག་མ་ལྟར་གུག་འདུག་ཀྱང་། །བརྩེ་སེམས་ཀྱི་རྟ་ཕོ་དེ། །འགྱུར་བ་ནི་མི་འདུག་གོ། སྨན་ཆུང་གི་ཞལ་རས་འདི། །གཅིག་བས་ནི་གཅིག་ལེགས་པ། །ལུས་པོ་འདིས་མི་ལྕོགས་ནའང་། །སེམས་པ་དེའི་མཆོང་སྟབས་ལ།།

ཚེག་བར་བདུན་མ།
༡༽ སྡེབ་སྦྱོར་ཟླ་བའི་དུས། ཟླ་བ་གཅིག་དང་དུས་དྲུག་གོ། ༼༡་༢་༢་༢༽
ཕ་མཚན་ལྡན་བླ་མའི་བཀའ་ཆོས། །རང་སེམས་ལ་ཟུག་པ་མི་འདུག །ཕར་སྨན་ཆུང་བུ་མོའི་སྙིང་གཏམ། །ངའི་སྙིང་ལ་མདའ་ལྟར་ཟུག་སོང་། །ནད་དེ་ལས་ཐར་བའི་སྨན་མཆོག །ལྷ་སྨན་བླ་མཆོག་ལའང་མེད་ན། །ད་ཤི་མེད་རོ་མེད་ལུས་དེ། །ཁྱོད་སྨན་ཆུང་བུ་མོར་ཕུལ་ཡོད།།

༢༽ སྡེབ་སྦྱོར་འཇིག་རྟེན་སྡེ་པ། འཇིག་རྟེན་གསུམ་དང་སྡེ་པ་བཞིའོ། ༼༢་༡་༢་༢༽
ཚིག་གསུམ་གྱི་སྙིང་གཏམ་སྙན་མོས། །རང་སེམས་དེ་ཁྱོད་ཀྱིས་འཕྲོག་དུས། །རང་དབང་ཞིག་མེད་པའི་ལུས་དེ། །གར་འགྲོ་རང་བརྟན་བརྟན་མི་འདུག །ཕ་མས་ནི་མ་འགྲོ་གསུང་གི། །ཁྱོད་ཀྱིས་ནི་ཤོག་ཟེར་གསུང་ན། །ལུས་སེམས་ལ་རང་དབང་མེད་པར། །ཐེ་ཚོམ་གྱི་ངང་ལུ་ལུས་སོང་།།

༣༽ སྡེབ་སྦྱོར་དབང་པོའི་ལག་པ། དབང་པོ་ལྔ། ལག་པ་གཉིས་སོ། ༼༢་༢་༡་༢༽
ཁྱོད་ལ་རང་དབང་ཞིག་མེད་ན། །ཕ་མའི་བཀའ་བཞིན་དུ་ཞུས་ཤིག །ནམ་ཟླ་སོ་ཁ་ཡི་ཁུ་བྱུག །ང་ཡང་སྡོད་ལོང་ནི་མི་འདུག །ཡར་གྱི་བོད་ལྗོངས་ཀྱི་ཕྱོགས་སུ། །རྒྱ་ཡི་རྨ་བྱ་ཡང་ཐོན་འདུག །ཁོ་ལ་ཁམས་བཟང་གི་གནས་ཚུལ། །ཞུས་ནས་འདི་ཕྱོགས་སུ་བསླེབ་ཡོང་།།

༤༽ སྡེབ་སྦྱོར་དུས་ཀྱི་རང་བཞིན། དུས་དྲུག་དང་རང་བཞིན་གཅིག་གོ། ༼༢་༢་༢་༡༽
མེ་ཏོག་ཟིལ་དངར་རྒྱས་པའིདུས། །གསེར་སྦྲང་བུང་བས་མཆོད་ཟིན་ན། །ཕྱི་ནས་མཆོད་གཤམ་ཁྲ་མོ་རུ། །ཕུལ་ཡང་གད་སྙིགས་མང་བའི་གཞི། །དབྱར་ཁའི་བྱ་ཡི་སྐད་ཉན་ན། །ཁུ་བྱུག་ཆགས་ས་འཐོབ་མི་འགྱུར། །རྨ་བྱ་དུག་ཟས་ཅན་མ་ལས། །ལྷོ་ཡི་བྱིའུ་ཆུང་མི་དྲག་གམ།།

གསུམ་པ་ཚེག་བར་བརྒྱད་མ།
༡༽ སྡེབ་སྦྱོར་བཀྲ་ཤིས་རྟགས་བརྒྱད། ཆ་བཞི་ཅན་མའོ། ༼༢་༢་༢་༢༽
ཏང་སི་སྦྱིས་དང་ཀྲོང་ས་སྟག་རྩེ། །ཉིན་མཚན་མེད་པར་གདོང་སྐོར་ཡིན་ནའང། །མང་སྡེ་ཆུ་ཡིས་བར་དུ་ཆོད་ཚེ། །འགྲོ་དགོས་བསམ་ནའང་ས་ཐག་རིང་སོང་། །ཕར་གྱི་སྤང་ལྗོངས་བདེ་མོའི་ཕྱོགས་སུ། །མེ་ཏོག་དཀར་དམར་ཆ་གཅིག་ཤར་བ། །གཞུང་ལམ་གསར་པས་ཐ་དད་བཏང་ཚེ། །མཇལ་བའི་ཐབས་ཤིག་ཡོད་ཚོད་མི་འདུག།

༢༽ སྡེབ་སྦྱོར་ཟླ་བའི་རེས་གཟའ།  ཟླ་བ་གཅིག་དང་རེས་གཟའ་བདུན། ༼༡་༢་༢་༢་༡༽
གཞི་རྡོ་ལས་གྲུབ་པའི་རྒྱ་ལམ་ལ།དུས་རན་ན་མཇམ་པའི་རྩ་ཡང་སྐྱེ།དབང་ཆེ་བ་དཔོན་གྱི་བཀའ་ལུང་ཡང་།དུས་ལན་གཅིག་མཐའ་ལ་ལྷུང་བ་སྲིད།ཤིང་སྟག་ཡུ་ནགས་ནས་མ་བཏང་ན།ཕྱི་མོན་པ་སྟག་ཐོག་མི་འོང་བས།ནང་བརྩེ་དུང་སེམས་ཀྱི་རིས་མོ་འདི།ད་འགྱུར་མེད་བརྟན་པོར་གནང་རོགས་མཛོད།།

༣༽ སྡེབ་སྦྱོར་འཇིག་རྟེན་མེའི་ལག་པ། འཇིག་རྟེན་གསུམ། མེ་གསུམ། ལག་པ་གཉིས་སོ། ༼༢་༡་༢་༡་༢༽
བརྩེ་དུང་་འགྱུར་བ་ནི་མེད་ཀྱང་། །ཕ་མས་ནི་གནང་རྩིས་ཞིག་མི་འདུག །དུས་ཚོད་ཅིག་མ་རན་པ་ཡིན་ནམ། །གནམ་བསྐོས་ཞིག་མེད་པ་རང་མིན་ནམ། །ཁྱོད་ལ་ཡང་བྱ་རྒྱུ་ཞིག་མི་འདུག །ང་ལ་ཡང་རེ་བ་འདི་ཟད་དུས། །གང་ལྟར་ཡང་ང་གཉིས་ཀྱི་མི་ཚེ། །རི་དྭགས་ཀྱི་རྭ་བ་དང་འདྲ་སོང་།།

༤༽ སྡེབ་སྦྱོར་འཇིག་རྟེན་དབང་པོ། འཇིག་རྟེན་གསུམ། དབང་པོ་ལྔའོ། ༼༢་༡་༢་༢་༡༽
བསླབ་བྱ་རང་མང་ན་ཨ་མས་ཀྱང་། །ཉན་གྱིས་ཟེར་བླ་མས་གསུངས་སྟེ་འདུག །རང་དབང་གིས་ཐག་དཔྱོད་མ་བྱེད་པར། །ཕ་མ་ལ་ཞུས་ན་མི་དྲག་གམ། །ཡང་ན་ནི་རྒྱ་ཆེའི་ས་གཞི་དེར། །གར་འགྲོ་ལ་དབང་བའི་བྱིའུ་ཆུང་ལྟར། །བརྩེ་དུང་གི་གཤོག་ཟུང་བགྲད་ནས་ནི། །དགུང་སྔོན་གྱི་མཁའ་ལ་འཕུར་ནས་འགྲོ།།
༥༽ སྡེབ་སྦྱོར་ཟླ་བའི་དབང་ལག  ཟླ་བ་གཅིག དབང་པོ་ལྔ། ལག་པ་གཉིས་སོ། ༼༡་༢་༢་༡་༢༽
ཁྱོད་སྟག་ཤར་གཞོན་པ་ཡི་ཞལ་རས། །ངས་སེམས་ལས་བརྗེད་པ་ནི་འཕང་པས། །ད་ཁྱེད་རང་གང་འདྲ་ཞིག་གནང་ནའང་། །ངས་དེ་འདྲ་བྱ་རྒྱུ་ལས་མི་འདུག །སྐྱབས་བསླུ་མེད་དཀོན་དེ་གསུམ་གྱིས། །ལས་མ་དག་ང་གཉིས་ལ་གཟིགས་ནས། །མཇུག་བློ་འགྱོད་མེད་པ་ཡི་ལམ་ཞིག །ད་འཕྲལ་དང་མྱུར་དུ་རང་བསྟན་གནང་།།

ཚེག་བར་དགུ་མ།
༡༽ སྡེབ་སྦྱོར་གཟུགས་ཀྱི་ལྷ། གཟུགས་གཅིག ལྷ་བརྒྱད་དོ། ༼༡་༢་༢་༢་༢༽
ཡར་མཐོན་པོ་གནམ་གྱི་ཉི་ཟླ་གཉིས་པོ། །ཉིན་རེ་རེ་བཞིན་དུ་རེས་མོས་སྐོར་བ། །རང་གར་འགྲོ་བལྟ་བའི་ཉུལ་ཞིབ་ཆེད་དུ། །ཁོང་ཡབ་ཡུམ་གཉིས་ཀྱིས་གཏོང་བ་མིན་ནམ། །སྟོད་གངས་ཅན་ལྗོངས་ཀྱི་གངས་རི་དཀར་པོ། །ནམ་ཉིན་མཚན་མེད་པར་འཁྱག་རྒྱུན་བཞུར་བ། །རང་ལས་འཕྲོ་ཟད་པའི་བུ་ལ་གཟིགས་ནས། །ཐུགས་རང་དབང་མེད་པར་སྤྱན་ཆབ་བསིལ་ལམ།།

༢༽ སྡེབ་སྦྱོར་འཇིག་རྟེན་གྱི་བྲོ་བ། འཇིག་རྟེན་གསུམ། བྲོ་བ་དྲུག་གོ། ༼༢་༡་༢་༢་༢༽
ཤར་ཤར་གྱི་སྒྲ་ཅན་གཙང་ཆབ་ཆུ་མོ། །སྤང་ལྗོངས་ཀྱི་དབུས་ནས་སྒྲ་མེད་འབབ་པ། །ན་ཆུང་གི་བུ་མོའི་སྐྱིད་སྡུག་གཟིགས་ཚེ། །མྱ་ངན་གྱིས་གདུང་ནས་བཤུམ་པ་མིན་ནམ། །དཀར་གསལ་གྱི་ཟླ་བ་སྤྲིན་པའི་ཕང་དུ། །ཡང་ཡང་དུ་ཉལ་ཞིང་སླར་ཡང་བཞེངས་པ། མུན་ནག་གི་ཀློང་དུ་དགྲ་ཡང་འབྱུང་ཞེས། །ཐུགས་དོགས་ཀྱིས་གཉིད་ཀྱང་དཀྲུགས་པ་མིན་ནམ།།

༣༽ སྡེབ་སྦྱོར་དབང་པོའི་ཆུ་བོ། དབང་པོ་ལྔ། ཆུ་བོ་བཞིའོ། ༼༢་༢་༡་༢་༢༽
དྲི་བཟང་བུ་མོ་ཡི་གཟུགས་བྱད་ལང་ཚོ། །གཅིག་ཏུ་བསྡུས་ནས་ནི་བཟོས་པ་འདྲ་བའི། །ལྷ་ལས་ལྷག་པ་ཡི་མི་ཡི་བུ་མོ། །ཁྱོད་རང་ཐོབ་ནས་ནི་རེ་འདོད་འགྲུབ་སོང་། །ནམ་མཁའི་དཀོན་མཆོག་གིས་བཀོད་པའི་ལས་དབང་། །རང་རང་གང་འདོད་དུ་བསྒྱུར་ནི་མི་བཏུབ། །སྐྱིད་སྡུག་གང་འདྲ་ཞིག་འབྱུང་བར་འགྱུར་ནའང་། །ཕྱི་ནས་བློ་འགྱོད་ནི་སྐྱེ་དགོས་མི་འདུག།

༤༽ སྡེབ་སྦྱོར་གཟའི་ལག་པ། གཟའ་བདུན་དང་ལག་པ་གཉིས་སོ། ༼༢་༢་༢་༡་༢༽
ཤར་ཕྱོགས་འཁོར་ལོ་རྩིབ་བརྒྱད་ཀྱི་ཡུལ་ལྗོངས། །ས་ཁུལ་དོགས་ཀྱང་སྡོད་ཉམས་ནི་དགའ་བ། །འབྲུ་རིགས་ཡོད་ཚད་ཟན་ཆང་དུ་བསྒྱུར་ནས། །ཟ་འཐུང་ཚབ་ཀྱང་ཆང་གིས་ནི་ཆོག་པ། །བདག་པོ་ཡོད་ཀྱང་རྣམ་འགྱུར་ཞིག་བསྟན་ན། །ཕྲལ་དང་མྱུར་དུ་ངོས་ལེན་ནི་ལོས་ཀྱང་། །གོ་སྐབས་བྱུང་ན་མཚན་མོ་ཡི་ཉལ་རོགས། །དང་ལེན་ཞབས་ཞུ་མཛད་ཚུལ་དེ་བཟང་བ།།

༥༽ སྡེབ་སྦྱོར་བཀྲ་ཤིས་ཟླ་བ། བཀྲ་ཤིས་བརྒྱད་དང་ཟླ་བ་གཅིག་གོ། ༼༢་༢་༢་༢་༡༽
འཛམ་གླིང་ཤར་ཕྱོགས་རྒྱ་དང་བོད་ཀྱི་མཚམས། །ཧི་མ་ལ་ཡའི་རི་བརྒྱུད་ཡངས་པའི་དབུས། །སངས་རྒྱས་གཉིས་པའི་སྦས་ཡུལ་ཁྱད་པར་ཅན། །སྨན་ལྗོངས་འབྲུག་ཡུལ་ལྷ་ཡི་ཞིམ་ཁམས་འདྲ། །ཐུབ་པའི་དབང་པོའི་ཐུགས་བསྐྱེད་ལྷ་ལམ་ལས། །སློབ་དཔོན་པདྨའི་ཆུ་འཛིན་སྤྲིན་ཕུང་གཡོ། །ངག་དབང་རྣམ་རྒྱལ་བྱིན་རླབས་སྦྲང་ཆར་འབབ།།དཔལ་ལྡན་འབྲུག་པའི་པདྨོ་ཅིར་ཡང་ཤར།།

འཕྲོ་འཐུད་ཕྱིས་སུ་འབུལ་རྒྱུ།

No comments: