Monday, July 28, 2014

སྙན་ངག་ལེའུ་དང་པོའི་འགྲེལ་པ།

རིག་གནས་སྤྱི་དོན།

མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ།། ཞེས་གསུངས་པ་ལྟར་ སྒྲ་དང་ཚད་མ། གཟོ་དང་གསོ་བ། ནང་དོན་རིག་པ་སྟེ་ རིག་པའི་གནས་ལྔ་པོ་དག་ལ་ བརྩོན་ཏེ་སྦྱངས་པར་མ་བྱས་ན། ཉན་ཐོས་འཕགས་པ་ མཆོག་ཏུ་གྱུར་པ་རྣམས་ཀྱིས་ཀྱང་ རྣམ་པ་ཐམས་ཅད་མཁྱེན་པའི་ གོ་འཕང་འཐོབ་པར་མི་འགྱུར་བ་ དེ་ལྟ་བས་ན་ ཚིག་གི་འཁྲུལ་པ་ཚར་གཅོད་པའི་ སྒྲ་རིག་པ་དང་། དོན་གྱི་འཁྲུལ་པ་ཚར་གཅོད་པའི་ ཚད་མ་རིག་པ་སྟེ་ ཚར་གཅོད་ཀྱི་རིག་གནས་གཉིས་དང་། འགྲོ་བ་སེམས་ཅན་རྣམས་ཀྱི་ འགལ་རྐྱེན་ནད་རིགས་བསལ་བའི་ གསོ་བ་རིག་པ་དང་། མཐུན་རྐྱེན་འདོད་དོན་བསྒྲུབ་པའི་ བཟོ་རིག་པ་སྟེ་ གདུལ་བྱ་རྗེས་སུ་བཟུང་བའི་ རིག་ནགས་གཉིས། རང་ཉིད་ ཐམས་བཅད་མཁྱེན་པའི་ གོ་འཕང་འཐོབ་པའི་དོན་དུ་ ཀུན་རྫོབ་དང་ དོན་དམ་པའི་གནས་ལུགས་ ཀུན་ཤེས་པར་བྱ་བའི་ཕྱིར་ ནང་དོན་རིག་པ་སྟེ་ རིག་གནས་ཆེ་བ་ལྔ་པོ་ཀུན་ལ་བརྩོན་པར་བྱ་དགོས་པ་མ་ཟད། སྒྲ་རིག་པའི་ནང་གསེས་སུ་གྱུར་པའི་ རིག་གནས་ཆུང་བ་ལྔ་སྟེ། ཚིག་རྒྱན་ལ་ མི་རྨོངས་པའི་ཆེད་དུ་ སྙན་ངག མིང་གི་རྣམ་གྲངས་ལ་ མི་རྨོངས་པའི་ཆེད་དུ་ མངོན་བརྗོད། སྐད་རིགས་ལ་ མི་རྨོངས་པའི་ཆེད་དུ་ ཟློས་གར། ཚིགས་བཅད་བསྒྲིག་པ་ལ་ མི་རྨོངས་པའི་ཆེད་དུ་ སྡེབ་སྦྱོར། གྲངས་ཀྱི་གནས་ལ་ མི་རྨོངས་པའི་ཆེད་དུ་ སྐར་རྩིས་རིག་པ་རྣམས་ལ་ཡང་། སྦྱངས་བརྩོན་བྱ་དགོས་པ་ཡིན་ནོ།།

སྙན་ངག་མེ་ལོང་མ་ རྩོམ་པ་པོའི་ལོ་རྒྱུས་བཅུད་བསྡུས།

སྙན་ངག་མེ་ལོང་མ་རྩོམ་པ་པོ་ སློབ་དཔོན་དནྜིའམ་ དབྱུག་པ་ཅན་ནི་ སྐྱེ་བའི་ལྗོན་ཤིང་བཟུང་པའི་དུས་ལ་ བཞེད་ཚུལ་མི་མཐུན་པ་མང་ཡང་ ཡོངས་གྲགས་སུ་ དུས་རབས་བདུན་པ་ཙམ་ལ་ རྒྱ་གར་ལྷོ་ཕྱོགས་ཀཉྩའི་ཡུལ་དུ་ སྙན་ངག་མཁན་གྱི་བརྒྱུད་པ་ལས་ ཡབ་བཱིར་དཏྟ་དང་ ཡུམ་མ་གཽ་རི་གཉིས་ཀྱི་སྲས་སུ་ འཁྲུངས་པར་བཤད། གཞོན་ནུ་ནས་ ཕ་མ་གཉིས་ཀ་འཆི་བས་ དྭ་ཕྲུག་ཏུ་འཁྱམས། སྐབས་ཤིག་ཡུལ་དེར་ རྒྱལ་འབངས་མ་མཐུན་པར་ འཁྲུགས་རྩོད་བྱུང་བའི་རྐྱེན་གྱིས་ ནགས་གསེབ་ཏུ་བྲོས་ནས་ བསྡད་པའི་དུས་སུ་ ཡོན་ཏན་ལ་མཁས་པར་སྦྱངས། ནང་འཁྲུགས་ཞི་ནས་ སླར་ཡང་ རང་ཡུལ་དུ་ཕྱིན་རྗེས་ རྒྱལ་པོ་པལླ་བ་ ཞེས་པའི་ བློན་པོ་བྱས་ནས་བཞུགས་དུས་ རྒྱལ་པོ་པུ་ལ་ཀེ་ཤའི་སྤུན་ ཁྱབ་འཇུག་འཕེལ་དང་ མཛའ་གྲོགས་སུ་གྱུར་པས་ སྙན་ངག་མེ་ལོང་མ་འདི་ཉིད་ རྒྱལ་པོ་དེའི་སྲས་རྣམས་ཀྱི་དོན་དུ་ སྔོན་གྱི་སློབ་དཔོན་ རཱ་མ་ཤརྨ་སོགས་ཀྱིས་མཛད་པའི་ སྙན་ངག་གི་བསྟན་བཅོས་རྣམས་ཀྱི་ སྙིང་པོ་བཅུད་དུ་འདྲིལ་ནས་ རྒྱ་གར་གྱི་ སྙན་ངག་མཁན་ཀུན་གྱི་ མཐུན་མོང་གི་གཞུང་དུ་ སྙན་ངག་མེ་ལོང་མ་འདི་ བརྩམས་པ་ཡིན་པར་བཤད།
སློབ་དཔོན་དནྜི་ནི་ ཕྱི་པ་དང་ ནང་པ་གང་ཡིན་ལ་བཞེད་སྲོལ་མང་ཡང་ བོད་མཁས་པའི་དགོངས་བཞེད་དང་། གཞན་ཡང་ གནས་སྟངས་མང་པོ་ཞིག་ལ་གཞིགས་ན་ ཕྱི་པ་ཡིན་ཚོད་འདུག འོ་ན་ཕྱི་པའི་བསྟན་བཅོས་ལ་ སློབ་སྦྱོང་བྱ་མི་རུང་བ་ མ་ཡིན་ནམ་ཞེ་ན། རྩོམ་པ་པོ་ཕྱི་པ་ཡིན་ཀྱང་ བརྩམས་པའི་བསྟན་བཅོས་ལ་ སློབ་སྦྱོངས་བྱ་མི་རུང་བ་ མ་ཡིན་ཏེ། སྤྱིར་སྒྲ་རིག་པ་དང་། དེའི་ནང་གསེས་ཀྱི་ རིག་གནས་ཆུང་བ་ལྔ་ཀ་ ཕྱི་ནང་ཐུན་མོང་གི་ རིག་གནས་ཡིན་པས་ ཀུན་གྱིས་སློབ་སྦྱོང་བྱ་རུང་བ་དང་། སློབ་དཔོན་དབྱུག་པ་ཅན་ རང་གི་གསུངས་ལས་ཀྱང་། དེ་ཕྱིར་གྲགས་འདོད་རྣམས་ཀྱི་རྟག་ཏུ་ནི། །སྙོམས་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན།། ཞེས་སྙན་ངག་ནི་ མཁས་པར་འདོད་པ་ཀུན་གྱིས་ བསླབ་དགོས་པར་གསུངས་པའི་ཕྱིར་རོ།།

སྙན་ངག་མེ་ལོང་མའི་སྤྱི་དོན།

སྤྱིར་སྙན་ངག་ཅེས་བརྗོད་ཚེ་ གོ་ཚུལ་མི་འདྲ་བ་གཉིས་ཏེ། སྙན་ངག་ཇི་ལྟར་བརྩོམ་ཚུལ་གྱི་མཚན་ཉིད་སྟོན་པའི་གཞུང་ཞིག་ལ་སྙན་ངག་ཅེས་གོ་དགོས་པའི་སྐབས་གཅིག་དང་། མཚན་ཉིད་དང་དབྱེ་བ་སོགས་གང་ཡང་མི་སྟོན་ཀྱང་ སྐྱེས་བུ་དམ་པ་ཞིག་གི་རྣམ་ཐར་ལ་སྦྱར་བའམ། ཡང་ན་སྙན་ངག་མཁན་གྱི་རྣམ་རྟོག་ལས་བྱུང་བའི་ལོ་རྒྱུས་ཤིག་ལ་ སྙན་ཚིག་གིས་བརྒྱན་ནས་བརྩམས་པའི་ལེའུ་མང་པོའི་བདག་ཉིད་ཅན་གྱི་བསྟན་བཅོས་ལ་ཡང་སྙན་ངག་ཅེས་གོ་དགོས་པའི་སྐབས་དང་གཉིས་སོ།། དེ་གཉིས་ལས་ ཕྱི་མ་ནི་སྙན་ངག་ངོ་མ་ཡིན་པ་དང་། འདིའི་མིང་ལ་སྙན་ངག་ཆེན་པོ་ཞེས་བྱ་བ་ཡིན། དང་པོ་དེ་ལ་སྙན་ངག་ཅེས་པའི་མིང་བཏགས་ཀྱང་དོན་དུ་སྙན་ངག་ངོ་མ་མིན་པ་དང་། དེའི་མིང་ལ་ཚིག་རྒྱན་རིག་པའི་བསྟན་བཅོས་སམ། ཡང་ན་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ཞེས་བྱ་བ་ཡིན། གཞུང་དེ་སྙན་ངག་ངོ་མ་མིན་ནའང་སྙན་ངག་ཅེས་མིང་བཏགས་དགོས་པའི་རྒྱུ་མཚན་ནི། གཞུང་དེ་ལ་སྦྱངས་ན་འབྲས་བུ་སྙན་ངག་འབྱུང་བའི་ཕྱིར་ན་ འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་ཡིན།།
སྙན་ངག་མི་འདྲ་བ་དེ་གཉིས་ལས་སྐབས་སུ་འབབ་པའི་སྙན་ངག་མེ་ལོང་མ་ནི་ སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ཡིན་ལ། གཞུང་དེ་ཇི་ལྟར་ རྩོམ་པའི་ཚུལ་དེ་ཡང་། སློབ་དཔོན་དབྱུག་པ་ཅན་རང་གིས།བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ།། ཞེས་ སྙན་ངག་གི་བསྟན་བཅོས་ སྔ་མ་རྣམས་ཀྱི་ནང་དོན་བསྡུས་ཤིང་། རྒྱན་རེ་རེ་ལ་ཡང་ སྦྱོར་བ་དཔེར་བརྗོད་ཀྱི་མཚོན་ནས་ རྩོམ་པ་ཡིན་པར་གསུངས་ཡོད།།
འོ་ན་སྙན་ངག་མེ་ལོང་མའི་སྔོན་དུ་སྙན་ངག་གི་གཞུང་གང་འདྲ་ཞིག་ཡོད་དམ་ཞེ་ན། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་ལོ་ངོ་སུམ་སྟོང་གི་སྔོན་ནས་ རིག་བྱེད་བཞིའི་ནང་གསེས་སྙན་ཚིག་རིག་བྱེད་བྱུང་ཡོད་པ་དང་། དེ་ནས་སྔོན་རབས་༼པུ་རཱ་ཎ༽ཀྱི་གཞུང་རྣམས་ཀྱང་སྙན་ཚིག་གིས་བརྒྱན་པའི་གཞུང་ཞིག་ཡིན། ལྷག་པར་དུ་ དྲང་སྲོང་གྲོག་མཁར་གྱིས་མཛད་པའི་ རཱ་མ་ཡ་ནའི་གཏམ་རྒྱུད་དང་། དྲང་སྲོང་རྒྱས་པས་བརྩམས་པའི་ མཧཱ་བྷཱ་ར་ཏའི་གཏམ་རྒྱུད། དུས་རབས་དྲུག་པའི་ནང་བྱུང་བའི་སྙན་ངག་མཁན་ནག་མོའི་འཁོལ༼ཀཱ་ལི་དཱས༽གྱིས་མཛད་པའི་སྙན་ངག་ ཤཱ་ཀུནྟ་ལ། ར་གྷུ་བཾ་ཤ། ཀུ་མཱར་སཾ་བྷ་བ། མེ་གྷ་དཱུཏ། རྀ་ཏུ་སཾ་ཧཱར་ལ་སོགས་པ་མང་པོ་ཞིག་བྱུང་ཡོད་མོད། དེ་དག་ཀུན་ཀྱང་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་མིན།།
སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་གི་ཐོག་མ་ནི་ བྷ་ར་ཏ་མུ་ནི་ཞེས་པས་མཛད་པའི་ཟློས་གར་བསྟན་བཅོས་ཞེས་པ་དེར་སྙན་ངག་གི་རྒྱན་བཞིའི་མཚན་ཉིད་གསུངས་ཡོད་པ་དང་། དེ་ནས་རིམ་པས་མེའི་སྔོན་རབས་༼ཨགྣི་རུ་རཱཎ༽ ནང་དུ་རྒྱན་བཅུ་དྲུག་གི་སྐོར་གསུངས་ཡོད། དེའི་རྗེས་སུ་སྙན་ངག་མཁན་བྷཱ་མ་ཧ་ཞེས་པ་དེ་བྱུང་ཞིང་། ཁོང་གིས་མཛད་པའི་རྒྱན་གྱི་བསྟན་བཅོས་ཞེས་པ་དེར་སྙན་ངག་གི་རྒྱན་སུམ་ཅུ་སོ་བརྒྱད་གསུངས་འདུག།

བསྟན་བཅོས་སྔ་མའི་ནང་དོན་བསྡུས་ནས་བརྩམས་པའི་སྙན་ངག་ལོང་མ་འདི་ནི་ ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པ་དང་། ལེའུ་གསུམ་གྱི་ཚིགས་བཅད་ཡོངས་རྫོགས་བསྡོམས་ན་ཚིགས་བཅད་དྲུག་བརྒྱ་དང་ང་དྲུག་ཡོད།
དེ་ལ་ལེའུ་དང་པོར་ ཤོ་ལོ་ཀ་བརྒྱ་དང་ལྔ་ཡོད་ཅིང་། བརྗོད་བྱ་གཙོ་བོ་རྗོད་བྱེད་སྐད་རིགས་དང་སྙན་ངག་གི་ཕན་ཡོན། སྙན་ངག་གི་མཚན་ཉིད་དང་སྙན་ཆེན་པོ་ཇི་ལྟར་རྩོམ་ཚུལ་གྱི་སྐོར། སྙན་ངག་གི་ལུས་ཚིགས་བཅད་ཚིག་ལྷུག་སྤེལ་མ་གསུམ་གྱི་ངོ་སྤྲོད། རྗོད་བྱེད་སྐད་རིགས་བཞིའི་ངོ་སྤྲོད་དང་། སྐད་རིགས་དེ་དག་ཏུ་བརྩམས་ཡོད་པའི་སྙན་ངག་གི་དཔེར་མཚོན། རྒྱ་གར་ཤར་ལྷོ་གཉིས་ཀྱི་སྙན་ངག་རྩོམ་ཚུལ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བཅུ། སྙན་ངག་ཤེས་པའི་རྒྱུ་གསུམ་གྱི་སྐོར་བཅས་བསྟན་ཡོད།
ལེའུ་གཉིས་པར་ཤོ་ལོ་ཀ་སུམ་བརྒྱ་རེ་ལྔ་ཡོད་པ་དང་། དེའི་ནང་དུ་དོན་རྒྱན་སོ་ལྔའི་རྣམ་གཞག་རྒྱས་པར་བསྟན་ཡོད།
ལེའུ་གསུམ་པར་ཤོ་ལོ་ཀ་བརྒྱ་དང་གྱ་དྲུག་ཡོད་པ་དང་། དེའི་ནང་དུ་གཙོ་བོར་སྒྲ་རྒྱན་དང་ གབ་ཚིག་གི་རྒྱན། སྙན་ངག་གི་ཉེས་སྐྱོན་སེལ་ཚུལ་གྱི་ སྐྱོན་སེལ་བཅུའི་རྣམ་གཞག་དང་བཅས་བསྟན་ཡོད།།
དེ་ལྟ་བུའི་སྙན་ངག་མེ་ལོང་མ་འདི་ཉིད་ དུས་རབས་བཅུ་གསུམ་པའི་མགོ་སྟོད་ཙམ་དུ་ས་སྐྱ་པཎ་ཆེན་མཆོག་གིས་བོད་ཀྱི་སྐད་དུ་བསྒྱུར་ཡོད་ནའང་། གལ་ཆེ་བའི་རིགས་རྣམས་མ་གཏོགས་གཞུང་ཡོངས་རྫོགས་བསྒྱུར་མེད། དེ་རྗེས་དུས་རབས་དེའི་སྨད་ཙམ་ལ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་མཆོག་གིས་གཞུང་ཡོངས་རྫོགས་བསྒྱུར་བར་མཛད། དེ་ནས་དུས་རབས་བཅུ་བཞི་པའི་མགོ་སྟོད་ལ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མེ་ལོང་མའི་འགྲེལ་པ་ཚོགས་གསུམ་གསལ་བ་ཞེས་པ་དེ་མཛད་པ་ནས་བཟུང་། བོད་ལ་སྙན་ངག་མེ་ལོང་མའི་འགྲོ་དོན་དང་དར་རྒྱས་ཆེན་པོ་བྱུང་བ་ཡིན་ནོ།།

སྙན་ངག་གི་དགོས་པ།
དེ་ལྟ་བུའི་ སྙན་ངག་སྦྱོང་བའི་ དགོས་པ་ནི། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།ཞེས་གསུངས་པ་ལྟར་ མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ རྩོམ་པ་བཟང་ངན་ནི་ སྙན་ངག་ཤེས་མི་ཤེས་ཀྱི་ རྗེས་སུ་འགྲོ་ལྡོག་བྱེད་པས་ སྙན་ངག་ཤེས་ན་མཁས་པའི་གཏམ་སྙན་འཐོབ་པ་དང་། གལ་ཏེ་དེ་ཉིད་མ་ཤེས་ན་ ཤེས་བྱའི་གནས་གཞན་ལ་ ཅི་ཙམ་མཁས་ཀྱང་ ངག་གི་སྦྱོར་བ་ ཕུན་སུམ་ཚོགས་པའི་བསྟན་བཅོས་དག་ འཆད་པ་དང་རྩོམ་པའི་བྱ་བ་ལ་ འཇུག་པར་མི་ནུས་པས་ མཁས་པའི་དབང་པོ་དག་གིས་ བསྔགས་པའི་ཡུལ་དུ་མི་འགྱུར་བ་ཡིན། དེས་ན་ཤེས་ན་ཁེ་བཟང་དང་ལྡན་ཞིང་ མི་ཤེས་ན་སྐྱོན་དང་བཅས་པའི་ སྙན་ངག་འདི་ཉིད་ ཤེས་བྱ་རིག་པའི་གནས་ལ་ སློབ་པར་འདོད་པ་ཀུན་གྱིས་ ཤེས་པར་བྱ་དགོས་པ་ཡིན་ནོ།།



གཞུང་དོན་དངོས་ལ་རྒྱ་གར་གྱི་ལུགས་ལྟར་མཚམས་སྦྱོར་གྱི་སྒོ་ནས་འཆད་པ་ལ། ཐོག་མར་བསྟན་བཅོས་རྩོམ་པ་ལ་བར་ཆད་ཞི་བའི་ཆེད་དུ་ངག་གི་ལྷ་ལ་མཆོད་པར་བརྗོད་པ།
ཅ་ཏུརྨུཁ མུཁཱམྦྷོཇ བནཧཾས བདྷུརྨམ། མཱནསེ རམཏཱཾ ནིཏྱཾ སརྦཤུཀླཱསརསྦཏི།།
གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར།།
དབྱངས་ཅན་མ་ནི་ཁོ་བོ་ཡི། །མ་ན་ས་ལ་རྒྱུན་དུ་རོལ།།༡།[1]
ལྷ་ཆེན་ཚངས་པའི་ཞལ་གྱི་མེ་ཏོག་པདྨའི་ཚལ་དེ་ན་གནས་པའི། ཕྱོགས་ཐམས་ཅད་ནས་དཀར་བའི་ངང་པའི་བུ་མོ་དབྱངས་ཅན་མ་ནི། བདག་གི་ཡིད་ལ་དུས་རྒྱུན་དུ་བཞུགས་ནས་ངག་གི་དངོས་གྲུབ་སྩོལ་བར་མཛོད་ཅིག།
རྒྱན་འདི་སྦྱར་བའི་གཟུགས་ཅན་དང་སྒྲ་རྒྱན་འདྲེས་མ་སྟེ། གདོང་བཞི་ཞེས་པ་ལྷ་ཆེན་ཚངས་པའི་མིང་དང་། དེའི་ཞལ་པདྨའི་ཚལ་གྱི་གཟུགས་སུ་བཀོད་ཅིང་། ལྷ་མོ་དབྱངས་ཅན་མ་ནི་པདྨའི་ཚལ་ལ་གནས་པའི་ངང་པའི་གཟུགས་སུ་བཀོད་པས་གཟུགས་ཅན་གྱི་རྒྱན་དང་། ངང་པའི་བུ་མོའི་སྐད་དོད། ཧཾ་ས་བ་དྷུ་ཞེས་པའི་སྒྲ་དེ་དབྱངས་ཅན་མ་དང་ངང་མོ་གཉིས་ཀའི་མིང་ཡིན་པས་སྒྲ་སྦྱར་དང། ཡིད་ཀྱི་སྐད་དོད་དུ་མ་ན་ས་ཞེས་པ་དེ་མ་ཕམ་གཡུ་མཚོ་དང་ཡིད་གཉིས་ཀ་འཇུག་པས། དཔེའི་སྐབས་སུ་ངང་པ་མ་ཕམ་གཡུ་མཚོ་ལ་རོལ་བ་དང་། དོན་གྱི་སྐབས་སུ་དབྱངས་ཅན་མ་ཡིད་ལ་རོལ་བར་བཤད་པ་དེའང་སྒྲ་སྦྱར། དབྱངས་ཅན་མ་ཉེས་སྐྱོན་གྱི་དྲི་མས་དག་པའི་དཀར་བ་དང་། ངང་མོ་ཁ་དོག་གི་དཀར་བ་གཉིས་དོན་སྦྱར་དུ་སོང་བ་དང་། གདོང་བཞི་གདོང་ཞེས་པའི་སྐད་དོད་ནང་ལ་མུ་ཁ་མུ་ཁམ་ཞེས་པ་སྒྲའི་རྗེས་འཁྲིད་དང་བཅས་པའོ།།

རྩོམ་པར་དམ་བཅའ་བ།
བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ།།
ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ།༢།
བྷ་རཏ་མུ་ནི་ཞེས་པས་མཛད་པའི་ཟློས་གར་བསྟན་བཅོས་དང་། མེའི་སྔོན་རབས། བྷ་མ་ཧས་མཛད་པའི་ཚིག་རྒྱན་གྱི་བསྟན་བཅོས་རྣམས་དང་། གཞན་ཡང་རྒྱ་གར་ཤར་ལྷོའི་མཁས་པ་རྣམས་ཀྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་སྔ་མ་རྣམས་ནས་བཤད་པའི་རྒྱན་རྣམས་ཆ་ཚང་བར་བསྡུས་ཤིང་། སྦྱོར་བ་དཔེར་བརྗོད་རྣམས་ཀྱིས་ཀྱང་ཉེ་བར་མཚོན་པའི་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ཞིག བློའི་སྟོབས་དང་བསྟུན་ནས་ཇི་ལྟར་ནུས་པ་ཞིག་བདག་གིས་འབྲི་བར་བྱའོ།།
འདིར་བསྟན་བཅོས་སྔ་མ་རྣམས་བསྡུས་པའི་དོན་ཡང་སྔ་མ་རྣམས་ཕྱོགས་བསྡོམས་བྱས་པའི་དོན་ལ་གོ་དགོས་ཀྱི་མདོར་བསྡུས་བཏང་བའི་དོན་ལ་གོ་མི་རུང་སྟེ། དཎྜིའི་སྔོན་དུ་བྱུང་བའི་ཟློས་གར་བསྟན་བཅོས་ཀྱི་ནང་ལ་རྒྱན་བཞི་དང་། མེའི་སྔོན་རབས་ནང་ལ་རྒྱན་བཅུ་དྲུག་ལས་བཤད་མེད། བྷ་མ་ཧས་དོན་རྒྱན་སོ་བརྒྱད་དུ་འདོད་ཀྱང་། སློབ་དཔོན་འདིས་རྗེས་འགྲོ་མེད་པ་དང་ཐེ་ཚོམ་ཅན་ལ་སོགས་པ་འགའ་ཞིག་རྒྱན་ཐ་དད་དུ་འདོད་པ་བཀག་ནས་དོན་རྒྱན་སོ་ལྔར་བཤད་པས་མདོར་བསྡུས་བཏང་བའི་དོན་གཏན་ནས་མི་འབྱུང་བའི་ཕྱིར་རོ།།

སྤྱིར་རྗོད་བྱེད་སྐད་རིགས་རྣམས་ཀྱི་ཕན་ཡོན།
འདི་ན་མཆོག་གིས་བསྟན་པ་དང་། །ལྷག་མར་གྱུར་པ་ཐམས་ཅད་ཀྱི།།
ཚིག་རྣམས་ཉིད་ཀྱི་དྲིན་ལས་ནི། །འཇིག་རྟེན་ལུགས་ལ་འཇུག་པར་བྱེད།༣།[2]
འཇིག་རྟེན་འདི་ན་དྲང་སྲོང་པཱ་ཎི་ནི་དང་བྲམ་ཟེ་མཆོག་སྲེད་ལ་སོགས་པའི་སྐྱེས་བུ་མཆོག་གྱུར་རྣམས་ཀྱིས་བརྡ་སྤྲོད་གཞུང་ལུགས་ཀྱི་ལམ་ནས་བསྟན་པའི་ལེགས་སྦྱར་དང་རང་བཞིན་གྱི་སྐད་གཉིས་དང་། འདི་གཉིས་ཀྱི་ལྷག་མར་གྱུར་པ་འཇིག་རྟེན་པའི་ཡུལ་སྐད་ལ་སོགས་པའི་རྗོད་བྱེད་སྐད་རིགས་ཐམས་ཅད་ཀྱི་ཚིག་རྣམས་ཀྱི་དྲིན་ལས། འཇིག་རྟེན་པ་རྣམས་གཅིག་གིས་གཅིག་ལ་གོ་བ་བརྡ་སྤྲོད་ནུས་པའི་རང་རང་སོ་སོའི་ལུགས་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་ཡིན་ནོ།།
འདིར་ཡོངས་གྲགས་སུ་སྐྱེས་བུ་མཆོག་གིས་བསྟན་པའི་སྐད་རིགས་ནི་ལེགས་སྦྱར་ཁོ་ན་འདོད་མོད། བྲམ་ཟེ་མཆོག་སྲེད་ཀྱིས་རང་བཞིན་གྱི་སྐད་ཀྱི་སྒྲ་མདོ་སྦྱར་བ་ལ་བརྟེན་ནས་འདི་ཡང་སྐྱེས་བུ་མཆོག་གིས་བསྟན་པའི་སྐད་རིགས་ཀྱི་གྲངས་སུ་རྒྱ་འགྲེལ་ནས་གསུངས་འདུག

རྗོད་བྱེད་སྐད་རིགས་མེད་པའི་བརྟག་པ་མཐའ་བཟུང་གི་སྐྱོན།
        གལ་ཏེ་སྒྲར་བོད་སྣང་བ་ཡིས། །འཁོར་བའི་བར་དུ་མི་གསལ་ན།།
        འཇིག་རྟེན་གསུམ་པ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར།༤།
གལ་ཏེ་རྗོད་བྱེད་ཀྱི་སྒྲར་བོད་པའི་སྒོ་ནས་གོ་བརྡ་འཕྲོད་པའི་སྣང་བ་དེ་ཡིས། །འཁོར་བ་མ་སྟོང་གི་བར་དུ་མི་གསལ་བར་མུན་པའི་རང་བཞིན་དུ་མི་གནས་ན། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་པོ་ཐ་དག་ནི། །མུན་དོང་དུ་ལྷུང་བ་དང་འདྲ་བའི་སྨག་རུམ་མུན་པ་ཉིད་དུ་འགྱུར་རོ།།
བྱེ་བྲག་སྙན་ངག་ཤེས་པའི་ཕན་ཡོན།
སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ།།
དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས།༥།
སྔོན་གྱི་རྒྱལ་པོ་རྣམས་ཀྱི་གཏམ་སྙན་གྲགས་པའི་གཟུགས་བརྙན་ད་ལྟ་བར་དུ་གནས་པ་ནི། །དེ་དག་ལ་གང་འདོད་གསལ་བར་སྟོན་ནུས་པའི་ངག་གི་རང་བཞིན་དཔེར་ན་མེ་ལོང་དང་འདྲ་བ་འདི་ཉིད་ཐོབ་པའི་དབང་གིས་ཡིན་ལ། །རྒྱུ་མཚན་དེའི་ཕྱིར་རྒྱལ་པོ་དེ་དག་ད་ལྟའི་སྐབས་འདིར་ཉེ་བར་མི་གནས་ཀྱང་།རང་ཉིད་ཀྱི་གཏམ་སྙན་ཉམས་པ་མེད་པར་གསལ་བར་གནས་པ་འདི་ལ་ལྟོས་ཤིག།

ཕན་གནོད་བསྟན་པའི་སྒོ་ནས་སྐྱོན་སྤོང་བར་གདམས་པ། 
མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད།།
དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་རྗོད་བྱེད།༦།
མཁས་པ་རྣམས་ཀྱིས་བརྩམས་པའི་ཚིག་དོན་གཉིས་ཀ་ཡང་དག་པར་རབ་ཏུ་སྦྱར་བའི་སྙན་པའི་ངག་ནི། ངག་གི་འདོད་པ་ཐམས་ཅད་འཇོ་བའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བཤད་ལ། སྙན་ངག་དེ་ཉིད་ཚིག་དོན་གྱི་གང་གི་ཆ་ནས་འགལ་འཁྲུལ་སོང་བའི་ཉེས་པ་དང་བཅས་པར་སྦྱར་ན། འདོད་དོན་འགྲུབ་པའི་ཚབ་ཏུ་སླར་ཡང་སྦྱོར་བ་པོ་ལ་བ་ལང་དང་འདྲ་བ་ཉིད་དུ་བརྗོད་པར་བྱེད་དོ།།

དེ་ཕྱིར་སྙན་ངག་དག་ལ་སྐྱོན། །ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར།།
བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར།༧།
རྒྱུ་མཚན་དེའི་ཕྱིར་སྙན་ངག་གང་འདྲ་ཞིག་རྩོམ་ན་ཡང་བརྩམ་བྱ་དེ་དག་ལ། ཉེས་སྐྱོན་ཆུང་ངུ་ཞིག་ལས་མེད་པར་གྱུར་ཀྱང་།ཅི་ཞིག་ལྟར་འབད་བརྩོན་སྣ་ཚོགས་ཀྱི་སྒོ་ནས་བཏང་སྙོམས་སུ་བཞག་པར་མི་བྱའོ།། གང་ཡིན་ཞེ་ན། སྙན་ངག་གི་ལུས་གཞུང་ཇི་ལྟར་མཛེས་ཀྱང་། ཚིག་དོན་གྱི་ཉེས་སྐྱོན་ཆུང་ངུ་དེ་གཅིག་གིས་ནི་མི་རྣམས་ཀྱིས་འཕྱར་བར་འགྱུར་བའི་སྐལ་བ་ངན་པར་འབྱུང་བར་འགྱུར་བས་སོ།།

སྐྱོན་ཡོན་མི་ཤེས་པའི་མཁས་བླུན་གྱི་དཔེ་བསྟན་པ།
སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ།།
གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི།༨།
སྐྱེ་བོ་བསྟན་བཅོས་མི་ཤེས་པ་རྣམས་ཀྱིས་ནི། སྙན་ངག་ལ་ཚང་དགོས་པའི་ཡོན་ཏན་དང་། སྤོང་དགོས་པའི་སྐྱོན་དག་ཡོད་མེད་ཀྱི་དབྱེ་བ་ཇི་ལྟར་དབྱེ་སྟེ་དབྱེ་བར་མི་ནུས་སོ།། དཔེར་ན་གཟུགས་ཀྱི་ལེགས་ཉེས་ཀྱི་དབྱེ་བ་དམིགས་ནས་བལྟ་བའི་གོ་སྐབས་འདི་ཉིད་ལོང་བ་དག་ལ་ཡོད་དམ་ཅི་སྟེ་མེད་པ་ལྟ་བུ་ཡིན་ནོ།།

ཁེ་ཕན་ཡོད་པ་དེའི་ཕྱིར་སྙན་ངག་བཤད་པར་བསྟན་པ།
དེ་ཕྱིར་མཁས་པས་སྐྱེ་དགུ་རྣམས། །བྱེ་བྲག་རྟོགས་ལ་མངོན་དགོངས་ནས།།
རྣམ་བཀྲ་ལམ་ལྡན་ཚིག་རྣམས་ཀྱི། །བྱ་བའི་ཆོ་ག་ངེས་པར་སྦྱར།༩།
དེ་རྣམས་ཀྱིས་ནི་སྙན་ངག་གི། །ལུས་དང་རྒྱན་ཡང་རབ་ཏུ་བསྟན།།
སྙན་ངག་ཤེས་ན་གོང་དུ་ཞུས་པའི་ཁེ་ཕན་ཡོད་པ་དེའི་ཕྱིར་སྔོན་གྱི་མཁས་པ་རྣམས་ཀྱི་ཀྱང་། སྐྱེ་དགུ་ཡོད་དོ་ཅོག་རྣམས་ཀྱིས་ཁེ་ཕན་བྱེ་བྲག་པ་དེ་དང་ལྡན་པའི་སྙན་ངག་དེ་ཉིད་རྟོགས་པ་ལ་མངོན་པར་དགོངས་ནས། ཕུན་ཚོགས་རྣམ་པར་བཀྲ་འི་ཤར་ལྷོའི་ལམ་རྣམ་པ་སྣ་ཚོགས་དང་ལྡན་པའི་ཚིག་རྣམས་ཀྱི་སྒོ་ལས་སྙན་ངག་ཇི་ལྟར་བྱ་བའི་ཆོ་ག་སྙན་ངག་ཆེན་པོའི་གཞུང་ངེས་པར་སྦྱར་ནས་འདུག་ལ། སྙན་ངག་ཆེན་པོའི་གཞུང་ཙམ་མ་ཟད་མཁས་པ་དེ་རྣམས་ཀྱིས་ནི་སྙན་ངག་གི་ལུས་དང་རྒྱན་གྱི་མཚན་ཉིད་སྟོན་པའི་གཞུང་ཡང་བསྟན་ནས་འདུག་པ་ལྟར། དཎྜི་བདག་གིས་ཀྱང་སྙན་ངག་གི་ལུས་དང་རྒྱན་ལ་སོགས་པ་བསྟན་པར་བྱའོ།།

སྙན་ངག་གི་ལུས་ཀྱི་མཚན་ཉིད་བཤད་པ།
ཤརཱིརཾ ཏཱབདིཥྚཱརྠབྱབཅྖིནྣཱ པདཱབལཱི།།
དེ་ལ་ལུས་ནི་འདོད་པ་ཡི། །དོན་དང་ལྡན་པའི་ཚིག་གི་ཕྲེང་།༡༠།[3]
སྐབས་དེ་ལ་སྙན་ངག་གི་ལུས་ཞེས་པ་ནི། འདོད་པའི་དོན་དང་ལྡན་པའི་རྗོད་བྱེད་ཚིག་གི་ཕྲེང་བ་ཞིག་གོ།
དེ་ཡང་དོན་དང་བྲལ་བའི་བྱིས་པ་དང་སྨྱོན་པ་ལྟ་བུའི་ཚིག་མིན་པར་གང་ཞིག་བརྗོད་པར་འདོད་པའི་དོན་དེ། རྗོད་བྱེད་ཚིག་གི་ལམ་ནས་བརྗོད་པ་འདི་ཉིད་འདོད་པའི་དོན་དང་ལྡན་པའི་ཚིག་གི་ཕྲེང་བ་ཡིན་ལ། སྙན་ངག་གི་ལུས་ཀྱང་འདི་ཉིད་ཡིན་ནོ།།
ལུས་ཀྱི་དབྱེ་བ་བཤད་པ།
དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས།།
ལུས་འདི་ཡང་ཚིགས་བཅད་དང་། ཚིག་ལྷུག་པ་དང་། ཚིགས་བཅད་ཚིག་ལྷུག་སྤེལ་བའི་སྤེལ་མ་རྣམ་པ་གསུམ་ཉིད་དུ་གནས་སོ།།

ཚིགས་བཅད་ཀྱི་མཚན་ཉིད་བཤད་པ།
ཚིགས་བཅད་རྐང་བཞི་ཅན་་་་་་་་་་་་་་་།།
ཚིགས་བཅད་ཅེས་པ་ནི་རྐང་པ་བཞི་བཞི་དང་ལྡན་པའི་བདག་ཉིད་ཅན་ཞིག་ཡིན་ནོ།།
སྤྱི་ཚོགས་རྩོམ་རིག་དང་མགུར་མ་ལ་སོགས་པའི་ནང་དུ་ཚིགས་བཅད་གཅིག་ལ་རྐང་པ་བཞི་རེ་དགོས་པའི་ངེས་པ་མེད་ཀྱང་། བརྡ་སྤྲོད་པའི་བསྟན་བཅོས་ཀྱི་སྐབས་འདིར་ཚིགས་བཅད་ལ་རྐང་པ་བཞི་རེར་ངེས་པ་ཡིན་ནོ།།

ཚིགས་བཅད་ཀྱི་རྩ་བའི་དབྱེ་བ་གཉིས་སུ་ཕྱེ་བ།
་་་་་་་་་་་་་་་་་་་་་་་་་དེ་ཡང་། །བྲྀཏྟཛཱ་ཏི་ཞེས་རྣམ་གཉིས།༡༡།
དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན།།
རིག་དེ་སྙན་ངག་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་གྲུ།༡༢།
ཚིགས་བཅད་དེ་ལ་ཡང་བྲྀཏྟ་དང་ཇཱ་ཏི་ཞེས་པའི་རྩ་བའི་དབྱེ་བ་རྣམ་པ་གཉིས་སོ།། དེ་ཡི་སྤྲོས་པའི་དབྱེ་བ་ཐ་དག་ནི་སྡེབ་སྦྱོར་གྱི་གཞུང་གཞན་དུ་ངེས་པར་བསྟན་ཡོད་པས་སྐབས་འདིར་འཆད་དགོས་དོན་མི་འདུག་གོ། འདིར་མ་བཤད་ཀྱང་གཞུང་གཞན་ལས་སྦྱངས་དགོས་ཏེ། སྡེབ་སྦྱོར་གྱི་རིག་པ་དེ་ནི། སྙན་ངག་གི་རྒྱ་མཚོཟབ་མོ་བརྒལ་བར་འདོད་པ་རྣམས་ལ་གྲུ་གཟིངས་དང་འདྲ་བའི་མེད་ཐབས་མེད་པའི་ཁྱད་ནོར་ཡིན་པའི་ཕྱིར་རོ།།
དེ་ཡང་སྡེབ་སྦྱོར་གྱི་སྐབས་སུ་ཚིགས་བཅད་རེ་ལ་རྐང་པ་བཞི་བཞིར་ངེས་ཀྱང་། ཚིག་རྐང་རེ་རེ་ལ་ཚིག་འབྲུ་ཇི་ཙམ་དགོས་པའི་སྐོར་ནི་སྡེབ་སྦྱོར་གྱི་གཞུང་དུ་བཤད་ཅིང་། གཞུང་དེར་ཚིག་འབྲུའི་གྲངས་ཀ་བགྲང་སྟངས་དེ་ཡང་རིགས་གཉིས་ཏེ། དབྱངས་རེ་རེ་ལ་ཚིག་འབྲུ་རེ་བགྲང་བའི་ལུགས་གཅིག་དང་། གསལ་བྱེད་རེ་ལ་སྒྲ་མདངས་རེ་བགྲང་བའི་ལུགས་གཉིས་ལས། དང་པོ་དེ་ལ་བྲྀཏྟ་དང་། ཕྱི་མ་འདི་ལ་ཇཱ་ཏི་ཞེས་བྱ་བ་ཡིན། ཆོས་སྐད་དང་རྫོང་ཁའི་ནང་ལ་བྲྀཏྟ་དང་ཇཱ་ཏིའི་རྣམ་གཞག་མེད་ལ། དེའི་ཚབ་ཏུ་ཁོ་བོས་སྦྱར་བའི་ཚིག་འབྲུ་ཆ་དང་ཡའི་སྒྲིག་སྟངས་ཀྱི་སྡེབ་སྦྱོར་དགོས་འདོད་ཀུན་འབྱུང་གཟིགས་པར་འཚལ།།

བརྗོད་བྱ་ནང་དོན་སྟོན་ཚུལ་གྱི་ཆ་ནས་ཚིགས་བཅད་ལ་བཞིར་དབྱེ་བ།
གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ་དེ་འདྲ་བའི།།
ཚིགས་བཅད་རྒྱས་པར་མི་བརྗོད་དེ། །སརྒས་བཅིངས་པའི་ཆ་ཤས་ཕྱིར།༡༣།[4]
ཚིགས་བཅད་གཅིག་ནང་བརྗོད་བྱའི་དོན་གཅིག་རྫོགས་པར་སྟོན་པའི་གྲོལ་བ་དང་ནི། བརྗོད་དོན་ཚིགས་བཅད་གཅིག་ནང་རྫོགས་པར་མི་ནུས་པར་ཚིགས་བཅད་གཉིས་དང་གསུམ་ལ་སོགས་པའི་ནང་དུ་རྒྱུན་མཐུད་ནས་འབྲི་དགོས་པ་ལ་རིགས་ཞེས་བྱ་བ་དང་། ཚིགས་བཅད་གཅིག་ནང་བརྗོད་དོན་གཉིས་གསུམ་ལ་སོགས་པ་མང་པོ་འཛོམས་པའི་མཛོད་དང་། བརྗོད་བྱའི་སྐབས་འཐོབ་དང་བསྟུན་ནས་དེ་གསུམ་ཅི་རིགས་པར་བསྡུས་པའི་འདུས་པ་ཞེས་བྱ་བ་འདི་འདྲ་བའི་ཚིགས་བཅད་ཀྱི་སྐོར་རྒྱས་པར་མི་བརྗོད་དེ། གང་ཡིན་ཞེ་ན། དེ་དག་སརྒ་སྟེ་ལེའུས་བཅིངས་པའི་སྙན་ངག་ཆེན་པོའི་ཆ་ཤས་ཙམ་ཞིག་ཡིན་པའི་ཕྱིར་རོ།།

ལུས་ཀྱི་དབྱེ་བ་གསུམ་ལས་དང་པོ་ཚིགས་བཅད་ཀྱི་སྒོ་ནས་སྙན་ངག་རྩོམ་ཚུལ་བཤད་པ་ལ། ཐོག་མར་སྙན་ངག་ཆེན་པོའི་མཇུག་སྒོ་བཤད་པ།
སརྒས་བཅིངས་པ་སྙན་ངག་ཆེ། །དེ་ཡི་མཚན་ཉིད་བཤད་པར་བྱ།།
ཤིས་པར་བརྗོད་ཅིང་ཕྱག་བྱ་དང་། །དངོས་པོ་ངེས་བསྟན་དེ་ཡི་སྒོ།༡༤།
འོ་ན་སརྒས་བཅིངས་པའི་སྙན་ངག་ཆེན་པོ་དེ་གང་ཞེ་ན། དེའི་མཚན་ཉིད་བཤད་པར་བྱའོ།།
ཞེས་དམ་བཅས་ནས། རང་གི་འདོད་པའི་དངོས་པོ་ལ་བཀྲ་ཤིས་པར་འབྱུང་བར་སྨོན་པའི་ཤིས་པར་བརྗོད་པ་དང་། རྐྱེན་དང་བར་ཆད་ཞི་བའི་ཕྱིར་དུ་ནང་དོན་བརྗོད་བྱ་དང་འབྲེལ་བའི་ཡུལ་ལ་ཕྱག་བྱ་བ་དང་། རྒྱས་བཤད་ཀྱི་བརྗོད་དོན་མི་འཁྲུགས་པའི་ཕྱིར་དུ་དངོས་པོ་ངེས་པར་བསྟན་པའི་མདོར་བསྟན་གསུམ་པོ་འདི་ནི། སྙན་ངག་ཆེན་པོ་དེ་ཡི་རྩོམ་པ་ལ་འཇུག་པའི་སྒོ་ལྟ་བུ་ཡིན་པས་ངེས་པར་དགོས་སོ།།
༼འདི་ལ་ཤིས་བརྗོད་དང་ཕྱག་བྱ་བ་གཉིས་པོ་གཅིག་གིས་འཐུས་པར་བྱས་ཀྱང་ཆོག་ལ། ཤིས་བརྗོད་སྔོན་དུ་བཏང་ནས་ཕྱག་བྱ་ན་འགལ་བ་མེད་དོ།།༽

གཉིས་པ་སྙན་ངག་ཆེན་པོའི་རྩོམ་གཞིའམ་གཞི་བཞག་ས་དང་། དེའི་དམིགས་ཡུལ་བསྟན་པ།
ཨིཏིཧཱས་ཀཐོདྦྷུཏམིཏརདྦཱ སདཱཤྲཡཾ། ཅཏུརྦརྒཕལཱཡཏྟཾ ཅཏུརོདཱཏྟནཱཡཀམ།།
སྔོན་བྱུང་གཏམ་ལས་བྱུང་བ་འམ། །ཅིག་ཤོས་ལེགས་པ་ལ་བརྟེན་ནས།།
སྡེ་བཞིའི་འབྲས་བུར་དམིགས་པ་དང་། །འདྲེན་པ་མཁས་ཤིང་རྒྱ་ཆེ་བ།༡༥།
སྙན་ངག་ཆེན་པོའི་རྩོམ་གཞིའི་བརྗོད་བྱ་ངོ་མ་ནི་སྔོན་བྱུང་ལོ་རྒྱུས་ཀྱི་གཏམ་ལས་བྱུང་བ་ཞིག་ལ་གཞིར་བཞག་ནས་འབྲི་བའམ། ཅིག་ཤོས་གཞན་པ་དེ་ནི་ལེགས་པའི་སྤྱོད་བཟང་དང་ལྡན་པའི་སྐྱེས་བུ་དམ་ཞིག་ལ་བརྟེན་ནས་འབྲི་དགོས་པ་ཡིན་ལ། དེ་ལྟར་འབྲི་བའི་དམིགས་ཡུལ་དེ་ཡང་ཆོས་ནོར་འདོད་དང་ཐར་པ་ཞེས་པའི་ཕུན་ཚོགས་སྡེ་བཞིའི་འབྲས་བུར་དམིགས་ནས་དེ་དག་གང་རུང་གསལ་བར་སྟོན་པའི་ཆེད་དང་། ཡང་ན་སྙན་ངག་དེའི་མི་སྣ་གཙོ་བོ་འདྲེན་པ་དེའི་མཁས་ཤིང་རྒྱ་ཆེའི་སྤྱོད་བཟང་སྟོན་པའི་ཆེད་དུ་འབྲི་དགོས་པ་ཡིན་ནོ།།
༼ཕུན་ཚོགས་སྡེ་བཞི་ཞེས་པ་དེ་ཡང་རྒྱ་གར་ཧིན་དུའི་ཆོས་ཀྱི་རིགས་མཐོ་བ་རྣམས་ཀྱི་ཁྱད་ཆོས་ཞིག་སྟེ། དེ་ཡང་བྲམ་ཟེ་དང་རྒྱལ་རིགས་རྣམས་ཀྱིས་གཞོན་པའི་གནས་སྐབས་ན་སློབ་དཔོན་བསྟེན་ཏེ་རིག་པའི་གནས་དང་རིག་རྩལ་སོགས་ལ་སྦྱངས་ནས་རྒྱུ་ནོར་རང་གི་རྒྱུད་ལ་ལྡན་པར་བྱེད་པའམ་ཡང་ན་དཀའ་སྤྱད་ཁྱད་སད་ཀྱིས་རྒྱུ་ནོར་བསགས་པ་དང་། དེ་ནས་དར་མའི་གནས་སྐབས་ན་ཁྱིམ་ཚང་འཛིན་ནས་འདོད་པའི་བདེ་བ་ལོངས་སུ་སྤྱོད། ལོ་ན་རྒས་པའི་གནས་སྐབས་ན་ཁྱིམ་གྱི་བྱ་བ་རང་གི་བུ་གཞི་ལ་རྩིས་སྤྲོད་ནས་དབེན་པའི་རི་ཁྲོད་དུ་ཆོས་བྱེད་དུ་འགྲོ་བ་དང་། དེ་ནས་ཆོས་ཀྱི་ཉམས་ལེན་གང་མཚམས་ཞིག་ཐོབ་པ་ན་རི་ཁྲོད་ཀྱི་བྱ་བའང་བློས་བཏང་ནས་གནས་ངེས་མེད་དུ་སྤྱོད་པ་གཤེགས་པ་བཞི་པོ་དེ། ནོར་དང་འདོད་པ། ཆོས་དང་ཐར་པའི་དོན་ཡིན།
མཧཱ་བྷཱ་རཏ་དང་། ར་མ་ཡཎ་ལ་སོགས་པ་ནི་སྔོན་བྱུང་གཏམ་ལ་སྦྱར་བའི་སྙན་ངག་དང་། སངས་རྒྱས་ཀྱི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་སོགས་པ་ནི་གཅིག་ཤོས་དམ་པའི་སྐྱེས་བུའི་མཁས་ཤིང་རྒྱ་ཆེ་བའི་སྤྱོད་ཚུལ་སྟོན་པའི་སྙན་ངག་ཡིན། རྩོམ་གཞི་གཉིས་སུ་བཤད་པ་དེ་གནའ་སྔ་མོའི་སྙན་ངག་གི་དུས་སྐབས་ཀྱི་བསམ་བློ་ཞིག་ཡིན། དེང་སངས་ཀྱི་དབང་དུ་བྱེད་ན། འདས་པའི་བྱུང་བ། ད་ལྟའི་གནས་ཚུལ། མ་འོངས་པའི་འཆར་སྒོ་དང་། ལྷག་པར་སེམས་ཀྱི་རྣམ་རྟོག་ལ་གཞིར་བཞག་ནས་རྟོག་བཟོའི་སྒྲུང་རྩོམ་གང་འདྲ་ཞིག་ཡིན་རུང་འབྲི་ཆོག་པ་ཡིན།།
སྙན་ངག་ཆེན་པོ་ཡོད་ཚད་ལ་ཕུན་ཚོགས་སྡེ་བཞི་ཚང་དགོས་དོན་མེད། དཔེར་ན་སངས་རྒྱས་ཀྱི་རྟོགས་བརྗོད་ལྟ་བུ་ནི་ཆོས་ཀྱི་དོན་གཙོ་བོར་སྟོན་པའི་སྙན་ངག་དང་། རྗེ་བཙུན་མི་ལའི་རྣམ་ཐར་ལྟ་བུ་ནི་བློས་བཏང་ཐར་པའི་དོན་གཙོ་བོར་སྟོན་པ་ཙམ་ལས་འདོད་པའི་དོན་མི་ཚང་བ་ལྟ་བུ་ཡིན།༽


སྙན་ངག་ཆེན་པོའི་ནང་དོན་ཡན་ལག་བཅུ་དྲུག་བཤད་པ།
༡གྲོང་ཁྱེར་༢རྒྱ་མཚོ་༣རི་དང་༤དུས།། ༥ཉི་ཟླ་འཆར་བའི་བསྔགས་པ་དང་།།
འདྲེན་པ་དང་འདྲེན་མ་གཉིས་ཀྱི་གནས་ས་འདི་ལ་བར་གྱི་སྐྱིད་ཉམས་ལྡན་པའི་གྲོང་ཁྱེར། མར་གྱི་རྒྱ་མཚོའི་མཐོང་སྣང་། ཡར་གྱི་རིའི་བཀོད་པ། ནམ་ཟླ་དུས་བཞིའི་འགྱུར་ལྡོག  ཉི་ཟླ་འཆར་ནུབ་བྱེད་པའི་སྐབས་ཀྱི་མཛེས་ཆའི་མཐོང་སྣང་སོགས་གང་དང་གང་ཡོད་པ་དེ་དང་དེ་ལ་བསྔགས་པ་དང་།
ཁྱད་ཆོས་ལྔ་པོ་འདི་ནི་ཕུན་ཚོགས་སྡེ་བཞི་ཀུན་ལ་སྦྱར་རུང་བ་ཡིན་རུང་། འཆད་འགྱུར་གྱི་ཁྱད་ཆོས་བཅུ་གཅིག་པོ་དེ་འདོད་པའི་སྡེ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ།།
༦སྐྱེད་ཚལ་༧ཆུ་ཡི་རོལ་རྩེད་དང་།། ༨ཆང་འཐུང་༩དགའ་བའི་དགའ་སྟོན་དང་།།(༡༦)
སྐྱེད་མོས་ཚལ་དུ་སྤྲོ་འཁྱམས་ལ་ཕྱིན་པ་ན་ཕོ་མོ་གཉིས་ཕན་ཚུན་ཐུག་ཕྲད་བྱེད་ཅིང་། ཆུའི་རོལ་རྩེད་ལ་རོལ་ནས་གཅིག་གིས་གཅིག་ལ་དགའ་བའི་རྣམ་འགྱུར་སྟོན་ན་ཡང་ངོ་ཚ་བག་ཡོད་ཀྱིས་ཕན་ཚུན་གཏམ་གླེང་བྱ་བར་མི་ནུས་པའི་ཚེ། མཐུན་གྲོགས་ཆང་འཐུང་གི་རྣམ་པས་ངོ་ཚ་མེད་པའི་ཐོག་ནས་བར་དུ་མཚམས་སྦྱོར་བ་ན། གཅིག་སེམས་གཅིག་ལ་ཆགས་པའི་དགའ་བའི་དགའ་སྟོན་གྱི་ངང་དུ་གནས་པ་དང་།
འདི་ནི་ཕོ་མོ་ཕན་ཚུན་ཐུག་ཕྲད་ཇི་ལྟར་བྱེད་པ་དང་གཅིག་གིས་གཅིག་ལ་བརྩེ་སེམས་འཆང་བའི་སྐབས་ཙམ་ཞིག་ཡིན།
༡༠སླུ་བ་དང་ནི་༡༡བག་མ་དང་།། ༡༢གཞོན་ནུ་སྐྱེ་དང་འཕེལ་བ་དང་།།
གཅིག་གིས་གཅིག་ལ་བརྩེ་སེམས་འཆང་ནས་སྡོད་པའི་གནས་སྐབས་ན་སྐབས་རེ་གོ་བོ་ཕྱིན་ཅི་ལོག་ཏུ་ཕྱིན་ནས་ཕན་ཚུན་འདོད་དོན་མ་འགྲུབ་པའི་བསླུ་བ་དང་ནི། འོན་ཀྱང་ཕྱི་ནས་གོ་བརྡ་ཕྲོད་པ་ན་བསམ་ཚུལ་མཐུན་པའི་སྒོ་ནས་བག་མར་ལེན་པ་དང་། དེ་ནས་གཞོན་ནུ་སྐྱེ་བ་དང་རིམ་གྱིས་སྐྱེད་བསྲིངས་ནས་འཕེལ་བ་ལ་སོགས་པའི་གནས་སྐབས་དང་།
༼དྲུག་པ་ནས་བཅུ་གཉིས་པ་འདིའི་བར་གཉེན་སྐྱོང་གི་བྱ་བ་ཡིན་ལ་འཆད་འགྱུར་རྣམས་ནི་དགྲ་འདུལ་གྱི་བྱ་བའོ།།༽
༡༣གྲོས་དང་ཕོ་ཉ་༡༤བགྲོད་པ་དང་།། ༡༥གཡུལ་དང་༡༦འདྲེན་པ་དར་བས་ཀྱང་།༡༧།
དེ་ལྟར་དགའ་སྐྱིད་ཀྱི་ངང་དུ་གནས་པ་ན་དགྲའི་འཚེ་བ་བྱུང་བ་དེ་ལ་ཇི་ལྟར་བྱ་དགོས་པའི་ཁྱིམ་ཚང་ནང་གྲོས་བསྡུར་བྱས་ནས་དགྲ་ལ་ཕོ་ཉ་གཏོང་བ་དང་། དགྲ་ཡིས་མཐུན་བསྒྲིག་བྱ་བར་མ་ཉན་པ་ན་དེ་ཉིད་གཞོམ་པའི་ཕྱིར་དམག་དང་བཅས་ཏེ་འགྲོ་བ་དང་། མཐར་དགྲ་དང་ཕྲད་དེ་གཡུལ་བཀྱེ་བ་དང་། དེ་ནས་འདྲེན་པ་དར་བའི་སྒོ་ནས་རྒྱལ་ཁ་ཐོབ་པ་ལ་སོགས་པས་ཀྱང་བརྒྱན་ནས་དགྲ་བོ་བཅོམ་པར་གྱུར་པའོ།།
ནང་དོན་ཡན་ལག་བཅུ་དྲུག་གི་བཅུད་དོན།
བརྒྱན་པར་གྱུར་ཅིང་མདོར་བསྡུས་མིན། །སརྒ་ཤིན་ཏུ་རྒྱས་པའང་མིན།།
ཉམས་དང་འགྱུར་བ་དག་གིས་གཏམས། །མཉན་འོས་ཚིག་བརྒྱན་མཚམས་སྦྱོར་ལེགས།༡༨།
ཀུན་མཐར་ཚིགས་བཅད་ཐ་དད་ལྡན། །དམ་པའི་རྒྱན་ལྡན་སྙན་ངག་ནི།།
འཇིག་རྟེན་དགའ་བར་འགྱུར་བ་དང་། །བསྐལ་པའི་བར་དུ་གནས་པར་འགྱུར།༡༩།[5]
སྙན་ངག་ཆེན་པོ་ཞེས་པ་ནི། གྲོང་ཁྱེར་གྱི་བསྔགས་པ་ལ་སོགས་པའི་སྐབས་ཐོབ་ཀྱི་དོན་ཚན་རྣམས་ཀྱིས་བརྒྱན་པར་གྱུར་ཅིང་དེ་ཡང་མདོར་བསྡུས་ཙམ་གྱིས་ཆོག་པ་མིན་པ་དང་། སརྒའི་ལེའུ་ཤིན་ཏུ་རྒྱས་པའང་མིན་པའི་རྒྱས་བསྡུས་རན་པར་སྦྱར་དགོས་པ་མ་ཟད། འདི་ལ་ནང་གི་ཚོར་སྣང་གི་ཉམས་དང་ཕྱིའི་འགྱུར་བ་ཐོན་པའི་ཉམས་འགྱུར་གྱིས་གཏམས་པ་དང་། རྣ་བར་མཉན་ཚེ་མི་བདེ་བ་མེད་པའི་མཉན་པར་འོས་པའི་ཚིགས་བཅད་ཀྱིས་བརྒྱན་ཅིང་།  ལེའུ་གོང་འོག་གི་མཚམས་སྦྱོར་ལེགས་པས་བརྒྱན་དགོས་པ་དང་། མཇུག་མ་རྫོགས་ཀྱི་བར་དུ་ཚིགས་བཅད་ཀྱི་སྡེབ་སྦྱོར་གཅིག་རང་མིན་པར་ལེའུ་ཀུན་གྱི་མཐའ་ལ་ཚིགས་བཅད་ཐ་དད་པ་ལྡན་པ་དང་། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་དམ་པའི་རྒྱན་དང་ལྡན་པ་ཞིག་དགོས་སོ།། འདི་ལྟ་བུའི་མཚན་ཉིད་དང་ལྡན་པའི་སྙན་ངག་གིས་ནི། ཉན་པོ་པོ་འཇིག་རྟེན་དགའ་བར་འགྱུར་བ་དང་། མཐར་བསྐལ་པའི་བར་དུ་གནས་པ་འགྱུར་བ་ཡིན་ནོ།།
༼དགའ་བ་དང་སྐྱོ་བ། སྤྲོ་བ་དང་བགོད་བྲོ་བ་ལ་སོགས་པའི་སེམས་ཀྱི་ཚོར་སྣང་ནང་ནས་སྐྱེ་བ་དེ་ལ་ཉམས་ཞེས་བྱ་བ་དང་། དེ་དང་མཐུན་པའི་ལས་ངག་གི་རྣམ་འགྱུར་དཔེར་ན་སྒེག་པ་དང་སྙིང་རྗེ། དཔའ་བ་དང་བཞད་གད་ལ་སོགས་པའི་རྣམ་འགྱུར་ཕྱི་ལ་ཐོན་པ་དེ་ལ་འགྱུར་བ་ཞེས་བྱ་བ་ཡིན།༽

གང་ཞིག་ཡན་ལག་འགས་དམན་ཡང་། །གལ་ཏེ་སྦྱོར་རྣམས་ཕུན་ཚོགས་ཀྱིས།།
དེ་རིག་མགུ་བར་བྱེད་པས་ན། །འདིར་ནི་སྙན་ངག་སྐྱོན་མ་ཡིན།༢༠།
སྙན་ངག་གང་ཞིག་ལ་གྲོང་ཁྱེར་རྒྱ་མཚོ་ལ་སོགས་པའི་དོན་ཚན་བཅུ་དྲུག་ལས། ཡན་ལག་འགའ་ཞིག་གིས་དམན་ནས་མེད་ན་ཡང་། གལ་ཏེ་ཡན་ལག་གང་ཞིག་སྦྱོར་བ་རྣམས་ལ་ཚིག་དོན་དང་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྒོ་ནས་སྦྱར་ནས་ཡོད་ན། དེ་འདྲའི་རིག་པ་དེས་ཀྱང་མཁས་རྣམས་མགུ་བར་བྱེས་པས་ན། ཡན་ལག་འགའ་ཞིག་གིས་དམན་པ་འདིར་ནི་སྙན་ངག་གི་སྐྱོན་དུ་འགྱུར་བ་མ་ཡིན་ནོ།།
མདོར་དོན། ཡན་ལག་བཅུ་དྲུག་མ་ཚང་ན་ཡང་གང་ཡོད་པ་དེ་ཚིག་དོན་དང་ཉམས་འགྱུར་ཕུན་སུམ་ཚོགས་པ་ཡོད་ན་སྙན་ངག་གི་སྐྱོན་དུ་མི་འགྱུར་ཞེས་པའོ།།

སྙན་ངག་ཆེན་པོ་དངོས་གཞི་འབྲི་ཚུལ་བསྟན་པ།
ཐོག་མར་འདྲེན་པའི་ཡོན་ཏན་གྱིས། །ཉེ་བར་བཀོད་ནས་དེ་ཡིས་ནི།།
དགྲ་ལ་གནོད་པ་བྱེད་ཅེས་པའི། །ལམ་འདི་རང་བཞིན་མཛེས་པ་ཡིན།༢༡།
སྙན་ངག་ཆེན་པའི་གཞི་བཞག་ས་དེ་སྔོན་བྱུང་གཏམ་ལ་བརྟེན་པའམ། ཅིག་ཤོས་བརྩམ་སྒྲུང་ལྟ་བུ་གང་ཡིན་ཡང་རུང་ལ། དངོས་གཞི་འབྲི་བའི་ཚེ། ཐོག་མར་འདྲེན་པའི་ཁྱད་ཆོས་ཡོན་ཏན་གྱིས་འགོ་བཙུགས་ཤིང་། དེ་ལ་ཡོད་པའི་སྙིང་སྟོབས་དང་ལྷག་བསམ་ལ་སོགས་པའི་ཡོན་ཏན་ཉེ་བར་བཀོད་ནས་འདྲེན་པའི་བསྔགས་པ་བརྗོད་པ་དང་། དེའི་ཕྱིས་ནས་འདྲེན་པ་དེ་ཡིས་དགྲ་བོ་བཅོམ་ནས་དེ་ལ་གནོད་པ་བྱེདཅེས་པའི་འབྲི་ཚུལ་གྱི་ལམ་འདི་ཡང་མཛེས་ཤིང་ཡིད་དུ་འོང་བ་ཡིན་ནོ།།

རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ཡང་ནི་བསྔགས་བྱས་ནས།།
དེ་ལས་རྒྱལ་ཕྱིར་འདྲེན་པ་ནི། །ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེད།༢༢།
ཡང་ན། རིགས་མཐོ་བ་དང་། སྙིང་སྟོབས་ཀྱི་བརྩོན་འགྲུས་ཆེ་བ། ཐོས་པའི་ཡོན་ཏན་ཆེ་བ་ལ་སོགས་པའི་སྒོ་ནས། དགྲ་བོ་དེ་ལ་ཡང་བསྔགས་པ་བྱས་ནས་བཞག་པ་དང། དགྲ་བོ་དེ་ཉིད་ང་རྒྱལ་ཆེ་ཆེར་འཕེལ་ནས་བྱ་བ་མ་ཡིན་པ་ལ་ཞུགས་པ་ན། གང་ཞིག་གིས་དགྲ་དེ་བཅོམ་ནས་དེ་ལས་རྒྱལ་ཁ་ཐོབ་པའི་ཕྱིར་ན་འདི་ཉིད་ཁྱད་པར་འཕགས་སོ། ཞེས་འདྲེན་པ་ནི་ཁྱད་འཕགས་ཡིན་པར་བརྗོད་པ་དེའང་། དཎྜི་བདག་རང་ཡིན་ན་རྩོམ་ཚུལ་འདི་འདྲ་ལ་དགའ་བ་སྐྱེད་པ་ཡིན་ནོ།།

སྙན་ངག་གི་ལུས་གཉིས་པ་ཚིག་ལྷུག་བཤད་པ།
ཚིག་རྐང་སོ་སོར་མ་བཅད་པའི། །ཚིག་གི་རྒྱུན་ནི་ཚིག་ལྷུག་ཡིན།།
དེ་ལ་གཏམ་དང་བརྗོད་པ་ཞེས། །རབ་དབྱེ་རྣམ་པ་གཉིས་སུ་བཤད།༢༣།[6]
ཚིག་གི་རྐང་པ་སོ་སོར་མ་བཅད་པའི་ཚིག་སྦྱོར་རྒྱུན་ཆགས་སུ་གནས་པ་འདི་ནི་ཚིག་ལྷུག་པ་ཞེས་བྱ་བ་ཡིན་ལ། འདི་ལ་གཏམ་དང་བརྗོད་པ་ཞེས་པའི་རབ་ཏུ་དབྱེ་བ་རྣམ་པ་གཉིས་སྔོན་གྱི་སློབ་དཔོན་བྷ་མ་ཧ་ལ་སོགས་པ་རྣམས་ཀྱིས་བཤད་དོ།།

སྔོན་གྱི་སློབ་དཔོན་རྣམས་ཀྱི་འདོད་པ་བརྗོད་པ།
རང་གིས་བཤད་ན་བརྗོད་པ་དང་། །འདྲེན་པའམ་གཞན་གྱིས་བཤད་དེ་གཏམ།།[7]
རང་གི་ཡོན་ཏན་བསྒྲགས་སྐྱོན་འདིར། །ཡང་དག་དོན་བསྔགས་ཕྱིར་ཡོད་མིན།༢༤།
བརྗོད་པ་དང་གཏམ་གཉིས་ཀྱི་དོན་འདི་ཡང་། འདྲེན་པ་རང་གིས་རང་གི་སྐོར་བཤད་པའི་སྙན་ངག་འདི་ལ་བརྗོད་པ་ཞེས་བྱ་བ་ཡིན་ལ། འདྲེན་པ་རང་གིས་བཤད་པ་དང་། འདྲེན་པ་ལས་གཞན་པས་ཀྱང་བཤད་པའི་གཉིས་ཚོགས་ཀྱི་སྙན་ངག་འདི་ལ་གཏམ་ཞེས་བྱ་བ་ཡིན་ནོ།།
བརྗོད་པའི་སྐབས་སུ་འདྲེན་པ་རང་གིས། རང་གི་ཡོན་ཏན་གཞན་ལ་བསྒྲགས་ནས་ངོམས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། འདིར་ནི་ཡང་དག་པ་ཡིན་པ་དང་། དོན་དང་ལྡན་པ་ལ་ལྡན་པར་བསྔགས་པའི་ཕྱིར་སྐྱོན་འདི་ལྟ་བུ་ཡོད་པ་མིན་ནོ་ལོ།།

འདོད་པ་དེ་འགག་པ།
འོན་ཀྱང་ངེས་པ་མ་མཐོང་སྟེ། །དེ་ཡང་གཞན་གྱིས་བརྗོད་པའི་ཕྱིར།།
གཞན་གྱིས་བརྗོད་དམ་རང་གིས་ཞེས། །དབྱེ་བའི་རྒྱུ་ནི་ཅི་ཞིག་འདྲ།༢༥།
འོན་ཀྱང་འདི་ལ་ཡང་ངེས་པའི་རྒྱུ་མཚན་ཞིག་མ་མཐོང་སྟེ། བརྗོད་པ་དེ་ལའང་གཞན་གྱིས་བརྗོད་པ་མཐོང་བའི་ཕྱིར་རོ།། གཞན་གྱིས་བརྗོད་པ་དང་། རང་གིས་བརྗོད་པ་ཞེས་པའི་དབྱེ་བ་གཉིས་སུ་ཕྱེ་བའི་རྒྱུ་མཚན་ནི་ཅི་ཞིག་འདྲ་བ་སྟེ། རྒྱུ་མཚན་ཡང་དག་པ་མིན་ནོ།།

གལ་ཏེ་སྒོ་དང་གཞན་སྒོ་དང་། །ཨཤྦ་ས་ཡི་རྟགས་ཉིད་ཀྱིས།།
བརྗོད་པ་ཐ་དད་ཡིན་ན་ནི། །མིན་ཏེ་གཏམ་རྣམས་ལ་ཡང་ངོ།༢༦།[8]
གལ་ཏེ་སྒོ་དང་གཞན་སྒོ་ཞེས་པའི་སྡེབ་སྦྱོར་དང་། ཨཤྦ་ས་ཞེས་པའི་མིང་གི་རྟགས་དེ། བརྗོད་པ་ལ་ཡོད་པས་རྟགས་དང་རྒྱུ་མཚན་འདི་ཡིས། བརྗོད་པ་ཞེས་པ་ནི་གཏམ་ལས་ཐ་དད་པ་ཡིན་ནོ་ཞེ་ན་ནི། དེ་ཙམ་གྱིས་ཐ་དད་དུ་སྒྲུབ་ནུས་པ་མིན་ཏེ། རྟགས་དེ་གསུམ་པོ་གཏམ་ལ་ཡང་འཇུག་པའི་ཕྱིར་རོ།།
༼འདིར། ཡིད་བརྟན་ལྡན་པ་ཞེས་པའི་སྐད་དོད་ཨུཅྖ་བཱས་ཞེས་འདུག་པ་དང་། འདི་དང་ཨཤྦ་ས་གཉིས་དོན་གཅིག་ཡིན་ཅིང་། འོག་ཏུ་ཨཤྦ་ས་ཞེས་འདུག་པས་འདིར་ཡང་འདི་ལྟར་བྲིས་ཡོད། འདི་ཡང་ལེགས་སྦྱར་སྐད་དུ་ཕོའི་མིང་དང་མོའི་མིང་ཞེས་པ་ལྟ་བུའི་མིང་གི་སྡེ་ཚན་ཞིག་གི་མིང་ཡིན། ཚིག་གི་དོན་ནི་སྒྲ་མདངས་མཐོན་པོ་ཞེས་པ་ཡིན་པས། སྒྲ་མདངས་མཐོ་བའི་མིང་གི་སྡེ་ཚན་ཞིག་ཡིན། དེ་བཞིན་འོག་གི་ལམྦྷ་ཞེས་པ་འདི་ཡང་མིང་གི་སྡེ་ཚན་ཞིག་ཡིན།
དེ་བཞིན། ཐ་དད་པའི་རྟགས་ཡིན་ན་ནི། ཞེས་པའི་མཇུག་ཏུ་འགག་སྒྲ་ཞིག་འདུག་ལ། འགག་སྒྲ་འགྱུར་སྔ་མ་རྣམས་སུ་ཐོན་མི་འདུག་པས། འདིར་མིན་ཏེ་ཞེས་བྲིས་པ་ཡིན།༽

འཕགས་མ་སོགས་བཞིན་སྒོ་དང་ནི། །གཞན་གྱི་སྒོ་དག་ཅིས་མི་འཇུག།
ལམྦྷ་སོགས་སམ་ཨ་ཤྭཱ་སའི། །དབྱེ་བ་མཐོང་ཡང་དེ་ལས་ཅི།༢༧།
རྟགས་གསུམ་པོ་གཏམ་ལ་ཇི་ལྟར་འཇུག་ཅེ་ན། གཏམ་ལ་འཕགས་མ་ལ་སོགས་པའི་སྡེབ་སྦྱོར་འཇུག་པ་བཞིན་དུ། སྒོ་དང་གཞན་སྒོ་ཞེས་པའི་སྡེབ་སྦྱོར་དག་ཅིས་མི་འཇུག་སྟེ། སྙན་ངག་མཁན་པོས་སྡེབ་སྦྱོར་དེ་དག་ལག་ལེན་བྱེད་དང་མི་བྱེད་ཀྱི་བསམ་པ་ཙམ་ལ་རགས་ལས་པའི་ཕྱིར་རོ།།
དེ་བཞིན་དུ་གཏམ་ལ་ལམྦྷ་ཞེས་པའི་མིང་ཚོགས་དང་། བརྗོད་པ་ལ་ཨཤྦཱ་ས་ཞེས་པའི་མིང་ཚོགས་ཀྱི་དབྱེ་བ་མཐོང་ན་ཡང་། དེ་ལས་དེ་གཉིས་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ཅི་ཡོད་དེ་མེད་དོ།།

དེ་ཕྱིར་གཏམ་དང་བརྗོད་པ་ཞེས། །མིང་གཉིས་དག་གིས་རིགས་གཅིག་མཚོན།།
ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་། །འདི་ཉིད་ནང་དུ་འདུས་པར་འགྱུར།༢༨།
གོང་དུ་བཤད་པའི་རྒྱུ་མཚན་དེའི་ཕྱིར། གཏམ་དང་བརྗོད་པ་ཞེས་པའི་མིང་གཉིས་པོ་དག་གིས་དོན་གྱི་རིགས་གཅིག་མཚོན་པ་ཡིན་ལ། གཤམ་དུ་འཆད་འགྱུར་གྱི་རྒྱུ་མཚན་ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་། གོང་དུ་བཤད་པ་འདི་དག་གི་ནང་དུ་འདུས་པར་འགྱུར་རོ།།

བུ་མོ་འཕྲོག་དང་གཡུལ་དང་ནི།།བསླུས་དང་དར་བ་ལ་སོགས་པ།།
སརྒས་བཅིངས་མཚུངས་པ་ཉིད།།དེ་དག་ཁྱད་འབྱེད་ཡོན་ཏན་མིན།༢༩།
བརྗོད་པ་ལྷག་མ་གང་ཞེ་ན། བརྗོད་པ་ཞེས་པའི་སྙན་ངག་འདི་ལ་བུ་མོ་འཕྲོག་པ་དང་གཡུལ་བཀྱེ་བ་དང་། གཞན་གྱིས་བསླུས་པ་དང་། འདྲེན་པ་དར་བ་ལ་སོགས་པ་དེ་དག་ཀུན་ཀྱང་སརྒས་བཅིངས་པ་མཚུངས་པ་ཉིད་ཡིན་པས། དེ་དག་ནི་གཏམ་དང་བརྗོད་པ་གཉིས་ལ་ཁྱད་པར་འབྱེད་པའི་ཡོན་ཏན་མིན་ནོ།།

སྙན་ངག་མཁན་གྱིས་བསམ་བྱས་རྟགས། །གཞན་དུ་ཡང་ནི་སྐྱོན་མི་འགྱུར།།
འདོད་དོན་སྒྲུབ་ལ་སྒོ་རུ་ནི། །མཁས་པ་རྣམས་ལ་ཅིས་མི་འགྱུར།༣༠།
ཡང་སློབ་དཔོན་བྷ་མ་ཧས། གཏམ་གྱི་ནང་ལ་སྙན་ངག་མཁན་གྱིས་བསམ་བཞིན་བྱས་པའི་ཚིག་གི་རྟགས་འགའ་ཞིག་ཡོད་པས། རྟགས་འདི་ཡིས་གཏམ་དེ་བརྗོད་པ་ལས་སོ་སོར་འབྱེད་ནུས་པ་ཡིན་ནོ་ཞེ་ན། དེ་འདྲ་བའི་རྟགས་དེ་གཏམ་ལས་གཞན་དུ་བརྗོད་པ་ལ་སྦྱར་ན་ཡང་སྐྱོན་དུ་མི་འགྱུར་ཏེ། རང་གི་འདོད་དོན་སྒྲུབ་པའི་སྒོར་མཁས་པ་རྣམས་ལ་ཅི་ཡང་མི་འགྱུར་བ་མེད་པས། བསམ་པས་བྱས་པའི་རྟགས་གང་ཡང་བྲིས་སྲིད་པའི་ཕྱིར་རོ།།
༼སྙན་ངག་མཁན་གྱིས་བསམ་པས་བྱས་པའི་རྟགས་ཞེས་པ་ནི། དཔེར་ན། སྙན་ངག་མཁན་མཱ་གྷ་ཞེས་པས་ཁོ་རང་གི་སྙན་ངག་གི་ལེའུ་ཀུན་གྱི་ཚིགས་བཅད་མཐའ་མ་དེར། ཤྲཱི། ཞེས་བྲིས་པ་དང། སྙན་ངག་མཁན་བྷར་བྷིས། ཀིརཱཏཱརྗུ་ནི་ཡ། ཞེས་པའི་སྙན་ངག་ཏུ། ལཀྵིམི། ཞེས་བྲིས་པ་དང། དེ་བཞིན་སློབ་དཔོན་དཎྜི་རང་གིས། འཇུག་པ་བཅུ་ཞེས་པའི་སྙན་ངག་ཏུ། ཚིགས་བཅད་མང་པོའི་མཇུག་ཏུ་དཎྜི། ཞེས་བྲིས་པ་ལ་བརྟེན་ནས་ཁོང་གི་མཚན་ཡང་དཎྜི་ཞེས་ཐོགས་འདུག་པས། དེ་ལྟ་བུ་ལ་སྙན་ངག་མཁན་གྱི་བསམ་པས་བྱས་པའི་རྟགས་ཞེས་བྱ་བ་ཡིན།༽

སྙན་ངག་གི་ལུས་གསུམ་པ་སྤེལ་མ་བཤད་པ་ནི།
སྤེལ་མ་ཟློས་གར་ལ་སོགས་ཏེ། །དེ་དག་རྣམས་ནི་གཞན་ན་རྒྱས།།
ལྷུག་པ་ཚིགས་བཅད་རང་བཞིན་གང་། །ཅམྦུ་ཞེས་པར་མངོན་པར་བརྗོད།༣༡།
སྙན་ངག་གི་ལུས་གསུམ་པ་སྤེལ་མ་ནི་བལྟ་བྱའི་སྙན་ངག་ཏུ་གྱུར་པའི་ཟློས་གར་གྱི་བསྟན་བཅོས་དང་། རབ་བྱེད་དང་ལ་སོགས་པ་ལྟ་བུ་སྟེ། དེའི་རྣམ་གཞག་ནི་བསྟན་བཅོས་གཞན་དུ་རྒྱས་ཤིང་རྒྱས་པ་ཡོད་པས་འདིར་འཆད་པའི་ངལ་བ་མི་བྱེད་དོ།། མཉན་བྱའི་སྙན་ངག་ལ་ཡང་སྤེལ་མ་ཡོད་དེ། ལྷུག་པ་དང་ཚིགས་བཅད་གཉིས་ཀའི་རང་བཞིན་ཅན་གྱི་མཉན་བྱའི་སྙན་ངག་གང་ལ། ཅམྦུ་ཞེས་པར་མངོན་པ་བརྗོད་པ་ཡིན་ནོ།།


བཅད་ལྷུག་སྤེལ་མའི་ལུས་འདི་དག་གང་དུ་གནས་པའི་སྐད་རིགས་བཤད་པ་ནི།
ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་།།
ཟུར་ཆག་འདྲེན་མ་ཞེས་པ་སྟེ། །རྣམ་པ་བཞི་རུ་མཁས་པས་གསུངས།༣༢།
བཅད་ལྷུག་སྤེལ་མའི་ལུས་འདི་དག་གང་དུ་གནས་པའི་ངག་གི་རང་བཞིན་དེ་དག་ཀྱང་། ལེགས་སྦྱར་གྱི་སྐད་དང་། དེ་བཞིན་རང་བཞིན་གྱི་སྐད། ཟུར་ཆག་གི་སྐད། འདྲེན་མའི་སྐད་ཞེས་པ་སྟེ། སྐད་རིགས་རྣམ་པ་བཞི་རུ་མཁས་པ་རྣམས་ཀྱིས་གསུངས་སོ།།

སྐད་རིགས་དེ་དག་གི་ངོས་འཛིན་ལས་ལེགས་སྦྱར་གྱི་སྐད་རིགས་བཤད་པ་ནི།
ལེགས་སྦྱར་ཞེས་པ་ལྷ་ཡི་སྐད། །ཡིན་ཞེས་དྲང་སྲོང་ཆེན་པོས་གསུངས།།[9]
ལེགས་སྦྱར་ཞེས་པ་ནི་ལྷའི་སྐད་ཡིན་ཞེས་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་གསུངས་སོ།།
༼ལྷའི་སྐད་ཅེས་པའང་། ཆོས་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ལ་ལྷ་ཞེས་བྱ་བ་དང་། དེ་དག་གི་སྐད་རིགས་ཡིན་པའི་དབང་གིས་ལྷའི་སྐད་ཅེས་བརྗོད་པ་མ་གཏོགས། སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ལེགས་སྦྱར་གྱི་ཁ་སྐད་རྒྱབ་ཀྱི་ཡོད་མེད་སུས་ཤེས། དོན་དུ་ལེགས་སྦྱར་ཞེས་པ་ནི་རང་བཞིན་གྱི་སྐད་རིགས་རྣམས་ལས་ལེགས་ཆ་བསྡུས་ནས་པཎྜི་ཏ་རྣམས་ཀྱིས་བཟོས་པའི་སྐད་རིགས་ཡིན་པ་ལ་ཐེ་ཚོམ་གང་ཡང་མེད་དོ།། དེ་བཞིན་གཤམ་དུ་འཆད་འགྱུར་སྐབས་སུ་རང་གྱི་སྐད་དེ་ལེགས་ལས་སྐྱེས་པར་བཤད་མོད། དོན་དུ་དེ་གཉིས་གོ་ལྡོག་ཏུ་འདུག་གོ།༽

གཉིས་པ་རང་བཞིན་གྱི་སྐད་རིགས་བཤད་པ་ནི།
དེ་སྐྱེས་དེ་མཚུངས་ཡུལ་གྱི་སྐད། །དུ་མ་རྣམས་ནི་རང་བཞིན་ཡིན།༣༣།[10]
ལེགས་སྦྱར་དེ་ལས་སྐྱེས་པ་དང་། དེ་དང་མཚུངས་པའི་ཡུལ་སོ་སོའི་སྐད་རིགས་དུ་མ་རྣམས་ནི་རང་བཞིན་གྱི་སྐད་ཡིན་ནོ།།
ཡུལ་འཁོར་ཆེན་པོ་ལ་བརྟེན་སྐད། །རང་བཞིན་ལས་ནི་མཆོག་ཡིན་ཏེ།།
སེ་ཏུས་བཅིངས་སོགས་རིན་ཆེན་ནོར། །གང་ལས་འབྱུང་བའི་རྒྱ་མཚོ་ཡིན།༣༤།[11]
ཡུལ་འཁོར་ཆེན་པོ༼མཧཱ་རཱཥཊྲ༽ལ་བརྟེན་པའི་སྐད་ནི། རང་བཞིན་གྱི་སྐད་དེ་དག་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། སེ་ཏུས་བཅིངས་པ༼ལེའུ་མང་པོ་དང་ལྡན་པ༽པ་ལ་སོགས་པའི་སྙན་ངག་གི་རིན་ཆེན་ནོར་བུ་གང་ལས་འབྱུང་བའི་འབྱུང་ཁུངས་རྒྱ་མཚོ་ལྟ་བུ་ཡིན་ནོ།།

ཤོོ་ར་སེ་ན་གཽ་ཌཱ་དང་། །ལ་ཊི་གཞན༌ཡང༌དེ༌འདྲའི༌སྐད།།
རང༌བཞིན༌ཉིད༌ཅེས༌བྱ༌བ༌ཡི། །ཐ༌སྙད༌རྣམས༌ལ༌ཉེ༌བར༌འགྱུར།༣༥།
དེ་བཞིན་རྒྱ་གར་གྱི་ནུབ་ཕྱོགས་ཤོོ་ར་སེ་ན་༼མ་ཐུ་ར༽དང་། ཤར་ཕྱོགས་གོོ་ཌ་པ།༼བངྒ་ལ༽ ནུབ་བྱང་ལ་ཊི། གཞན་ཡང་དེ་དང་འདྲ་བའི་མ་གྷ་དྷ་ལ་སོགས་པའི་ཡུལ་ཕྱོགས་རང་རང་སོ་སོའི་ཁ་སྐད་ནི། རང་བཞིན་ཉིད་ཅེས་བྱ་བའི་ཐ་སྙད་རྣམས་ལ་ཉེ་བར་འགྱུར་བ་ཡིན་ནོ།།
༼མདོར་དོན་ཡུལ་ཕྱོགས་རང་རང་སོ་སོའི་སྐད་ནི་རང་བཞིན་གྱི་སྐད་ཡིན་ཞེས་པའི་དོན་ཡིན་ལ། དེས་ན་ང་ཚོ་ཧི་མ་ལ་ཡའི་མི་རིགས་ཀྱི་སྐད་ནི་སྐད་རིགས་བཞིའི་གྲངས་སུ་ཚུད་དང་མི་ཚུད་ཀྱི་དོགས་པ་རྩ་བ་ནས་ཟ་དགོས་དོན་མི་འདུག་ལ། ལྷག་པར་དུ་རང་རེའི་ཆོས་སྐད་ནི། ཧི་མ་ལ་ཡའི་སྐད་རིགས་ཀྱི་ལེགས་ཆ་བསྡུས་ནས་བཟོས་པ་ཡིན་པས་གཅིག་བྱས་ན་ཨེ་ཤི་ཡ་རྒྱལ་ཁབ་ཀྱི་ལེགས་སྦྱར་གྱི་སྐད་རིགས་གཉིས་པ་ཞིག་ཡིན་བྱས་ནའང་འཐུས་པ་འདུག་གོ།༽

ཟུར་ཆག་གི་སྐད་རིགས་དབྱེ་ཚུལ་ཁག་གཉིས་བཤད་པ་ནི།
ཨ་བྷིར་ལ་སོགས་རིགས་ཀྱི་སྐད། །སྙན་ངག་སྐབས་འདིར་ཟུར་ཆག་བརྗོད།།[12]
བསྟན༌བཅོས༌རྣམས༌སུ༌ལེགས༌སྦྱར༌ལས། །གཞན༌པ༌ཟུར༌ཆག༌ཉིད༌དུ༌བརྗོད།༣༦།
ཨ་བྷིར་ལ་སོགས་པའི་མི་རིགས་ཀྱི་སྐད་ལ་སྙན་ངག་གི་སྐབས་འདིར་ཟུར་ཆག་ཅེས་བརྗོད་པ་ཡིན་ལ། ཡིན་ན་ཡང་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་སྐབས་སུ་ལེགས་སྦྱར་གྱི་སྐད་ལས་གཞན་པའི་སྐད་རིགས་ཀུན་ལ་ཟུར་ཆག་གི་སྐད་ཉིད་དུ་བརྗོད་པ་ཡིན་ནོ།།
༼སྐབས་འདིར། བ་ལང་རྫི་ལ་སོགས་པའི་ཚིག ཅེས་བསྒྱུར་འདུག་པའི་དབང་གིས། རི་བྲག་པ་བ་ཕྱུགས་འཚོ་མཁན་གྱི་སྐད་ནི་ཟུར་ཆག་ཡིན་ཅེས་པའི་ནོར་འཁྲུལ་བྱུང་འདུག་པས། དེའི་གསལ་བཤད་མདོར་ཙམ་ཞུས་ན། ཨ་བྷིར་ཞེས་པའི་ཚིག་སྒྱུར་བྱེད་ན་བ་ལང་རྫི་ལ་གོ་ཆོག་ཀྱང་། སློབ་དཔོན་གྱི་དགོངས་པ་ནི་བ་ཕྱུགས་འཚོ་མཁན་ལ་དགོངས་པ་མིན་པར་། མི་རིགས་ཁག་གཅིག་གི་སྐད་རིགས་ལ་དགོངས་པ་ཡིན་འདུག འདི་ཡང་ཇི་ལྟར་ཞེ་ན། རྒྱ་གར་ལ་སོགས་པའི་ཡུལ་འཁོར་ཆེ་ཁག་གི་ཡོངས་གྲགས་ཆེ་བའི་སྐད་རིགས་རྣམས་ནི་ཡུལ་མི་རང་བཞིན་གྱི་སྐད་དང་། ལེགས་སྦྱར་འདི་ལྷའི་སྐད་ཡིན་ཅེས་དྲང་སྲོང་ཆེན་པོས་གསུངས། ཟེར་བ་མ་གཏོགས། ལྷའི་སྐད་ཡིན་ཅེས་གསུངས་མི་འདུག་པས། དོན་དུ་རང་བཞིན་སྐད་ཀྱི་ལེགས་ཆ་བསྡུས་པའི་རྣམ་པར་དག་པའི་སྐད་འདི་ལེགས་སྦྱར་དང་། མི་རིགས་ཀྱི་ཆ་ནས་ཡུལ་ཕྱོགས་གཞན་ནས་བྱུང་བའི་མི་རིགས་ཀྱི་སྐད་ལ་ཟུར་ཆག་གི་སྐད་དུ་བཤད་པ་ཡིན་འདུག
དེ་ནས་འདྲེས་མའམ་འདྲེན་མའི་སྐད་ཀྱི་སྐོར་གསུངས་མི་འདུག་པས། སྐད་རིགས་འདི་ནི་ཡུལ་ཕྱོགས་དང་མི་རིགས་སོ་སོའི་སྐད་རིགས་འདྲེས་པ་དང་། ཡང་ན་ལེགས་སྦྱར་རང་བཞིན་ཟུར་ཆག་གི་སྐད་རིགས་འདྲེས་པའི་སྐད་ལ་འདྲེས་མའི་སྐད་ཅེས་བྱ་བ་ཡིན་ནོ།།༽

སྙན་ངག་གི་དབྱེ་བ་གང་ཞིག་སྐད་རིགས་གང་གི་ཐོག་ཏུ་བྲིས་དགོས་པའི་སྐོར་བཤད་པ་ལ། དང་པ་ཚིགས་བཅད་ཀྱི་དབང་དུ་བྱས་ནས་བཤད་པ་ནི།
སརྒས་བཅིངས་པ་ལེགས་སྦྱར་དང་། །སྐནྡྷ་ཀ་སོགས་རང་བཞིན་ནང་།།
ཨོ་ས་ར་སོགས་ཟུར་ཆག་སྟེ། །ཟློས་གར་ལ་སོགས་འདྲེས་པ་འོ།༣༧།[13]
ལེའུ་མང་པོའི་བདག་ཉིད་ཅན་གྱི་སརྒས་བཅིངས་པ་དཔེར་ན་རཱ་མ་ཡཎ་དང་། དུམ་བུའི་སྙན་ངག་ལ་སོགས་པ་ཡིན་ན་ལེགས་སྦྱར་གྱི་སྐད་དུ་འབྲི་དགོས་པ་དང་། སྐནྡྷ་ཀ་ཞེས་པ་སྡེབ་སྦྱོར་ཞིག་གི་མིང་ལ་སྡེབ་སྦྱོར་འདིའི་ཐོག་ནས་སྙན་ངག་འབྲི་དགོས་ན་རང་བཞིན་གྱི་སྐད་ལག་ལེན་བྱ་དགོས། དེ་བཞིན་ཨོ་ས་ར་ཞེས་པའའང་སྡེབ་སྦྱོར་ཞིག་ཡིན་པས་སྡེབ་སྦྱོར་འདིའི་ཐོག་ནས་སྙན་ངག་འབྲི་དགོས་ན་ཟུར་ཆག་གི་སྐད་དུ་འབྲི་དགོས། ཟློས་གར་གྱི་གཞུང་ལྟ་བུ་ཡིན་ན་སྐད་རིགས་ཀྱི་དབྱེ་བ་མེད་པར་སྐད་རིགས་གང་གི་ཐོག་ཏུ་འབྲི་ནའང་རུང་བ་ཡིན་ནོ།། སྙན་ངག་སོ་སོ་དེ་དག་སྐད་རིགས་དེ་དང་དེར་བྲིས་ན་མཛེས་པར་བཤད་པ་ཡིན་གྱི་ངེས་པར་དུ་སྐད་རིགས་འདི་ཉིད་དུ་འབྲི་དགོས་པར་བཤད་པ་མིན་ནོ།།
༼སྐབས་འདིར་ཚིགས་བཅད་ཀྱི་སྙན་ངག་བཤད་པ་ཡིན་པ་ལ་ཟློས་གར་དེ་སྤེལ་མ་ཡིན་པས་ཚིགས་བཅད་ཀྱི་གྲངས་སུ་འོང་དགོས་པའི་རྒྱུ་མཚན་གང་ཡིན་དཔྱད་དགོས།༽

གཉིས་པ་ཚིག་ལྷུག་གི་དབང་དུ་བྱས་ནས་བཤད་པ་ནི།
གཏམ༌ནི་སྐད་རིགས་ཐམས་ཅད་དང་། །ལེགས་སྦྱར་གྱིས་ཀྱང་བཅིངས་སྟེ།།
འབྱུང་པོའི་སྐད་ཀྱི་རང་བཞིན་དུ། །རྨད་བྱུང་དོན་ཆེན་རྒྱ་ཆེའི་གཏམ།།།༣༨།[14]
ཚིགས་བཅད་ལ་སྡེབ་སྦྱོར་དང་བསྟུན་པའི་སྐད་རིགས་ཀྱི་མཛེས་ཆ་འདི་འདྲ་ཡོད་མོད། ཚིག་ལྷུག་གི་ནང་དུ་འདི་འདྲའི་ངེས་པ་མེད་དེ། གཏམ་ནི་སྐད་རིགས་ཐམས་ཅད་དང་། ལྷག་པར་ལེགས་སྦྱར་གྱི་ནང་དུའང་འབྲི་རུང་བ་ཡིན་ནོ།། དེ་ལ་གཏམ་ལེགས་སྦྱར་གྱི་སྐད་དུ་བྲིས་པ་ཀ་དམྦ་རི་དང་། འབྱུང་པོའི་སྐད་ཀྱི་རང་བཞིན་དུ་བྲིས་པ་ནི། རྨད་དུ་བྱུང་ཞིང་དོན་ཆེན་ལྡན་པའི་རྒྱ་ཆེ་བའི་གཏམ་ཞེས་པ་འདི་ལྟ་བུ་ཡོད་དོ།།
༼དེ་ལ་རྒྱ་ཆེའི་གཏམ་ཞེས་པ་༼བྲྀཧཏྐ་ཐཱ༽ནི་འབྱུང་པོའི་སྐད་དུ་བྲིས་པའི་རྒྱ་གར་གྱི་སྒྲུང་གཏམ་རྙིང་པ་ཞིག་ཡིན་འདུག་ལ།  འདིའི་མ་དཔེ་དངོས་དེ་མེད་ཀྱང་། སྐད་སྒྱུར་བྱས་པའི་བྲྀཧཏྐ་ཐཱ་མཉྗ་རི་དང་། ཀ་ཐཱ་ས་རིཏྶཱ་གར་ཞེས་པ་འདི་གཉིས་ཡོད།།༽

དོན་བསྡུ་བའི་ཚུལ་དུ་སྙན་ངག་གི་དབྱེ་བ་གཉིས་བཤད་པ་ནི།
སྒེག་དང་རོལ་དང་སྟབས་ལ་སོགས། །ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་།།
མཉན་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད།༣༩།
སྙན་ངག་ལ་བལྟ་བྱའི་སྙན་ངག་དང་། མཉན་བྱའི་སྙན་ངག་གཉིས་སུ་བཤད་པ་དེ་དག་གང་འདྲ་ཞིག་ཡིན་ཞེ་ན། ཆགས་པའི་སྒེག་ཉམས་དང་། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པའི་རོལ་བ་དང་། རྐང་པའི་གར་སྟབས་ལ་སོགས་པ་ཆ་ཚང་ལྡན་པའི་ཟློས་གར་གྱི་འཁྲབ་གཞུང་ནི་ལྟ་བའི་དོན་དུ་སྦྱར་བ་ཡིན་པས་བལྟ་བྱའི་སྙན་ངག་ཅེས་བྱ་བ་དང་། ཅིག་ཤོས་དེ་ལས་གཞན་པའི་སྙན་ངག་རྣམས་ནི་མཉན་བྱ་བ་ཉིད་ཀྱི་སྙན་ངག་སྟེ། འདི་ཡང་སྙན་ངག་གི་དབྱེ་བ་མི་འདྲ་བའི་ལུགས་རྣམ་པ་གཉིས་དག་ཏུ་བརྗོད་པ་ཡིན་ནོ།།

སྙན་ངག་གི་སྤྱིའི་དོན་ཆ་ཚང་བཤད་ཟིན་ཏོ།།








ད་ནི་རྒྱ་གར་ལྷོ་ཤར་གཉིས་ཀྱི་རྩོམ་ཚུལ་མི་འདྲ་བའི་ཡོན་ཏན་བཅུ་བཤད་པ་ནི།
ཕན་ཚུན་དབྱེ་བ་ཕྲ་མོ་ཅན། །ཚིག་གི་ལམ་ནི་དུ་མ་ཡོད།།
རྒྱ་གར་གྱི་ཡུལ་ལྗོངས་སོ་སོའི་མཁས་པ་རྣམས་ཀྱིས་སྙན་ངག་རྩོམ་པ་ལ་འཇུག་པའི་ཚེ་ནང་གསེས་ཕན་ཚུན་དབྱེ་བ་ཕྲ་མོ་ཅན་གྱི་ཚིག་གི་སྦྱོར་ཚུལ་མི་འདྲ་བ་དུ་མ་ཡོད་དོ།།
དེ་ལ་བཻ་དརྦྷ་དང་ནི། །གཽ་ཌཱ་པའི་ཁྱད་གསལ་བར་དབྱེ།༤༠།
དེ་དག་ལས་ཡུལ་ལྗོངས་གཞན་རྣམས་ཀྱི་མཁས་པ་རྣམས་ཀྱི་འདོད་ཚུལ་ལ་བ་དང་བ་མེན་ལྟ་བུའི་ཁྱད་པར་ཅུང་ཙམ་རེ་མ་གཏོགས་མེད་ལ། ཡིན་ན་ཡང་ལྷོ་ཕྱོགས་བཻ་དརྦྷ་དང་། ཤར་ཕྱོགས་གཽ་ཌཱ་པ་གཉིས་ཀྱིས་ནི། ཚིག་དོན་སྦྱོར་ཚུལ་རྟ་དང་བ་གླང་ལྟ་བུའི་ཁྱད་པར་ཤིན་ཏུ་གསལ་བར་ཡོད་པ་དེ་དག་དབྱེ་བ་སོ་སོར་ཕྱེ་ནས་བཤད་པར་བྱའོ།།
སྦྱར་བ་རབ་དྭང་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་།།
དོན་གསལ་བ་དང་རྒྱ་ཆེ་བ། །བརྗིད་དང་མཛེས་དང་ཏིང་ངེ་འཛིན།༤༡།
ཡོན་ཏན་འདི་བཅུ་བཻ་དརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན།།
དེ་དག་ཕལ་ཆེར་བཟློག་པས་ནི། །གཽ་ཌཱའི་ལམ་དག་མཚོན་པ་ཡིན།༤༢།
དེ་གཉིས་ཀྱི་འདོད་ཚུལ་གྱི་ཁྱད་པར་བཤད་པ་ལ། སྦྱར་བ། རབ་ཏུ་དང་བ། མཉམ་ཉིད། སྙན་པ། ཤིན་ཏུ་གཞོན་པ། དོན་གསལ་བ། རྒྱ་ཆེ་བ། བརྗིད་པ། མཛེས་པ། ཏིང་ངེ་འཛིན་དང་བཅས་པའི་ཡོན་ཏན་བཅུ་པོ་འདི་དག་ལྷོ་ཕྱོགས་བཻ་དརྦྷའི་ལམ་གྱི་སྲོག་ལྟ་བུ་ཡིན་ལ། ཤར་ཕྱོགས་གཽ་ཌ་པ་རྣམས་ཀྱིས་དམིགས་བསལ་ཡོན་ཏན་བཅུའི་བཤད་པ་མི་མཛད་ཀྱང་། སྙན་རྩོམ་ཕལ་ཆེར་འུས་ཆེ་བར་བཤད་ཀྱིན་ཡོད་པས། ལྷོ་ཕྱོགས་པ་དེ་དག་གི་འདོད་ཚུལ་དང་ཕལ་ཆེར་གོ་ལྡོག་གི་ཚུལ་དུ་སྦྱར་ན་ཤར་ཕྱོགས་གཽ་ཌཱ་པའི་འདོད་ཚུལ་མཚོན་ནུས་པ་ཡིན་ནོ།།
༼འཆད་འགྱུར་གྱི་དཔེ་བརྗོད་རྣམས་ཀྱི་སྐབས་སུ་སྲོག་ཆེན་སྲོག་ཆུང་གི་རྣམ་གཞག་དང་། རྩོལ་བ་དྲག་པོ་དང་ཞན་པའི་རྣམ་བཞག་ཤེས་དགོས་པས་དེ་བཤད་པ། གསལ་བྱེད་ཡི་གེ་རྣམས་ལས། ཀ་ཅ་ཊ་ཏ་པ། ག་ཇ་ཌ་ད་བ། ང་ཉ་ཎ་ན་མ། ཡ་ར་ལ་ཝ་རྣམས་སྲོག་ཆུང་གི་ཡེ་གེ་དང་། ཁ་ཆ་ཋ་ཐ་ཕ། གྷ་ཇྷ་ཌྷ་དྷ་བྷ། ཤ་ཥ་ས། ཧ་ཀྵ་རྣམས་ནི་སྲོག་ཆེན་ཡིན་པ་དང་། དེ་ནས་གསལ་བྱེད་བརྩེགས་པ་རྣམས་དང་གཞན་ཡང་རྣམ་བཅད་ཀྱི་སྒྲ་འདི་འདྲ་༼ ༽ཡོད་པ་རྣམས་ནི་རྩོལ་བ་དྲག་པོ་དང་། བརྩེགས་མ་མིན་པའི་རྐྱང་པ་རྣམས་ནི་རྩོལ་བ་ལྷོད་པའི་ཡི་གེ་ཡིན།
གསལ་བྱེད་བརྩེགས་པ་ཞེས་པ་འདི་ཡང་། ཨསྟ་མསྟ་ཀ་པརྱསྟ་ས་མསྟཱརྐཱ་ཤུ་སཾསྟ་རཱ། ཞེས་པ་འདི་ལ་མཚོན་ན། རིམ་པ་བཞིན་དུ། མ་ཀ་པ་ས་མ་ཤུ་རཱ། ཞེས་པ་འདི་རྣམས་གསལ་བྱེད་རྐྱང་པ་དང་། བརྩེགས་མ་ནི། ས་དང་ཏ་བརྩེགས་པ་ཀུན་དང་། རྱ་དང་རྐ་རྣམས་ཡིན་ནོ།༽

དང་པོ་སྦྱར་བ་ལ་དངོས་ལྷོ་པའི་འདོད་པ།
སྦྱར་བ་སྲོག་ཆུང་ཡི་གེ་མཆོག  །ལྷོད་པ་ཉིད་ཀྱིས་མ་རེག་པའོ།།
སྦྱར་བ་ལ་སྲོག་ཆུང་གི་ཡི་གེ་མཆོག་ཏུ་གྱུར་པ་ཡིན་ན་ཡང་ལྷོད་པ་རྐྱང་རྐྱང་མ་ཡིན་ཞིག་གོ། སྙིང་དོན་ནི། ལྷོད་པ་རྐྱང་རྐྱང་མ་ཡིན་པར་སྲོག་ཆེན་འགའ་ཞིག་ཡོད་པ་ལ་སྤྱིར་སྲོག་ཆུང་གི་ཡི་གེ་མང་བ་ཞིག་གོ།

ཤར་པས་འདོད་པའི་སྦྱར་བའི་དཔེར་བརྗོད་ཀྱི་ཐོག་ནས་ལྷོད་པ་རྐྱང་པའི་ངོ་སྤྲོད།
ལྷོད་པ་ མཱ་ལ་ཏི་མཱ་ལ། །ལོ་ལཱ་ལཱི་ཀ་ལི་ལཱ་ བཞིན།༤༣།
ལྷོད་པ་ཞེས་པ་འདི་ནི་ སྲོག་ཆེན་མེད་པར་སྲོག་ཆུང་རྐྱང་པ་བསྒྲིགས་པ་རྣམས་ཏེ། མཱ་ལ་ཏི་མཱ་ལ་ ལོ་ལཱ་ལི་ཀ་ལི་ལཱ་ ཞེས་པ་བཞིན་ནོ།།
མ་ལ་ཏི་ནི་ཇཱ་ཏིའི་མེ་ཏོག མཱ་ལ་ནི་ཕྲེང་བ། ལོ་ལ་ནི་སྲེད་པ། ཨ་ལི་ཀ་ནི་བུང་བ། ལི་ལ་ནི་རོལ་པ་སྟེ་འཁོར་ཞིང་རྩེད་མོ་རྩེ་བའི་དོན་ནོ།། ལོ་ལ་དང་ཨ་ལི་ཀ་གཉིས་མཚམས་སྦྱར་བས། ལོ་ལཱ་ལི་ཀ་ཞེས་གྲུབ་པ་ཡིན། དོན་ནི། ཇཱ་ཏིའི་མེ་ཏོག་ཕྲེང་བ་ལ། །སྲེད་པས་བུང་བ་འཁོར་ཞིང་ལྡིང་།། ཞེས་པའོ།།
གཽ་ཌ་པས་ནི་རྗེས་འཁྲིད་བློས། །དེ་འདོད་་་་་་་་་་་་་་་་་་་།།
ཤར་ཕྱོགས་གཽ་ཌ་པས་ནི་རྗེས་འཁྲིད་ལ་དགའ་བའི་བློ་ཡིས། ལྷོད་པའི་སྦྱར་བ་དེ་ཉིད་འདོད་པ་ཡིན་ནོ།། ༼རྗེས་འཁྲིད་ཅེས་པ་ནི། ཡི་གེའི་ཚོགས་པ་མི་འདྲ་ནའང་སྒྲ་མདངས་འདྲ་བ་རྣམས་ཏེ། ལྷང་ངེ། ལྷན་ནེ། ལྷ་མེར་ལྟ་བུ་དང་། ལྷང་ལྷང་ཞེས་པ་ལྟ་བུའི་ཡི་གེ་ཚོགས་པ་འདྲ་བ་ཡོད་ན་ཟུང་ལྡན་ཡིན་པའི་ཁྱད་པར་ཡོད་དོ།།༽
ཉི་མའི་འོད་མིན་ནང་གི་སྣང་བྱེད་མ། །མུ་ཏིག་འོད་ལྡན་མ་གཅིག་བློ་གཏེར་མ།།
ཀྱེ་མ་མ་ཡིད་ནི་མ་དགའ་བའི། །མ་མ་ཀུན་ཀུན་ལ་མ་གཡེལ་བརྩེ་བར་མཛོད།།

ལྷོ་པའི་སྦྱར་བའི་དཔེར་བརྗོད།
༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌། །་་་་་་་་་་མཱ་ལ་ཏཱི་དཱ་མ།།
ལཾ་གྷི་ཏཾ་བྷྲ་མ་རཻཿཞེས། །བྷཻ་དརྦྷ་ཡིས་སྦྱོར་ལྕི་བྱེད།༤༣།
འོ་ན་བྷཻ་དརྦྷའི་སྦྱར་བ་འདི་གང་འདྲ་ཞིག་ཡིན་ཞེ་ན། མཱ་ལ་ཏཱི་དཱ་མ་ ལཾ་གྷི་ཏཾ་ བྷྲ་མ་རཻཿཞེས་པ་ལྟ་བུ། སྦྱོར་བ་ལྷོད་པ་མ་ཡིན་པར་སྲོག་ཆེན་གྱི་ཡི་གེ་འགའ་ཞིག་ཡོད་པའི་ཐོག་སྦྱོར་བ་ཅུང་ཟད་ལྕི་བ་འདི་ཉིད་འདོད་པ་ཡིན་ནོ།།
༼མཱ་ལ་ཏི་ནི་ཇཱ་ཏིའི་མེ་ཏོག དཱ་མ་ནི་ཕྲེང་བ། ལཾ་གྷི་ཏཾ་ནི་འཁོར་བའམ་ལྡིང་བ། བྷྲ་མ་རཻཿནི་བུང་བ་རྣམས་ཀྱིས་ཞེས་པ་ཡིན་པས། དོན་ནི། ཇཱ་ཏིའི་མེ་ཏོག་ཕྲེང་བ་ལ། །བུང་བ་རྣམས་ཀྱིས་འཁོར་ཞིང་ལྡིང་།། ཞེས་པའོ།། འདི་ལ་སྲོག་ཆེན་ཡེ་གེ་གྷ་དང་བྷ་གཉིས་མ་གཏོགས་གཞན་ཡི་གེ་དགུ་པོ་རྣམས་སྲོག་ཆུང་ཡིན་ལ། རྩོལ་བ་ཆེ་ཆུང་ལ་ལྟོས་ན། རཻཿཞེས་པ་འདི་ཉིད་མ་གཏོགས་གཞན་རྣམས་རྩོལ་བ་ལྷོད་པ་ཡིན་ནོ།།༽
ཀཻ་ལ་ཤ་རིའི་མགུལ་གྱི་སྙན་དངགས་མཁན། །ཕལ་ཆེར་ཡོན་ཏན་རྣམ་བཅུའི་འཇུག་པ་ཡིས།།
ཚིག་སྦྱོར་ས་ཆེན་འདེགས་ཚེ་རི་མོ་ལ། །བྲིས་པའི་སྒྲོན་མེ་དང་མཚུངས་གསལ་བྱས་དབེན།།

གཉིས་པ་རབ་དང་ལ་ལྷོ་པའི་འདོད་པ་ནི།
རབ་དང་ལྡན་པ་གྲགས་དོན་ཅན། །ཟླ་བ་ལ་ནི་ཨུཏྤལ་གྱི།།
འོད་ཀྱི་མཚན་མས་མཛེས་ཞེས་པ། །རྟོགས་པའི་སྐལ་བཟང་ལྡན་པའི་ཚིག༤༤།
རབ་ཏུ་དྭངས་ཤིང་གསལ་བས་རྟོགས་སླ་བ་དཔེ་དོན་འཇིག་རྟེན་ལ་གྲགས་པའི་དོན་ཅན་ཞིག་ལ་རབ་དང་གི་ཡོན་ཏན་ཞེས་བྱ་བ་སྟེ། དེའང་དཔེར་ན། ཟླ་བ་ལ་ཨུཏྤལ་ལྟ་བུའི་ནག་ནོག་ཅན་གྱི་འོད་ཀྱི་མཚན་མ་ཡོད་པ་དེས་ཤིན་ཏུ་མཛེས་སོ།། ཞེས་པ་འདིར་ཟླ་བ་ལ་ཨུཏྤལ་གྱི་མཚན་མ་ཡོད་པ་འཇིག་རྟེན་ལ་གྲགས་པས། ཚིག་གོ་བ་ཙམ་གྱིས་དོན་རྟོགས་ནུས་པའི་སྐལ་བ་བཟང་པོ་དང་ལྡན་པའི་ཚིག་ཡིན་པས་རབ་དང་གི་ཡོན་ཏན་ཡིན་ནོ།།
ཕ་མཐའ་བྲལ་བའི་ནམ་མཁའ་སྔོ་བསངས་མར། །བགྲོད་པའི་ཟླ་བ་བདུད་རྩིའི་འོད་སྣང་ཅན།།
མུན་པའི་གོ་འཕང་འཇིག་ལ་མཁས་པ་ཡ། །ངོ་མཚར་མི་མཇེད་འཇིག་རྟེན་འདི་ན་གསལ།།

ཤར་པའི་ལུགས་ནི།
ངེས་ཚིག་ཡོད་ཕྱིར་གཽ་ཌ་པ། །ཡོངས་སུ་གྲགས་པ་མིན་ཡང་འདོད།།
ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས། །དེ་འདྲས་མཚན་པའི་འོད་དཀར་ཅན།༤༥།
གཽ་ཌ་པ་རྣམས་ནི། ཡོངས་གྲགས་མིན་ན་ཡང་དེ་ལྟར་ཡིན་པའི་ངེས་ཚིག་སྦྱར་རུང་ཡོད་ན་འགྲིག་པར་འདོད་དེ། དཔེར་ན། ཤིན་ཏུ་དཀར་བ་མིན་པའི་ཆུ་ལས་སྐྱེས་པ་འདི་འདྲས་བརྒྱན་པའི་ཟླ་བ་ནི་ཤིན་ཏུ་མཛེས་སོ།། ཞེས་པ་འདིར་དོན་གོང་དང་འདྲ་བ་ཡིན་ན་ཡང་། ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས་པ་འདི་ཉིད་ཨུཏྤལ་ཡིན་པར་ངེས་ཚིག་སྒྲ་བཤད་ཀྱི་སྒོ་ནས་སྒྲུབ་དགོས་པ་འདི་འདྲ་ཡང་ཤར་ཕྱོགས་པ་རྣམས་འདོད་པ་ཡིན་ནོ།།
སྣང་མིན་ལམ་དུ་འཕྱན་ལ་བརྩེ་བའི་གཉེན། །བདུད་རྩིའི་ཟེར་བརྒྱས་ཡོངས་གང་ཆུ་ལས་སྐྱེས།།
འགྲོ་འདིས་ལེགས་བྱས་ཀྱིས་དྲངས་ལྷ་རྩེན་མར། །རོལ་འདི་ཚངས་པའ་བུ་ཡི་ཡིད་ཁར་འོང།།

གསུམ་པ་མཉམ་པའི་ཡོན་ཏན་ལ། ལྷོ་པའི་འདོད་པ།
མཉམ་པ་སྦྱོར་བ་མི་མཉམ་བྲལ། །དེ་ནི་འཇམ་རྩུབ་བར་མ་སྟེ།།
སྦྱོར་བ་འཇམ་རྩུབ་བར་མ་ཡི། །ཡི་གེ་བཀོད་པའི་སྐྱེ་གནས་ཅན།༤༦།
མཉམ་པའི་ཡོན་ཏན་འདི་ནི། སྦྱོར་བ་འཇམ་རྩུབ་མི་མཉམ་པ་དང་བྲལ་བའི་འཇམ་རྩུབ་བར་མར་བཀོད་པ་སྟེ། སྦྱོར་བ་དེ་ཡང་འཇམ་པའི་ཡི་གེ་རྐྱང་པ་དང་། དེ་བཞིན་རྩུབ་པའི་ཡི་གེ་ཁོ་ན་བཀོད་པ། འཇམ་རྩུབ་བསྲེས་པའི་བར་མའི་ཡི་གེ་བཀོད་པའི་སྐྱེས་གནས་ཅན་ནོ།།

དེ་གསུམ་ལས་དང་པོ་འཇམ་པའི་སྦྱོར་བ་ནི།
ཀོ་ཀི་ལཱ་ལ་པ་བཱ་ཅཱ་ལོ་མཱ་མཻ་ཏི་མ་ལ་ཡཱ་ནི་ལཿ།
འདི་ལ་སྦྱོར་བ་རྩུབ་པ་གཅིག་ཅང་མེད་པར་སྦྱོར་བ་ལྷོད་པས་འགོ་བཙུགས་ཤིང་ལྷོད་པས་མཇུག་བསྡུ་བ་ཡིན་ལ། དོན་ནི། ཁུ་བྱུག་ཅ་ཅོ་དང་འགྲོགས་པའི་མ་ལ་ཡའི་རླུང་ནི་བདག་ལ་འོང་ངོ་།། ཞེས་པའོ།།

གཉིས་པ་རྩུབ་པའི་སྦྱོར་བ་ནི།
ཨུཅྖ་ལཅྖ་ཀརཱཅྖ་ཅྖ་ནིརྫྷརཱམྦྷཿཀ་ཎོ་ཀྵི་ཏཿ།།
འདི་ནི་སྦྱོར་བ་རྩུབ་པའི་སྒོ་ནས་འགོ་བཙུགས་ཤིང་མཇུག་ཀྱང་དེ་ཉིད་ཀྱིས་བསྡུ་བ་ཡིན་ལ། འདིའི་དོན་ནི། རབ་ཏུ་དྭངས་ཤིང་ཟེག་མ་རབ་ཏུ་འཐོར་བའི་ཆུ་རྒྱུན་སིམ་པའི་མ་ལ་ཡའི་རླུང་ནི་བདག་ལ་འོང་ངོ་། ཞེས་པའོ།།
གསུམ་པ་འཇམ་རྩུབ་བར་མའི་སྦྱོར་བ་ནི།
ཅནྡ་ན་པྲ་ཎ་ཡོདྒནྡྷིརྨནྡོ་མ་ལ་ཡ་མཱ་རུ་ཏཿ།།
ཞེས་པ་འདིར་ཚིག་རྐང་གོང་འོག་གཉིས་ཀ་ལ་འཇམ་རྩུབ་སྤེལ་མར་གནས་པ་ཡིན་ལ། འདིའི་དོན་ནི། ཙན་དན་ནགས་དང་ཕྲད་པས་དྲི་ཞིམ་ལྡན་ཞིང་འཇམ་པོར་ལྡང་བའི་རླུང་ནི་བདག་ལ་འོང་ངོ། ཞེས་པའོ།།

ཤར་པའི་ལུགས་ཀྱི་དཔེར་བརྗོད་ནི།
སྤརྡྷ་ཏེ་ རུདྡྷ་མདྡྷཻརྱོ་ བ་ར་རཱ་མཱ་མུ་ཁཱ་ནི་ལཻཿ།།༤༩།།
འདིར་ཚིག་རྐང་གོང་མ་རྩུབ་པའི་སྦྱོར་བ་དང་། འོག་མར་འཇམ་པའི་སྦྱོར་བ་ཡིན་པས་རྐང་པའི་དྲག་ཞན་དོ་མི་མཉམ་པར་རྐང་པ་ཐེངས་པོར་འགྲོ་བ་འདི་ལྟ་བུ་ནི་ལྷོ་ཕྱོགས་པས་ནམ་ཡང་མི་འདོད་དོ།། འདིའི་དོན་ནི། མ་ལ་ཡའི་རླུང་འདི་བདག་གི་བརྟན་པ་འགོག་པའི་དགའ་མ་མཆོག་གི་ཁ་ནས་བྱུང་བའི་རླུང་ལ་འགྲན་པར་བྱེད་དོ།། ཞེས་པའོ།།
ཞེས་པ་མི་མཉམ་མ་བརྟག་པར། །དོན་གྱི་རྒྱན་དང་ཚོགས་དག་ལ།།
ལྟོས་ནས་ཤར་ཕྱོགས་པ་དག་ལ། །སྙན་ངག་ལམ་འདི་འབྱུང་བ་ཡིན།༥༠།
ཞེས་པ་རྐང་པའི་དྲག་ཞན་དོ་མི་མཉམ་པའི་ཚིག་འདི་ལྟ་བུ་ལ་ཡང་མ་བརྟག་མ་དཔྱད་པར། དོན་གྱི་རྒྱན་དང་རྗེས་འཁྲིད་ཀྱི་ཚོགས་དག་ལ་ལྟོས་ནས། ཤར་ཕྱོགས་པ་དག་ལ་སྙན་ངག་གི་ལམ་སྲོལ་འདི་ལྟ་བུ་འབྱུང་བ་ཡིན་ནོ།།
༼མཉམ་པའི་ཡོན་ཏན་འདི་ཉིད་བོད་ཀྱི་མཁས་པའི་བཤད་ཚུལ་མི་མཐུན་ནའང་། སློབ་དཔོན་རཱ་མ་ཅནྡྲ་མི་ཤྲའི་འགྲེལ་པ་དང་མཐུན་པར་བཤད་ཡོད། སྐབས་འདིར་ལྷོ་པའི་འཇམ་རྩུབ་བསྲེས་པའི་བར་མའི་སྦྱོར་བ་དེ་དང་། ཤར་པའི་འཇམ་རྩུབ་བསྲེས་པ་གཉིས་ལ་མི་འདྲ་བའི་ཁྱད་པ་ཅི་ཡོད་ཅེ་ན། ལྷོ་པའི་དེ་ལ་རྩུབ་པ་ཅུང་ཟད་ལྡན་པའི་འཇམ་པ་ཤུགས་ཆེ་བ་དང་། ཤར་པའི་འདི་ལ་ཚིག་རྐང་གཅིག་རྩུབ་པར་སོང་བ་དང་། གཅིག་འཇམ་པར་སོང་བས་རྐང་པ་དོ་མཉམ་མེད་པའི་སྐྱོན་ལྟ་བུའི་ཁྱད་པར་འདུག་ལ། འདི་ཡང་ལེགས་སྦྱར་གྱི་ཚིག་རྐང་གཉིས་པའི་མཐའ་ལ་ཤད་གཅིག་དང་། བཞི་པའི་མཐའ་ལ་ཤད་གཉིས་རྒྱབ་པ་མ་གཏོགས། ཚིག་རྐང་དང་པོ་དང་གསུམ་པའི་མཐའ་ལ་ཤད་མེད་པས། ཀློག་པའི་ཚེ་དང་པོ་གཉིས་མཉམ་དུ་དང་། མཐའ་མ་གཉིས་མཉམ་དུ་འགྲོ་དགོས་པས། མཉམ་དུ་འགྲོ་དགོས་པའི་ཚིག་རྐང་གཉིས་ཀྱི་དྲག་ཞན་མི་མཉམ་ན་སྐྱོན་དུ་འགྱུར་བ་དང་། ཡང་ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་ཡོད་པའི་ནང་ནས། གཉིས་ཞན་པ་དང་གཉིས་དྲག་པོར་སོང་ན་མི་མཉམ་པའི་སྐྱོན་འདི་དག་འོང་བ་ཡིན་གྱི། ཞན་ན་ཞན་མཉམ་དང་དྲག་ན་དྲག་ཡིན་ན་སྐྱོན་མེད་པ་ལྟ་བུ་ཞིག་འདུག་གོ། ༽
༼དཔེར་བརྗོད་ཀྱི་སྐབས་སུ་ཚིགས་བཅད་དུམ་བུ་སོ་སོར་སོང་བའི་དབང་གིས་གོ་བ་ཁ་ཐོར་སོང་འདུག་པས་ཚིགས་བཅད་ཆ་ཚང་གི་དོན་རིམ་བཞིན་ཞུ་ན་འདི་ལྟ་སྟེ། ཀོ་ཀི་ལཱ་ལ་པ་བཱ་ཅཱ་ལོ་མཱ་མཻ་ཏི་མ་ལ་ཡཱ་ནི་ལཿ། ཨུཅྖ་ལཅྖ་ཀརཱཅྖ་ཅྖ་ནིརྫྷརཱམྦྷཿཀ་ཎོ་ཀྵི་ཏཿ།།༤༨།། ཁུ་བྱུག་ཅ་ཅོ་སྒྲོགས་བྱེད་ཅིང་། །ཉར་མ་རབ་འཐོར་དང་ཞིང་དྭངས། །ཆུ་རྒྱུ་ཆུ་ཐིགས་ཀྱིས་བྲན་པའི། །མ་ལ་ཡ་རླུང་བདག་ལ་འོང་།། ཁུ་བྱུག་གི་ཅ་ཅོ་སྒྲོགས་པའི་སྐད་དང་ལྷན་དུ། ཉར་མ་འཐོར་ཞིང་རབ་ཏུ་དྭངས་པའི་ཆུ་རྒྱུན་གྱི་ཆུ་ཐིག་ཀྱིས་བྲན་༼སིམ༽པའི་རབ་ཏུ་བསིལ་བའི་ལྷོ་ཕྱོགས་མ་ལ་ཡའི་རླུང་ནི་བདག་ལ་འོངས་སོ།། ཞེས་པའོ།།
ཅནྡ་ན་པྲ་ཎ་ཡོདྒནྡྷིརྨནྡོ་མ་ལ་ཡ་མཱ་རུ་ཏཿ། སྤརྡྷ་ཏེ་ རུདྡྷ་མདྡྷཻརྱོ་ བ་ར་རཱ་མཱ་མུ་ཁཱ་ནི་ལཻཿ།།༤༩།། ཙན་དན་གྱིས་བསྒོས་དྲི་ལྡན་ཞིང་། །འཇམ་པ་མ་ལ་ཡ་ཡི་རླུང་། །བདག་གི་བརྟན་འགོག་མཛའ་མཆོག་གི། །ཁ་ཡི་རླུང་དང་འགྲན་པར་བྱེད།། ཡང་ཙན་དན་གྱི་དྲི་མས་བསྒོས་པའི་དྲི་ཞིམ་དང་ལྡན་ཞིང་ཤིན་ཏུ་འཇམ་པའི་མ་ལ་ཡའི་རླུང་ནི། གཞན་ལ་མི་འདུད་པའི་བདག་གི་བརྟན་པ་འགོག་པར་ནུས་པའི་མཛའ་མོ་མཆོག་གི་ཁ་ནས་བྱུང་བའི་རླུང་དང་འགྲན་ནས་ཁོ་བོ་ཡིད་སེམས་རང་དབང་མེད་པར་བྱས་སོ།། ཞེས་པའོ།།༽

བཞི་པ་སྙན་པའི་ཡོན་ཏན།
སྙན་པ་ཉམས་ལྡན་ཚིག་དང་ནི། །དངོས་པོ་ལ་ཡང་ཉམས་གནས་པ།།
སྦྲང་རྩི་སྤྱོད་པས་སྦྲང་རྩི་བཞིན། །གང་གིས་བློ་ལྡན་དགའ་བྱེད་པའོ།།༥༡།།
སྙན་པའི་ཡོན་ཏན་ནི་ཉམས་འགྱུར་དང་ལྡན་པའི་ཚིག་སྟེ། དེའང་ལེའུ་དང་པོ་འདི་དང་ལེའུ་གསུམ་པ་ནས་བཤད་པའི་ཚིག་གི་ཉམས་དང་། ལེའུ་གཉིས་པ་ནས་བཤད་པའི་དོན་གྱི་ཉམས་དང་ལྡན་པ་ཞིག་གོ། དཔེར་ན་སྦྲང་རྩི་སྤྱོད་པའི་བུང་བས་སྦྲང་རྩི་ལ་དགའ་བ་བཞིན་དུ། ཚིག་དོན་གཉིས་ཀྱི་ཉམས་འགྱུར་དང་ལྡན་པའི་སྙན་པའི་ཡོན་ཏན་གང་གིས་བློ་གྲོས་དང་ལྡན་པ་རྣམས་དགའ་བར་བྱེད་དོ།།

འདི་ལ་གོ་བ་ལོག་པ་མང་པོ་བྱུང་འདུག་པས་ས་བཅད་གསར་པ་ཞིག་གི་སྒོ་ནས་བཤད་ན། སྒྲའི་ཉམས་དང་། དོན་གྱི་ཉམས། གཉིས་ཀ་ལ་གྲོང་ཚུལ་སྤོང་ཚུལ་བཅས་གསུམ།
དང་པོ་སྒྲའི་ཉམས་ལ་དྲུག ལྷོ་པའི་འདོད་པ། ལྷོ་ཤར་གཉིས་ཀྱི་ཁྱད་པར། ཤར་པའི་འདོད་པ། བར་ཐག་རིང་དྲག་ན་རྗེས་འཁྲིད་དུ་མི་འོས་པའི་ཤར་པའི་དཔེ། ཚིག་སྦྱོར་འཇམ་རྩུབ་ཕྱོགས་ལྷུང་ཅན་དུ་སོང་ན་རྗེས་འཁྲིད་དུ་མི་འོས་པའི་ལྷོ་པའི་འདོད་པ། རྗེས་འཁྲིད་དང་ཟུང་ལྡན་གྱི་ཁྱད་པར་བཤད་པའོ།། དང་པོ་ལྷོ་པའི་འདོད་པ་ལ་མཚན་ཉིད་དཔེར་བརྗོད་གཉིས་ལས་མཚན་ཉིད་ནི།
སྒྲ་ནི་གང་དང་ཅི་ཡིས་ཀྱང་། །གང་ཞིག་མཚུངས་པར་ཉམས་མྱོང་བ།།
དེ་ཡི་གཟུགས་སོགས་ཚིག་ཉེ་བ། །རྗེས་སུ་འཁྲིད་བཅས་ཉམས་དང་ལྡན།།༥༢།།
སྐྱེས་གནས་དང་རྗོད་པའི་སྒྲ་མདངས་གང་གི་སྒོ་ནས་ཡིན་ཀྱང་རུང་། སྒྲ་མདངས་གོང་འོག་གཉིས་མཚུངས་པར་ཉམས་སུ་མྱོང་བ་སྟེ། བརྗོད་པ་དེའི་སྒྲའི་གཟུགས་སམ་རྗོད་པའི་ཚིག་ཉེ་བ་དང་འདྲ་བར་ཐོས་པ་དེ་ནི་རྗེས་འཁྲིད་ཀྱི་ཉམས་དང་ལྡན་པ་ཡིན་ནོ།།

དཔེར་བརྗོད་ནི།
ཨེ་ཥ་རཱ་ཇཱ་ ཡ་དཱ་ ལཀྵྨིཾ་པྲཱཔྟ་བཱ་ན་ བྲཱཧྨ་ཎ་པྲི་ཡཿ། ཏ་དཱ་ པྲ་བྷྲྀ་ཏི་ དྷརྨ་སྱ་ ལོ་ཀེསྨིནྣུཏྶ་བོབྷ་བཏ།།
གང་ཚེ་བྲམ་ཟེ་དགའ་བ་ཡི། །རྒྱལ་པོ་འདི་ཡིས་དཔལ་ཐོབ་འགྱུར།།
དེ་ནས་བཟུང་སྟེ་ཆོས་ཀྱི་ནི། །དགའ་སྟོན་འཇིག་རྟན་འདི་རུ་འབྱུང།།༥༣།
རྒྱལ་པོ་ཞིག་ལ་བསྟོད་པ་སྟེ། བྲམ་ཟེ་ལ་ཕྱག་མཆོད་བཀུར་སྟི་བྱས་པའི་སྒོ་ནས་བྲམ་ཟེ་དགའ་བར་བྱས་པའི་རྒྱལ་པོ་འདིས། དངོས་གྲུབ་ཀྱི་དཔལ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་དང་། དུས་འདི་ནས་བཟུང་སྟེ། རིག་བྱེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་ཆོས་ཀྱི་དགའ་སྟོན་འཇིག་རྟེན་འདི་རུ་འབྱུང་བར་འགྱུར་རོ།།
༼ཨེ་ཥ་དང་ལཀྵིམའི་ཥ། པྲཔྟ་དང་པྲི་ཡའི་པྲ། ཡ་དཱ་དང་ཏ་དཱའི་དཱ། བྷྲི་ཏི་དང་བྷ་བཏ་ཀྱི་བྷ་རྣམས་འདྲ་བར་ཐོས་པའོ།།༽

ལྷོ་ཤར་གཉིས་ཀྱི་ཁྱད་པར་ནི།
ཞེས་འདི་གཽ་ཌཱ་པ་མི་འདོད། །དེ་དག་རྗེས་སུ་ཁྲིད་ལ་དགའ།།
ཕལ་ཆེར་རྗེས་སུ་འཁྲིད་པས་ཀྱང་། །བཻ་དརྦྷ་ནི་འདི་ཉིད་འདོད།།༥༤།།
ཨེ་ཥ་ཞེས་པ་ལ་སོགས་པའི་ཐོས་པའི་རྗེས་འཁྲིད་འདི་ནི་གཽ་ཌ་པ་རྣམས་མི་འདོད་ཅིང་། དེ་དག་རྗེས་འཁྲིད་དངོས་ལ་དགའ་བ་ཡིན་ལ། ཕལ་ཆེར་རྗེས་འཁྲིད་དངོས་མ་དེ་ལས་ཀྱང་། བཻ་དརྦྷ་ནི་གོང་གི་ཐོས་པའི་རྗེས་འཁྲིད་འདི་ཉིད་འདོད་པ་ཡིན་ནོ།།

གསུམ་པ་ཤར་པའི་འདོད་པ་ལ་མཚན་ཉིད་དང་དཔེར་བརྗོད་གཉིས་ལས་མཚན་ཉིད་ནི།
རྐང་པ་རྣམས་དང་ཚིག་རྣམས་ལ། །ཡི་གེ་བསྐོར་བ་རྗེས་སུ་འཁྲིད།།
གལ་ཏེ་སྔ་མའི་ཉམས་མྱོང་ནི། །འདུ་བྱེད་རྟོགས་བྱེད་མི་རིང་ཉིད།།༥༥།།
ཚིགས་བཅད་གཅིག་གི་རྐང་པ་རེ་རེ་ལའམ། ཡང་ན་རྐང་པ་གཅིག་གི་ནང་ལའང་སྒྲ་མདངས་ཙམ་མིན་པར་ཡི་གེ་སྐོར་བ་ནི་རྗེས་འཁྲིད་དངོས་ཡིན་པ་དང་། དེའང་གལ་ཏེ་སྔ་མའི་ཉམས་མྱོང་གི་འདུ་བྱེད་༼ཚོར་སྣང་།༽རྟོགས་པར་བྱེད་ནུས་པའི་བར་ཐག་མི་རིང་བ་ཉིད་དགོས་སོ།།
༼དེའང་ཚིགས་བཅད་ཀློག་པའི་ཚེ་ཚིག་འདྲ་བ་གཉིས་པོ་དེའི་བར་ཐག་རིང་དྲག་ནས་འདྲ་བའི་ཚོར་སྣང་སྦྱིན་མི་ནུས་པས། དེ་གཉིས་བར་ཐག་མི་རིང་བར་དགོས་པའི་དོན་ཡིན་ནོ།།༽

དཔེར་བརྗོད་ལ་རྐང་པ་ལ་བསྐོར་བ་དང་། ཚིག་ལ་བསྐོར་བ་གཉིས་ལས་རྐང་པ་བསྐོར་བ་ནི།
ཅནྡྲ་ ཤ་རནྣི་ཤོཏྟཾ་སེ་ ཀུནྡ་སྟ་པ་ཀ་བི་བྷྲ་མེ། ཨིནྡྲ་ནཱི་ལ་ནི་བྷཾ་ལཀྵྨ་སཾ་ད་དྷཱ་ཏྱ་ལི་ནཿཤྲི་ཡམ།།༥༦།།
སྟོན་མཚན་དབུ་རྒྱན་ཟླ་བ་ནི། །ཀུནྡའི་ཕོན་པོར་འཁྲུལ་པ་ལ།།
མཚན་མ་ཨིནྡྲ་ནཱི་ལ་མཚུངས། །བུང་བའི་དཔལ་ནི་ཡང་དག་འཛིན།།
སྟོན་ཀའི་མཚན་མོ་ནམ་མཁའི་དབུ་རྒྱན་དུ་གྱུར་པའི་ཟླ་བ་ནི། མེ་ཏོག་ཀུནྡའི་ཕོན་པོ་ཞིག་གོ་སྙམ་དུ་འཁྲུལ་པ་ལ། ཞིབ་མོར་བརྟག་ཚེ་ཀུནྡ་མ་ཡིན་པར་ངེས་ཏེ། དེ་ལ་མཚན་མ་ཨིནྡྲ་ནཱི་ལ་དང་མཚུངས་པའི་བུང་བའི་རབ་རིབ་ཀྱི་མཛེས་པའི་དཔལ་ཡང་དག་པར་འཛིན་པས་སོ།།
༼འདི་ལ་ཚིག་རྐང་དང་པོའི་ཅནྡྲ་དང་གསུམ་པའི་ཨིནྡྲ་གཉིས་ཀྱི་ན་དང་དྲ་བརྩེགས་པ་དང་། གཉིས་པའི་ཀུནྡ་དང་བཞི་པའི་སནྡ་གཉིས་ཀྱི་ན་དང་ད་བརྩེགས་པ་བསྐོར་བའོ།།༽
རྐང་པ་ལ་བསྐོར་བ་ནི།
ཅཱ་རུ་ ཅནྡྲ་མ་སཾ་ བྷྲཱི་རུ་ བིམྦཾ་ པ་ཤྱཻ་ཏ་དམྦ་རེ། མནྨ་ནོ་ མནྨ་ཐཱ་ཀྲནྟ་ ནིརྡ་ཡཾ་ ཧནྟུ་མུ་དྱ་ཏམ།།
མཛེས་མ་མཁའ་ལ་ཟླ་བ་ཡི། །དཀྱིལ་འཁོར་མཛེས་པས་བདག་གི་ཡིད།།
ཡིད་སྲུབས་ཀྱིས་མནན་བརྩེ་མེད་དུ། །འཇོམས་པར་བརྩོན་པ་འདི་ལ་ལྟོས།།
ཀྱེ་མཛེས་མ༑ མཁའ་ལ་ཤར་བའི་ཟླ་བའི་དཀྱིལ་འཁོར་མཛེས་པ་འདིས། བདག་གི་ཡིད་ནི་ཡིད་སྲུབས་འདོད་ཆགས་ཀྱིས་མནན་ནས། བརྩེ་མེད་དུ་འཇོམས་པར་བརྩོན་པ་འདི་ལ་ལྟོས་ཤིག།
༼འདི་ལ་ཚིག་རྐང་དང་པོའི་ནང་། ཅཱ་རུ་དང་ཅནྡྲ་གཉིས། གཉིས་པའི་ནང་བིམྦཾ་དང་དམྦ་གཉིས། གསུམ་པའི་མནྨ་གཉིས། བཞི་པའི་ནང་ད་ཡཾ་གྱི་ཡ་དང་། དྱའི་ཡ་གཉིས་བསྐོར་བའོ།།༽

བཞི་པ་བར་ཐག་རིང་དྲག་ན་རྗེས་འཁྲིད་དུ་མི་འོས་པའི་ཤར་པའི་དཔེ་ནི།
ཨིཏྱནུཔྲཱསམིཅྖིནྟི  ནཱཏིདཱུརཱནྟརཤྲུཏིམ། ན ཏུ རཱམཱ མུཁཱམྦྷོཇསདྲྀཤཤྕནྡྲམཱ ཨི་ཏི།།
ཞེས་པ་ཤིན་ཏུ་མི་རིང་བར། །ཐོས་པ་དག་ནི་རྗེས་ཁྲིད་འདོད།།
དགའ་མ་བཞིན་གྱི་ཆུ་སྐྱེས་དང་། །མཚུངས་པ་ཟླ་བ་ཞེས་མི་འདོད།།
ཅཱ་རུ་ཅནྡྲ་ཞེས་པ་ལྟ་བུ་ཤིན་ཏུ་མི་རིང་བར་ཉེ་བར་ཐོས་ན་རྗེས་འཁྲིད་དུ་འདོད་པ་ཡིན་གྱི། དགའ་མ་བཞིན་གྱི་ཆུ་སྐྱེས་དང་མཚུངས་པའི་ཟླ་བ་ཞེས་པ་ལྟ་བུ་ནི་བར་ཐག་ཤིན་ཏུ་རིང་བས་རྗེས་འཁྲིད་དུ་མི་འདོད་དོ།།
༼དགའ་མ་བཞིན་གྱི་ཆུ་སྐྱེས་དང་མཚུངས་པའི་ཟླ་བ་ཞེས་པའི་སྐབས་ཀྱི་རིང་ཚུལ་ནི། རཱམཱ མུཁཱམྦྷོཇ སདྲྀཤ ཤྕནྡྲམཱ།། ཞེས་པ་འདིར་རཱ་མ་དང་ཅནྡྲ་མཱའི་མཱ་གཉིས་བར་ཐག་རིང་དྲག་ནས་འདྲ་བ་ལྟ་བུའི་ཚོར་སྣང་སྦྱིན་མི་ནུས་པས་སོ།།༽

ལྔ་པ་ཚིག་སྦྱོར་འཇམ་རྩུབ་ཕྱོགས་ལྷུང་ཅན་དུ་སོང་ན་རྗེས་འཁྲིད་དུ་མི་འོས་པའི་ལྷོ་པའི་འདོད་པ་ནི།
སྨརཿཁརཿཁལཱཿཀཱནྟཿཀཱཡཿཀོཔཤྕནཀྲྀཤཿ ཅཡུཏོམཱནོདྷིཀོརཱགོམོཧོཇཏོསབོགཏཿ།།
བདག་གི་ལུས་དང་ཁྲོ་བ་ཕྲ། །འདོད་པ་རྩུབ་ཅིང་མཛའ་བོ་ངན།།
ཁེངས་པ་ཉམས་ཤིང་ཆགས་པ་རྒྱས། །རྨོངས་པ་སྐྱེས་ཏེ་སྲོག་རྣམས་སོང་།།
མཛའ་གྲོགས་ཐག་རིང་དུ་སོང་བའི་བུད་མེད་ཅིག་གིས་སྨྲས་པ་སྟེ། ཁྱོད་ཉིད་སོང་བས་བདག་གི་ལུས་རིད་ཅིང་ཁྲོ་བ་ཡང་ཕྲ་བར་སོང་བ་དང་། ཕྲད་འདོད་ཀྱི་འདོད་པའི་ཟུག་ངུ་རྩུབ་ཅིང་རྒྱས་ན་ཡང་བདག་ཉིད་འདོར་བར་ནུས་པའི་མཛའ་བོ་ཁྱོད་ངན་པ་དང་། ཁྱོད་ལ་མི་འདུད་པའི་ཁེངས་པ་ཉམས་ཤིང་ཆགས་པའི་སེམས་ནི་རྒྱས། ཅི་བྱ་མི་ཤེས་པའི་རྨོངས་པ་སྐྱེས་ཏེ་སྲོག་ཀྱང་སོང་བས་འཆི་བ་ལ་འཐུག་པར་འདུག་གོ།
ཞེས་སོགས་སྦྱོར་བ་རྩུབ་པ་དང་། །ལྷོད་པ་ཡང་ནི་སྟེར་བར་བྱེད།།
དེ་ཕྱིར་དེ་ལྟའི་རྗེས་ཁྲིད་ནི། །ལྷོ་ཕྱོགས་པ་རྣམས་མི་སྦྱོར་རོ།།༦༠།།
སྨ་རཿ ཁ་ལཱཿ ཞེས་པ་ལ་སོགས་པ་འདིར་ཚིག་རྐང་གོང་མ་གཉིས་སུ་རྣམ་བཅད༼ཚེག་དྲག༽མང་བའི་སྦྱོར་བ་ཤིན་ཏུ་རྩུབ་པ་དང་། འོག་མ་གཉིས་སུ་སྦྱོར་བ་ལྷོད་པ་སྟེར་བར་བྱེད་པས། ཚིག་སྦྱོར་ཕྱོགས་ལྷུང་ཅན་དུ་སོང་བའི་རྗེས་འཁྲིད་འདི་ལྟ་བུ་ནི་ལྷོ་ཕྱོགས་པ་རྣམས་མི་འདོད་དོ།།

དྲུག་པ་རྗེས་འཁྲིད་དང་ཟུང་ལྡན་གཉིས་ཀྱི་ཁྱད་པར་ནི།
ཨཱབྲྀཏྟཾ བརྞསངྒཱཏགོཅརཱཾ ཀབཡོ བིདུཿ།
ཡི་གེའི་ཚོགས་པ་བསྐོར་བ་ཡི། །སྤྱོད་ཡུལ་ཟུང་ལྡན་ཡིན་པར་རིག།
དེ་ཡང་གཅིག་ཏུ་སྙན་པ་མིན། །དེ་ཕྱིར་ཕྱི་ནས་བཤད་པར་བྱ།།༦༡།།
རྗེས་འཁྲིད་ལྟ་བུའི་ཡི་གེ་རེ་རེ་བ་མིན་པར། ཡི་གེའི་ཚོགས་པ་བསྐོར་བའི་སྤྱོད་ཡུལ་ཏེ་ཚོགས་པའི་ཚོར་སྣང་སྦྱིན་ནུས་པ་འདི་ནི་ཟུང་ལྡན་ཡིན་ལ། དེའང་རྗེས་འཁྲིད་ལ་ལྟོས་ན་ཤིན་ཏུ་སྙན་པ་རང་མིན་པས་ཕྱིས་ནས་བཤད་པར་བྱའོ།།
༼ཟུང་ལྡན་གྱི་སྐད་དོད། ཡ་མ། ཞེས་པའི་ཚིག་འདི་རྒྱ་དཔེར་མི་འདུག ཡ་མ་ཀོ་ཞེས་པའི་ཚབ་ཏུ། ཀ་བ་ཡོ། ཞེས་ནོར་བ་ཡིན་ནམ་ཁུངས་ཆོད་མ་སོང་།།༽

གཉིས་པ་དོན་གྱི་ཉམས་སྦྱིན་དགོས་ཚུལ་བཤད་པ་ནི།
ངེས་པར་རྒྱན་རྣམས་ཀུན་ལ་ཡང་། །དོན་གྱི་ཉམས་དག་སྦྱིན་པར་བྱེད།།
དེ་ལྟར་ན་ཡང་གྲོང་པ་ཉིད། །མིན་པའི་ཁུར་འདི་ཕལ་ཆེར་འཛིན།།༦༢།།
ཚིག་གི་སྐབས་སུ་རྗེས་འཁྲིད་ཟུང་ལྡན་གང་འདྲ་ཡིན་ནའང་རུང་ལ། ངེས་པར་དུ་དགོས་པ་ནི་རྒྱན་རྣམས་ཀུན་ལ་ལེའུ་གཉིས་པ་ནས་བཤད་པའི་དོན་གྱི་ཉམས་ནི་སྦྱིན་དགོས་སོ།། ཚིག་སྦྱོར་རང་འདོད་ལྟར་དུ་བྱེད་ཆོག་པ་དེ་ལྟར་ན་ཡང་། གྲོང་པ་སྟེ་འཁྲིག་ཚིག་དང་འབྲེལ་བའི་ཚིག་ཐད་ཀར་འབྲི་མི་ཆོག་པའི་འགན་ཁུར་འདི་ཕལ་ཆེར་འཛིན་དགོས་སོ།།
༼སྐབས་འདིར་གྲོང་ཚིག་ཅེས་པ་ཕལ་སྐད་ལ་འགྲེལ་བཤད་གནང་མཁན་མང་པོ་ཞིག་བྱུང་འདུག་པ་ལ་བརྟེན་ནས་སྙན་ངག་ལ་ཡུལ་མི་རང་གི་ཕལ་སྐད་འབྲི་མི་ཆོག་པ་ལྟ་བུ་ཞིག་བྱུང་འདུག་མོད། དཎྜི་རང་གི་རྩ་བའི་དཔེར་བརྗོད་ལ་བལྟས་ན་གྲོང་ཚིག་གི་དཔེར་བརྗོད་དུ་འཁྲིག་ཚིག་དང་འབྲེལ་བའི་བཙོག་གཏམ་གྱི་དཔེར་བརྗོད་གནང་འདུག་པ་དང་། ཡུལ་འཁོར་ཆེན་པོའི་སྐད་དུ་ཡོད་པའི་སྙན་ངག་དང་། འབྱུང་པོའི་སྐད་དུ་ཡོད་པའི་སྙན་ངག་སོགས་བཤད་པས། སྙན་ངག་ལ་ཕལ་སྐད་འབྲི་མི་ཆོག་པའི་ཁྲིམས་དེ་སུས་ཀྱང་བཅད་པ་མེད་དོ།།
དེས་ན་གྲོང་ཚིག་ནི་གོང་ཞུས་ལྟར་བཙོག་གཏམ་ལ་གོ་དགོས་པ་དང་། འདི་ཡང་ཕལ་ཆེར་ཞེས་པ་མ་གཏོགས་རྩ་བ་ནས་འབྲི་མི་ཆོག་ཅེས་གསུངས་མི་འདུག་པས། སྐབས་ཐོབ་དང་བསྟུན་ནས་འབྲི་ན་མི་རུང་བ་མེད་མེད་དེ། མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང་།། ཞེས་སོགས་བོད་མཁས་པ་རང་གི་དཔེར་བརྗོད་ལས་བྱང་བས་སོ།།༽

གསུམ་པ་སྒྲ་དོན་གཉིས་ཀ་ལ་གྲོང་ཚིག་སྤོང་དགོས་པར་བསྟན་པ་ལ། དོན་གྱི་གྲོང་ཚིག་དང་། སྒྲའི་གྲོང་ཚིག་གཉིས། དང་པ་དོན་གྱི་གྲོང་ཚུལ་སྤོང་ཚུལ་ནི།
འདོད་ལྡན་བདག་ལ་གཞོན་ནུ་མ། །ཁྱོད་ནི་ཇི་ལྟར་འདོད་མི་བྱེད།།
ཅེས་འདི་གྲོང་པའི་དོན་བདག་ཉིད། །ཉམས་དང་བྲལ་བ་ཁོ་ནར་བྱེད།།༦༣།།
འདོད་ཆགས་དང་ལྡན་པའི་སྐྱེས་བུ་བདག་ལ་གཞོན་ནུ་ཁྱོད་ནི་ཇི་ལྟར་འདོད་པ་མི་བྱེད་དེ། ང་ལ་དགོས་རྒྱུ་ངོ་མ་འདི་ཁྱོད་རང་ཡིན་ནོ།། ཞེས་པ་ལྟ་བུ་སྙན་འགྱུར་མེད་པའི་བཙོག་གཏམ་ཐད་ཀར་ལབ་ན་མི་མཛེས་པར་འགྱུར་བ་ཡིན་ནོ།།
དོན་འདི་འགྱུར་བ་ཇི་ལྟར་གཏོང་དགོས་ཞེ་ན།
གཡོན་མིག་འདོད་པ་གཏུམ་པོ་ནི། །ངེས་པར་བདག་ལ་བརྩེ་བ་མེད།།
ཁྱོད་ལ་ཁྲོ་མེད་དགའ་ཞེས་པ། །གྲོང་པའི་དོན་མིན་རོ་དང་ལྡན།།༦༤།།
ཀྱེ་གཡོན་མིག་མ༑ འདོད་པ་གཏུམ་པོ་འདིས་ནི། ངེས་པར་དུ་བདག་ལ་བརྩེ་བ་མེད་པར་བདག་ཉིད་བཅོམ་ཞིང་། ཁྱོད་ལ་ནི་ཁྲོ་བ་མེད་པར་དགའ་བས། སྡུག་བསྔལ་འདི་ལྟ་བུ་ཁྱོད་ལ་མི་འབྱུང་ངོ།། ཞེས་པ་ལྟ་བུ་ཅུང་ཟད་བསྐོར་ནས་བྲིས་ན་ལེགས་པར་སྣང་ངོ།།

གཉིས་པ་སྒྲའི་གྲོང་ཚིག་སྤོང་ཚུལ་བཤད་པ་ནི།
སྒྲ་ལའང་གྲོང་པ་ཉིད་ཡོད་དེ། །དེ་ནི་ལེགས་པའི་ཅིག་ཤོས་གྲགས།།
དགའ་བའི་དགའ་སྟོན་བརྗོད་པ་ལ། །ཇི་ལྟར་ཡ་ཡིག་ལ་སོགས་བཞིན།།༦༥།།
དོན་ཙམ་མ་ཟད་སྒྲ་ལའང་གྲོང་པའི་ཚིག་སྤོང་དགོས་པ་ཡོད་དེ། ད་ལྟ་བུ་མི་ལེགས་པའི་ཅིག་ཤོས་སུ་གྲགས་པས་ངེས་པར་སྤོང་དགོས་སོ།། དེ་ཡང་ཚིག་གི་མཚམས་སྦྱོར་ཉེས་པའི་དབང་གིས་འདོད་དོན་དངོས་ལས་གཞན་པའི་ཕོ་མོ་དགའ་བའི་དགའ་སྟོན་བརྗོད་པ་ཡོད་དེ། དཔེ་ཇི་ལྟར་ན་ཡ་ཡིག་དང་བྷ་ཡིག་ལ་སོགས་པས་དོན་གཞན་དུ་འགྱུར་བ་བཞིན་ཏེ། གཤམ་དུ་འཆད་པར་འགྱུར་རོ།།

འདིའི་དབྱེ་བ་བཤད་པ་ནི།
ཚིག་གི་མཚམས་སྦྱོར་གྱིས་ཞུགས་དང་། །སླར་ཡང་ངག་དོན་དག་གིས་ཀྱང་།།
ཉེས་པར་རྟོགས་བྱེད་གྲོང་པ་སྟེ།། ་་་་་་་་་་་་་་་་་་་་་་།།
འདི་ལ་ཚིག་གི་མཚམས་སྦྱོར་དབང་གིས་དོན་གཞན་དུ་ཞུགས་པ་དང་། སླར་ཡང་ངག་སྦྱོར་གྱི་དོན་ལས་ཀྱང་ཉེས་པར་རྟོགས་པར་བྱེད་པའི་གྲོང་ཚིག་ཁག་གཉིས་སོ།།

ཚིག་གི་མཚམས་སྦྱོར་གྱིས་གྲོང་ཚིག་ཏུ་འགྱུར་བར་བཤད་པ་ནི།
་་་་་་་་་་་་་་་་་་། །ཡཱ་ བྷ་ཝ་ཏཿ པྲི་ཡ་བཞིན།།༦༦།།
ཡཱ་ཞེས་པ་གང་ཞིག བྷ་ཝ་ཏ་ཞེས་པ་ཁྱོད་ཀྱི། པྲི་ཡ་ནི་དགའ་མ་ཞེས་པ་ཡིན། ཁྱོད་ཀྱི་དགའ་མ་གང་ཞིག་ཅེས་པའི་དོན་ཡིན་ན་ཡང་། མཉམ་དུ་སྦྱར་བ་ན་གཅོད་མཚམས་ཀྱི་དབང་གིས། ཡ་བྷ་ནི་འཁྲིག་པ། ཝ་ཏ་ནི་ལྡན་པ། པྲི་ཡ་ནི་དགའ་མ་ཡིན་པས། འཁྲིག་པ་དང་ལྡན་པའི་དགའ་མ་ཞེས་ངོ་ཚ་བའི་གཞིར་འགྱུར་བས་གཅོད་མཚམས་དེ་ལྟ་བུ་ནི་ནམ་ཡང་སྦྱོར་བར་མི་བྱའོ།།
མོ་མཚན་བཟང་ལྡན་འདི་ཡིས་ནི། །ཁྱིམ་གཉིས་སུ་ནི་ཕུན་ཚོགས་བསྐྱེད།།
བྱ་ལྕེ་གཉིས་པ་འདི་ཡིས་ནི། །མཛའ་བོ་སོ་སོར་འབྱེད་པར་བྱེད།།
ཅེས་བྲིས་ན་སྐྱོན་དུ་འགྱུར་བ་དང་། དོན་འདི་ཉིད་གྲོང་ཚིག་ཏུ་མི་འགྱུར་བར་བཅོས་ན་འདི་ལྟར་རོ།།
མཚན་ཉིད་བཟང་ལྡན་བུད་མེད་འདིས། །ཁྱིམ་གཉིས་སུ་ནི་ཕུན་ཚོགས་བསྐྱེད།།
འདབ་ཆགས་ལྕེ་གཉིས་པ་ཡིས་ནི། །མཛའ་བོའི་དོན་མཐུན་གཉིས་སུ་འབྱེད།།

གཉིས་པ་ངག་སྦྱོར་གྱི་དོན་གྱི་སྒོ་ནས་སྐྱོན་དུ་འགྱུར་བ་ནི།
ཁརཾ པྲཧྲཏྱ བིཤྲཱནྟཿ པུརུཥོ བཱིརྱབཱནིཏི།
ཅེས་པ་འདི་ལ་ངག་གི་སྦྱོར་ཚུལ་གྱི་སྒོ་ནས་དོན་གཉིས་སུ་འགྱུར་ཏེ། གཅིག་ནི།
སྐྱེས་བུ་བརྩོན་འགྲུས་ལྡན་པ་དེས། །ཁ་ར་བཅོམ་ནས་ངལ་གསོ་བྱེད།།
སྐྱེས་བུ་བརྩོན་འགྲུས་ལྡན་པའི་རྒྱལ་པོ་དགའ་བྱེད་རཱ་མ་དེས། ཁ་ར་ཅེས་པའི་བདུད་དེ་བཅོམ་ནས་ད་ནི་ངལ་གསོ་བྱེད་དོ།། ཞེས་པ་དང་། དོན་གཞན་ནི།
སྐྱེས་བུ་སྟོབས་དང་ལྡན་པ་དེས། །ཁུ་བ་བཅོམ་ནས་ངལ་གསོ་བྱེད།།
ཕོ་གཞོན་སྟོབས་དང་ལྡན་པ་དེས། འཁྲིག་པའི་སྦྱོར་བ་བསྟན་པའི་མཐར་ཁུ་བ་བཅོམ་ནས་ངལ་གསོ་བྱེད་དོ།། ཞེས་པར་འཁྲུལ་ནས་གྲོང་པའི་ཚིག་ཏུ་འགྱུར་བ་ཡིན་ནོ།།
འདིའི་གནད་དགག་དངོས་ནི། སྒྲ་གཅིག་དོན་མང་ལ་འཇུག་པའི་ཚིག་དག་གིས་འཁྲུལ་གཞི་བྱེད་པ་འདྲ་སྟེ། སྐབས་འདིའི་ཁ་ར་ཞེས་པ་ནི་བདུད་ཅིག་གི་མིང་དང་། ཁུ་བ་གཉིས་ཀ་ལ་འཇུག་པས་གོང་འཁོད་ཀྱི་དོན་གཉིས་ཀར་འཁྲུལ་ནུས་པ་ལྟ་བུའོ།།
མྱོས་པས་དམར་བས་བཞིན་རས་གསལ་བྱས་ཤིང་། །ཤུགས་དྲག་རྡོ་རྗེ་ཆེ་གདེངས་ཕ་རོལ་པོའི།།
ལུས་ལ་ལན་བརྒྱར་བསྣུན་པའི་ཆོ་ག་དེས། །ཟུག་རྔུ་བརྣག་པར་མ་བཟོད་འགའ་ཞིག་འཁུན།།

དེ་ལྟ་བུ་སོགས་ལམ་དག་ནི། །གཉིས་ཀ་ལ་ཡང་བསྔགས་མ་ཡིན།།༦༧།།
ཚིག་དང་དོན་གྱི་སྒོ་ནས་གྲོང་ཚིག་ཏུ་འགྱུར་བའི་ལམ་འདི་ལྟ་བུ་ནི་ལྷོ་ཤར་གཉིས་ཀའི་ཕྱོགས་ནས་བསྔགས་པ་མ་ཡིན་ནོ།།

འདི་ལྟ་བུའི་ཚིག་རྣམ་པ་ཀུན་ཏུ་མི་རུང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཚིག་རེ་རེ་ནས་གྲོང་ཚིག་ཏུ་འགྱུར་བ་ཡོད་ཀྱང་། ཚིག་གྲོགས་ཀྱི་དབང་གིས་གྲོང་ཚིག་ཏུ་མི་འགྱུར་བ་ཡོད་དེ།
བྷ་ག་ཝ་ཏཱི་བྷ་གི་ནི། །ཞེས་སོགས་ཀུན་ཏུ་ཁས་ལེན་ཉིད།།
དཔེར་ན། བྷ་ག་ནི་མོ་མཚན་དང་། ཝ་ཏི་ནི་ལྡན་པའི་དོན་ཡིན་ཀྱང་། ཚིག་གྲོགས་བྷ་གི་ནི་ཞེས་པ་སྲིང་མོའི་དོན་ཡིན་པས། འདིའི་སྟོབས་ཀྱིས་བྷ་ག་ཝ་ཏི་ཞེས་པ་བསོད་ནམས་དང་ལྡན་པའི་དོན་དུ་འགྱུར་ནས། བསོད་ནམས་དང་ལྡན་པའི་སྲིང་མོ། ཞེས་པར་འགྱུར་ནས་གྲོང་ཚིག་ཏུ་མི་འགྱུར་བ་དག་ནི་རུང་བ་ཡིན་ནོ།།
གང་ཞིག་སྐྱེད་མ་མ་ཡི་འདོད་པའི་དོན། །བསྒྲུབ་བྱར་འོས་པ་བུ་ལས་གཞན་མིན་ཕྱིར།།
མཐའ་ཡས་འགྲོ་ལ་རྗེས་སུ་ཆགས་པའི་སེམས། །མི་འདོར་བདག་ཉིད་ཆེན་པོ་ཆེ་བའི་རྟགས།།

གོང་འོག་གི་མཚམས་སྦྱོར།
དེ་ལྟར་སྙན་པ་རྣམ་པར་ཕྱེ། །ཤིན་ཏུ་གཞོན་པ་འཆད་པར་བྱ།།༦༨།།
དེ་ལྟར་སྙན་པའི་ཡོན་ཏན་བཤད་ཟིན་ནས་ད་ནི་ཤིན་ཏུ་གཞོན་པ་འཆད་པར་བྱ་བ་ཡིན་ནོ།།

ལྔ་པ་ཤིན་ཏུ་གཞོན་པ་ཡོན་ཏན་ལས་ལྷོ་པའི་འདོད་པ་བཤད་པ་ནི།
རྩུབ་མིན་ཡི་གེ་མང་བ་ནི། །ཤིན་ཏུ་གཞོན་པ་ཉིད་དུ་འདོད།།
གང་ཕྱིར་ཐམས་ཅད་མཉེན་པ་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད།།༦༩།།
སྲོག་ཆེན་དང་ཚེག་དྲག་བརྩེགས་མ་ལ་སོགས་པ་ནི་རྩུབ་པ་ཡིན་ལ། དེ་དག་མིན་པའི་ཡི་གེ་མང་བར་སྒྲིག་པ་ནི་ཤིན་ཏུ་གཞོན་པའི་ཡོན་ཏན་དུ་འདོད་པ་ཡིན་ནོ།། འདི་ལ་གང་ཕྱིར་ཐམས་ཅད་མཉེན་པར་གྱུར་ན་སྦྱོར་བ་ཤིན་ཏུ་ལྷོད་པའི་སྐྱོན་དུ་འགྱུར་བས་མི་མཛེས་སོ།།
མཎྜལཱིཀྲྀཏྱ  ཝརྷཱཎི ཀཎྛཻརྨདྷུརགཱིཏིབྷིཿ། ཀལཱཔིནཿཔྲནྲྀཏྱནྟི ཀཱལེ  ཇཱིམཱུཏམཱལིནི།།༧༠།།
སྤྲིན་གྱི་ཕྲེང་བ་ལྡན་དུས་སུ། །སྙན་པར་སྒྲོགས་པའི་མགྲིན་ལྡན་པ།།
རྨ་བྱ་ཡི་ནི་མཇུག་མ་དག །ཟླུམ་པོར་བྱས་ནས་གར་བྱེད་དོ།།
དབྱར་ཁ་སྤྲིན་གྱི་ཕྲེང་བ་ལྡན་པའི་དུས་སུ། སྙན་པར་སྒྲོགས་པའི་མགྲིན་པ་དང་ལྡན་པའི་རྨ་བྱ་རྣམས་ནི་མཇུག་མའི་མདོངས་སྒྲོ་དག་ཟླུམ་པོར་བྱས་ནས་གར་བྱེད་དོ།།
འདིར་སྲོག་ཆེན་ཡི་གེ་ཧ་ཋ་དྷ་བྷ་བཞི་དང་། བརྩེགས་པ། ཎྜ། རྷ། ཎྛ། རྨ། ནྟ་རྣམས་དང་། ཀ་ལ་པི་ནཿ ཞེས་པའི་ཚེག་དྲག་བཅས་པ་རྣམས་ནི་རྩུབ་པ་ཡིན་ལ། ལྷག་མ་རྣམས་ནི་སྦྱོར་བ་འཇམ་པའོ།།
ལྷོ་པའི་སྦྱར་བ་དང་ཤིན་ཏུ་གཞོན་པ་འདི་གཉིས་ལ་ཁྱད་པར་གང་ཡོད་ཅེ་ན། སྦྱར་བའི་སྐབས་སུ་སྲོག་ཆེན་སྲོག་ཆུང་ཁྱད་པར་ཙམ་ཅིག་ལས་བཤད་མེད་པ་དང་། འདིར་སྦྱོར་བ་འཇམ་རྩུབ་སྤྱི་ལྡོག་ནས་བཤད་པས་ཁྱད་པར་ཅུང་ཟད་འདུག་པས་སྦྱར་བ་ལས་ཤིན་ཏུ་གཞོན་པ་ཁྱབ་ཆེ་བ་ལྟ་བུའི་ཁྱད་པར་འདུག་གོ།
ཞེས་པ་དོན་རྒྱས་ཉིད་མ་ཡིན། །རྒྱན་ཡང་དེ་འདྲ་ཡོད་མིན་ཏེ།།
ཤིན་ཏུ་གཞོན་པ་ཉིད་ཀྱི་དཔེ། །དམ་པ་རྣམས་ཀྱི་ཁ་ན་གནས།།༧༡།།
ཞེས་པ་འདི་ནི་ནང་དོན་རྒྱས་པ་ཉིད་མ་ཡིན་ཞིང་། རྒྱན་ཡང་ཟབ་དང་རྒྱ་ཆེ་དེ་འདྲ་ཡོད་པ་མིན་ཏེ། ཡིན་ནའང་འདི་ལྟ་བུའི་ཤིན་ཏུ་གཞོན་པ་ཉིད་ཀྱི་དཔེ་ནི། དམ་པ་རྣམས་ཀྱི་ཁ་ན་གནས་པས་སྙན་རྩོམ་འདི་འདྲ་ཤིན་ཏུ་མང་བ་ཡིན་ནོ།།

ཤར་པའི་འདོད་པ་བཤད་པ་ནི།
གསལ་ཕྱིར་གཞན་དག་ཕལ་ཆེར་ནི། །བརྗོད་པར་དཀའ་བ་དག་ཀྱང་སྦྱོར།།
ཤར་པ་རྣམས་ནི་ཤིན་ཏུ་གཞོན་པ་ལ་མི་ལྟོས་པར་ཚིག་དོན་གསལ་བ་ཞིག་ལ་རྒྱན་དུ་འདོད་པའི་ཕྱིར། ངག་ནས་བརྗོད་པར་དཀའ་བ་དག་ཀྱང་སྦྱོར་བར་བྱེད་དོ།།
ནྱཀྵེཎ་ ཀྵཔི་ཏཿཀྵཏྲི་ཡཱ་ཎཱཾ་ ཀྵ་ཎཱ་དི་ཏི།།༧༢།།
ནྱཀྵས་རྒྱལ་རིགས་རྣམས་ཀྱི་ཕྱོགས། །སྐད་ཅིག་གིས་ནི་ཉམས་པར་བྱེད།།
ནྱཀྵ་སྟེ་བྲམ་ཟེའི་རིགས་སུ་གྱུར་པའི་པ་ཤུ་རཱ་མས་རྒྱལ་རིགས་དང་དགྲ་ཟླར་གྱུར་པ་ན། དེའི་ཕྱོགས་རྣམས་སྐད་ཅིག་གིས་ནི་ཉམས་པར་བྱེད་དོ།། སྦྱོར་བ་རྩུབ་པའི་ཚུལ་རྒྱ་དཔེ་ཀློག་ནས་གཟིགས།

དྲུག་པ་ལྷོ་ཤར་གཉིས་ཀས་འདོད་པའི་དོན་གསལ་གྱི་ཡོན་ཏན་ནི།
དོན་གསལ་དོན་བརྟག་མི་དགོས་ཉིད། །འཕྲོག་བྱེད་ཀྱིས་ནི་ས་གཞི་འདི།།
རྨིག་པས་བཅད་པའི་ཀླུ་ཁྲག་གིས། །དམར་བའི་ཆུ་གཏེར་ཉིད་ལས་ཕྱུང་།།༧༣།།
དོན་གསལ་ནི་དོན་ལ་བརྟག་ཅིང་དཔྱད་མི་དགོས་པར་དོན་ཐད་ཀར་གོ་བ་ཉིད་དོ།། འདི་ཡང་དཔེར་ན། འཕྲོག་བྱེད་ཁྱབ་འཇུག་ཀྱིས་ནི། ས་གཞི་འདི་ཉིད་ཁོ་རང་གིས་རྨིག་པས་བཅད་པའི་ཀླུ་ཁྲག་གིས་དམར་པོར་གྱུར་པའི་ཆུ་གཏེར་རྒྱ་མཚོ་ཆེན་པོ་ཉིད་ལས་ཕྱུང་ངོ།།
སྐབས་འདིར་ས་གཞི་འདི་ཉིད་རྒྱ་མཚོ་དམར་པོ་ལས་བཏོན་པའི་ཚུལ་བཤད་ཅིང་། རྒྱ་མཚོ་དམར་པོ་ཡིན་པའི་རྒྱུ་མཚན་ཡང་། རྨིག་པ་བཅད་པའི་ཀླུ་ཁྲག་གིས་ཡིན་པའི་དོན་གསལ་བར་བཤད་པས་དོན་གསལ་དུ་འགྱུར་བ་དང་། གཏམ་རྒྱུད་འདི་ནི་ཁྱབ་འཇུག་གི་འཇུག་པ་བཅུ་ལས་གསུམ་པ་ཁྱབ་འཇུག་ཕག་པའི་འཇུག་པ་དང་སྦྱར་བའི་གཏམ་རྒྱུད་ཡིན། འདི་ཡང་ས་གཞི་འདི་ཉིད་ཆུ་ལ་བྱིང་བ་ན་ཁྱབ་འཇུག་ཕག་ཏུ་སྤྲུལ་ནས་ཆུར་སོང་ཞིང་། མཆེ་བས་ས་གཞི་གྱེན་དུ་འདེགས་སོ་ཞེས་ཟེར་རོ།།
གཡོ་སྒྱུས་རབ་སྦྱར་སློང་བའི་ཆོ་ག་མཁན། །མིའུ་ཐུང་ཟོལ་གྱིས་རྒྱུ་བའི་ཁྱབ་འཇུག་ཚིག།
མ་བརྟག་རེ་བ་ལས་ལྷག་སྦྱིན་པས་ཀྱང་། །ས་འོག་འཆིང་བའི་འབྲས་ཐོབ་སྦྱིན་སྐྱེས་བུ།།

དོན་གསལ་གྱི་ཡོན་ཏན་ངོ་འཕྲོད་ཕྱིར་འདིའི་བཟློག་ཟླ་བཤད་པ་ནི།
ཕག་པ་ཆེན་པོ་དག་གིས་ས། །ཆུ་གཏེར་དམར་པོ་དག་ལས་ཕྱུང་།།
ཞེས་པ་འདི་ཉིད་བསྟན་པ་ནི། །བྲང་འགྲོའི་ཁྲག་ནི་བརྟག་དགོས་ཉིད།།༧༤།།
ཁྱབ་འཇུག་གི་སྤྲུལ་པ་ཕག་པ་ཆེན་པོ་དག་གིས། ས་གཞི་འདི་ཉིད་ཆུ་གཏེར་དམར་པོ་དག་ལས་ཕྱུང་ངོ།། ཞེས་པ་འདི་ཉིད་དོན་མི་གསལ་བར་ཡིན་པར་བསྟན་པ་ནི། ཆུ་གཏེར་དམར་པོ་གང་འདྲ་ཡིན་ནམ་སྙམ་དུ་དོགས་པ་དང་། བྲང་འགྲོ་ཀླུའི་ཁྲག་ནི་བརྟག་དགོས་པའི་གནས་ཡིན་པས་སོ།།
སློང་དང་རྗེས་སུ་མཐུན་པར་གཏོང་བའི་བློ། །འགོག་པ་མེད་པའི་སྙིང་སྟོབས་ཀྱིས་བཟུང་བ།།
ཅི་འདོད་སྦྱིན་པས་ལག་བྲེལ་དཱ་ནུའི་བུ། །སྟོབས་དང་ལྡན་ཡང་འཛིན་མའི་འོག་ཏུ་བཅིངས།།

ལམ་ནི་གཉིས་ཀ་དག་ལ་ཡང་། །རྟོགས་པའི་སྐལ་བཟང་མི་ལྡན་ཞིང་།།
སྒྲ་དང་རིགས་པ་ལས་འགོངས་པ། །འདི་འདྲ་ཕལ་ཆེར་བཞེད་མ་ཡིན།།༧༥།།
ལྷོ་ཤར་གྱི་ལམ་ནི་གཉིས་ཀ་དག་ལ་ཡང་། ཚིག་གོ་བ་ཙམ་གྱིས་དོན་རྟོགས་པའི་སྐལ་བ་བཟང་པོ་དང་མི་ལྡན་ཞིང་། སྒྲའི་སྦྱོར་ཚུལ་ལས་འགལ་བ་དང་། བརྟག་ཅིང་དཔྱད་པའི་རིགས་པ་ལས་འགོངས་པ་འདི་འདྲ་བ་ནི་ཕལ་ཆེར་གྱིས་བཞེད་པ་མ་ཡིན་ནོ།།

བདུན་པ་རྒྱ་ཆེ་བའི་ཡོན་ཏན་ལས་ལྷོ་པའི་འདོད་པ་ནི།
གང་དུ་འགའ་ཞིག་བརྗོད་པ་ལ། །ཁྱད་འཕགས་ལྡན་པའི་ཡོན་ཏན་རྟོགས།།
དེ་ནི་རྒྱ་ཆེར་བརྗོད་དེ་དེས། །སྙན་ངག་ལམ་ཀུན་མགོན་དང་བཅས།།༧༦།།
ཚིག་སྦྱོར་གང་དུ་ཡོན་ཏན་འགའ་ཞིག་བརྗོད་པ་ལ། ཁྱད་དུ་འཕགས་པ་དང་ལྡན་པའི་ཡོན་ཏན་འགའ་ཞིག་ཤུགས་ལས་རྟོགས་པར་འགྱུར་བ་འདི་ནི། རྒྱ་ཆེ་བའི་རྒྱན་དུ་བརྗོད་དོ།། རྒྱ་ཆེ་བའི་རྒྱན་དེས་སྙན་ངག་རྩོམ་ཚུལ་གྱི་ལམ་སྲོལ་ཀུན་ལ་མགོན་དང་བཅས་པའམ་མཛེས་པར་འགྱུར་བ་ཡིན་ནོ།།
སློང་བ་རྣམས་ཀྱི་བཀྲེན་པའི་མིག །ལན་ཅིག་ཁྱོད་གདོང་ལ་ལྷུང་བ།།
ལྷ་གཅིག་གནས་སྐབས་དེ་ཡི་སླར། །གཞན་གྱི་གདོང་ལ་བལྟ་མ་ཡིན།།༧༧།།
གཏོང་ཕོད་ཅན་གྱི་རྒྱལ་པོ་ཞིག་ལ་བསྟོད་པའི་དབང་དུ་བྱས་པ་སྟེ། སློང་བ་རྣམས་ཀྱི་བཀྲེན་པས་ཉན་པའི་མིག་ནི་ལན་ཅིག་ཁྱོད་ཀྱི་གདོང་ལ་ལྷུང་བའམ་ལྟ་བ་ན། ཀྱེ་ལྷ་གཅིག༑ གནས་སྐབས་དེ་ཡིས། སླར་ཡང་གཞན་གྱི་གདོང་ལ་བལྟ་དགོས་པའི་གོ་སྐབས་མེད་པར་བྱས་སོ།།
ཞེས་པ་ཉིད་ཀྱི་ངག་འདི་ལ། །གཏོང་བ་ཁྱད་འཕགས་ལེགས་པར་མཚོན།།
ལམ་འདི་ཉིད་ཀྱིས་གཞན་དག་ཀྱང་། །རིགས་པ་མཚུངས་པས་དཔག་པར་བྱ།།༧༨།།
ཞེས་པའི་ངག་འདི་ལ་རྒྱལ་པོ་འདིས་ལོངས་སྤྱོད་ཚད་མེད་གནང་བས་གཞན་ལ་རེ་མི་དགོས་པར་སྟོན་པའི་གཏོང་བ་ཁྱད་དུ་འཕགས་པ་མཚོན་པ་དང་། གཏོང་བ་ཁྱད་འཕགས་སྟོན་པའི་ལམ་འདི་ཉིད་ཀྱིས་མཚོན་ནས་ཐོས་པ་དང་བརྩོན་འགྲུས་དང་དཔའ་བ་སོགས་གཞན་པ་དག་ཀྱང་། འདི་དང་རིགས་པ་མཚུངས་པས་སོ་སོ་རང་གིས་དཔག་པར་ནུས་སོ།།
ཨེ་མ་རལ་གྲིའི་གཉེན་གྱུར་གང་གི་མཚན། །ཅ་ཙམ་ཤུབ་བུར་ཟལོས་ཚེ་གཞན་གྱི་སྡེའི།།
རྩེ་དགའི་འཁྲི་ཤིང་མ་རྣམས་འདྲེན་བྱེད་ནི། །རབ་དམར་ངོགས་ལས་འཆི་མའི་ཆར་རྒྱུན་འབྲུབས།།

ཤར་པའི་ལུགས་ཀྱི་རྒྱ་ཆེ་བའི་ཡོན་ཏན་ནི།
བསྔགས་པར་འོས་པའི་ཁྱད་པར་དང་། །ལྡན་པ་རྒྱ་ཆེར་འགའ་ཞིག་འདོད།།
རོལ་པའི་ཆུ་སྐྱེས་རྩེ་དགའི་མཚོ། །གསེར་གྱི་རྒྱན་ལ་སོགས་པ་བཞིན།།༧༩།།
ཁྱད་གཞི་གང་ཞིག་ལ་བསྔགས་པར་འོས་པའི་ཁྱད་ཆོས་གང་ཞིག་དང་ལྡན་པར་བརྗོད་པ་དེ་ལ་རྒྱ་ཆེ་བའི་རྒྱན་ཞེས་འགའ་ཞིག་གིས་འདོད་དོ།། དེ་ཡང་དཔེར་ན་རྩེད་མོ་ལ་རོལ་བའི་གནས་ཆུ་སྐྱེས་པདྨའི་ཚལ་དང་། རྩེ་དགའ་ལ་རོལ་བའི་གནས་ཡིད་དུ་འོང་བའི་མཚོ། གསེར་ལས་གྲུབ་པའི་རྒྱན་ལ་སོགས་པ་བརྗོད་པ་ལྟ་བུའོ།།
༼ཁྱད་པར་ལྡན་པའི་སྒོ་ནས་རྒྱ་ཆེ་བར་འགྱུར་ཚུལ་ནི། ཆུ་སྐྱེས། མཚོ། རྒྱན་ཞེས་ཁྱད་གཞི་རྐྱང་པ་བཤད་པ་མིན་པར། དེ་དག་ཁྱད་ཆོས་གང་ཞིག་དང་ལྡན་པའི་སྒོ་ནས་བཤད་པས་ན་ཁྱད་གཞི་དེའི་ངོ་མཚར་སྔར་ལས་ཆེ་བར་གོ་ནུས་པ་ཡིན་ནོ།།༽
མེ་ཏོག་འཁྲི་ཤིང་གིས་གང་སྐྱེད་ཚལ་དུ། །རིན་ཆེན་གདུབ་ཀོར་འཁྲོལ་བའི་མཛེས་མ་ཞིག།
རྣམ་བཀྲ་ནོར་བུའི་སྐ་རགས་ལས་དཔྱངས་པའི། །གསེར་གྱི་དྲིལ་ཆུང་སྙན་པའི་ཅ་ཅོ་སྒྲོགས།།

བརྒྱད་པ་བརྗིད་པའི་ཡོན་ཏན་ལ་མཚན་ཉིད་དངོས་དང་ཚིག་སྡུད་གང་ལ་སྦྱོར་ན་ལེགས་ཚུལ་བཤད་པ་ནི།
བརྗིད་པ་ཚིག་སྡུད་མང་པོ་ཉིད། །འདི་ནི་ལྷུག་པ་དག་གི་གསོས།།
ལྷོ་ཕྱོགས་མིན་པས་ཚིགས་བཅད་ལའང་། །འདི་ཉིད་དཔུང་དང་གཉེན་དུ་བཞེད།།༨༠།།[15]
བརྗིད་པ་ཞེས་པ་ནི་ཚིག་སྡུད་མང་པོ་དང་ལྡན་པའི་ཚིག་སྦྱོར་ཉིད་དོ།། ཚིག་སྡུད་འདི་ནི་ཚིག་ལྷུག་གི་གསོས་སམ་སྨན་ལྟ་བུ་ཡིན་པས། ཚིག་ལྷུག་སྦྱོར་ན་ལེགས་པ་ཡིན་ལ། ལྷོ་ཕྱོགས་པ་མིན་པའི་ཤར་ཕྱོགས་གཽ་ཌ་པས་ནི། ཚིག་ལྷུག་ཙམ་དུ་མ་ཟད་ཚིགས་བཅད་ལ་ཡང་ཚིག་སྡུད་འདི་ཉིད་དཔུང་དང་གཉེན་ལྟ་བུར་བཞེད་པ་ཡིན་ནོ།།
ཚིག་སྡུད་ཀྱི་བརྗིད་པའི་ཡོན་ཏན་དངོས་བཤད་པ་ནི།
དེ་ལ་ལྕི་དང་ཡང་བ་རྣམས། །མང་དང་ཉུང་བ་ཉིད་སྤེལ་བས།།
མཐོ་དམན་ཡི་ནི་རྣམ་པ་སྟེ། །བརྗོད་པ་ལ་སོགས་རྣམས་ལ་བལྟ།།༨༡།།
ཚིག་སྡུད་ཀྱི་བརྗིད་པ་དེ་ལ་ལྕི་བ་དང་ཡང་བ་རྣམས་སྐབས་རེ་ལྕི་བ་མང་བ་དང་། སྐབས་རེ་ཡང་བ་མང་། སྐབས་རེ་ལྕི་ཡང་མང་ཉུང་སྤེལ་བས། ཚིག་སྦྱོར་ལ་མཐོ་དམན་ལྟ་བུའི་རྣམ་པ་ཡོད་པ་དེ་ནི་ཚིགས་བཅད་ཀྱི་བརྗིད་པའི་ཡོན་ཏན་ཏེ། དེ་ཡང་ལུས་ཀྱི་སྐབས་སུ་བཤད་པ་ལྟར་གྱི་ཚིག་ལྷུག་གི་བརྗོད་པ་གཏམ་ལ་སོགས་པ་རྣམས་ལ་ལྟ་བར་བྱའོ།།

ཤར་པས་འདོད་པའི་ཚིགས་བཅད་ཀྱི་བརྗིད་པའི་ཡོན་ཏན་བཤད་པ་ནི།
ཨསྟ་མསྟ་ཀ་པརྱསྟ་ས་མསྟཱརྐཱ་ཤུ་སཾསྟ་རཱ། པཱི་ནསྟ་ནསྠི་ཏཱ་ཏཱ་མྲ་ཀ་མྲ་བསྟྲཻབ་ བཱ་རུ་ཎཱི།།༨༢།།
ནུབ་ཀྱི་རི་མགོར་ལྷུང་བ་ཡི། །ཐ་དག་ཉི་འོད་མལ་སྟན་ཅན།།
མཁྲེགས་པའི་ནུ་མ་ལ་གནས་པའི། །གོས་དམར་གཡོ་བཞིན་ཆུ་ལྡན་མ།།
ནུབ་ཀྱི་རི་མགོར་ལྷུང་བའི་ཉི་འོད་དམར་པོ་ཐ་དག་མལ་སྟན་དུ་བྱས་པ་ཅན་གྱི་ནུབ་ཕྱོགས་ཆུ་ལྡན་མ༑ ཁྱེད་ནི་བུ་མོ་ཟླ་མཚན་དང་ལྡན་པའི་སྐབས་ཀྱི་མཁྲེགས་པའི་ནུ་མ་ལ་གནས་པའི་གོས་དམར་གཡོ་བ་བཞིན་དུ་གནས་སོ།།
༼དགོངས་མོ་ཉི་མ་འཛུལ་ལ་ཉེ་བ་ན་ཉི་མ་དམར་པོར་གྱུར་པ་དང་། དེའི་རྐྱེན་གྱིས་མཐུན་མཚམས་སྤྲིན་ཡང་དམར་སེར་ཆགས་པ་དེ་དང་། རྒྱ་གར་ལུགས་སྲོལ་གྱི་བུ་མོར་ཟླ་མཚན་དང་པོར་འབབ་པའི་ཚེ་གོས་དམར་པོ་གྱོན་པ་དེ་ལ་སྦྱར་བ་སྟེ། ནུབ་ཕྱོགས་ཆུ་ལྷ་ནི་བུ་མོ་དང་། ཉི་མ་དམར་པོ་དེའི་ནུ་མ། སྤྲིན་ནི་གོས་དམར་ལ་སྦྱར་ནས། ཆུ་ལྷ་ཁྱོད་ནི་ཟླ་མཚན་ལྡན་པའི་བུ་མོ་དེ་དང་འདྲའོ་ཞེས་པའི་དོན་ནོ།། ཚིག་སྡུད་གང་འདྲ་ཞིག་ཡོད་པའི་ཚུལ་ནི་མགོ་རྙོག་གི་གཞི་ཙམ་ཞིག་ཡིན་པས་ཤེས་པར་འདོད་ན་ཁམས་འགྲེལ་ལ་གཟིགས་པར་ཞུ།༽

ཞེས་པ་བརྗིད་དང་ལྡན་པའི་ཚིག །ཚིགས་བཅད་ལ་ཡང་ཤར་པ་སྦྱོར།།
ཞེས་པ་བརྗིད་པ་དང་ལྡན་པའི་ཚིག་སྡུད་ནི། ཚིག་ལྷུག་ཙམ་དུ་མ་ཟད་ཚིགས་བཅད་ལ་ཡང་ཤར་ཕྱོགས་གཽ་ཌ་པ་རྣམས་སྦྱོར་བར་བྱེད་དོ།།

ལྷོ་པའི་ལུགས་ཀྱི་བརྗིད་པའི་ཡོན་ཏན་བཤད་པ་ནི།
གཞན་དག་འཁྲུགས་མིན་མཛེས་པ་ཡི། །ཚིག་རྣམས་བརྗིད་པར་འདོད་དེ་དཔེར།།
གཞན་དག་ལྷོ་ཕྱོགས་པ་ནི་ཚིགས་བཅད་ལ་སྦྱོར་ཚེ་ཚིག་སྦྱོར་ཤིན་ཏུ་འཁྲུགས་པ་མིན་པར་མཛེས་ཤིང་ཡིད་དུ་འོང་བ་དང་བརྗོད་པ་བདེ་བའི་ཚིག་རྣམས་བརྗིད་པའི་ཡོན་ཏན་དུ་འདོད་དོ།། དེའང་དཔེར་ན།
པ་ཡོ་དྷ་ར་ཏ་ཊོཏྶངྒ་ལགྣ་སནྡྷྱ་ཏ་པཱཾ་ཤུ་ཀཱ། ཀ་སྱ་ ཀཱ་མཱ་ཏུ་རཾ་ ཅེ་ཏོ་བཱ་རུ་ཎཱི་ ན་ ཀ་རིཥྱ་ཏི།།༨༤།།
ཆུ་འཛིན་ངོས་ཀྱི་ཕང་ན་ཆགས། །མཚམས་ཀྱི་ཉི་འོད་གོས་དང་ལྡན།།
ཆུ་ལྡན་མ་ཡིས་སུ་ཡི་ཡིད། །འདོད་པས་གཟིར་བར་བྱེད་མི་འགྱུར།།
ཆུ་འཛིན་ལང་ལོང་དུ་གཡོ་བའི་ངོས་ཀྱི་ཕང་ན་ཆགས་ཤིང་། མཐུན་མཚམས་ཀྱི་ཉི་འོད་ཀྱི་གོས་དང་ལྡན་པའི་ནུབ་ཕྱོགས་ཆུ་ལྡན་མ་ཡིས། སྐྱེ་བོ་སུ་ཞིག་གི་ཡིད་སེམས་འདོད་པས་གཟིར་བར་བྱེད་པར་མི་འགྱུར་ཏེ་འགྱུར་རོ།།
ཞེས་པའི་དཔེར་བརྗོད་འདིར་ལྕི་ཡང་མ་འཁྲུགས་པ་དང་། མཛེས་ཤིང་ཡིད་དུ་འོང་བ་ཡོད་པས་འདི་ལྟ་བུ་ཞིག་ལ་བརྗིད་པའི་ཡོན་ཏན་དུ་འདོད་དོ།།

དགུ་པ་མཛེས་པའི་ཡོན་ཏན་ལས་ལྷོ་པའི་འདོད་པ་བཤད་པ་ནི།
མཛེས་པ་འཇིག་རྟེན་དོན་དག་ལས། །མ་འདས་འགྲོ་ཀུན་ལ་མཛེས་པའོ།།
དེ་ཡང་གཏམ་གྱི་མངོན་བརྗོད་དང་། །བསྔགས་པ་ལ་སོགས་རྣམས་ལའང་སྦྱར།།༨༥།།
མཛེས་པའི་ཡོན་ཏན་ནི་འཇིག་རྟེན་ན་ཡོངས་སུ་གྲགས་པའི་དོན་དག་ལས་མ་འདས་ཤིང་། འགྲོ་བ་ཀུན་ལ་མཛེས་ཤིང་ཡིད་དུ་འོང་བར་འགྱུར་བའི་ཚིག་སྦྱོར་ཞིག་གོ། དེ་ཡང་གཏམ་མངོན་པར་བརྗོད་པས་གང་ཞིག་གི་སྤྱོད་ཚུལ་རྟོགས་པ་དང་། བུད་མེད་ལ་སོགས་པའི་དངོས་པོ་གང་ཞིག་གི་བསྔགས་པ་ལ་སོགས་པ་རྣམས་ལ་སྦྱར་བའོ།།

མངོན་པར་བརྗོད་པའི་གཏམ་ལ་སྦྱར་བ་ནི།
དཀའ་ཐུབ་ཕུང་པོ་ཁྱོད་འདྲ་ཡི། །ཞབས་ཀྱི་རྡུལ་ནི་གཙང་མ་རྣམས།།
ཡང་དག་བཏབ་པ་གང་ཡིན་པ། །དེ་དག་ཁོ་ན་ངེས་པར་ཁྱིམ།།༨༦།།
དཀའ་ཐུབ་སྤྱད་པའི་དྲང་སྲོང་འགའ་ཞིག་སྦྱིན་བདག་གི་ཁྱིམ་དུ་ཕེབས་ན། དེ་ལ་ལན་དུ་ཞུས་པའི་ཚིག་སྟེ། དཀའ་ཐུབ་མང་དུ་བསགས་པའི་ཕུང་པོ་ཚངས་པར་སྤྱོད་པ་ཁྱོད་འདྲའི་ཞབས་རྡུལ་གཙང་མས་ཡང་དག་པར་བཏབ་པ་གང་ཡིན་པའི་བདག་གི་ཁྱིམ་དེ་དག་ཁོ་ན་ངེས་པར་དོན་དང་ལྡན་པའི་ཁྱིམ་དུ་འགྱུར་རོ།། ཞེས་པའོ།།
ཟུང་འཇུག་རྟོགས་པའི་གར་མཁན་མི་ལ་རྗེ། །རས་དཀར་བླ་གོས་རྐྱང་པའི་འཕུང་ལྡིང་གིས།།
ལན་མང་གཤེགས་ནས་ཤིས་པ་སྒྲུབ་པའི་མཁའ། །འཆི་མེད་ལམ་ཆེན་ཞེས་བརྗོད་དོན་དང་ལྡན།།

བསྔགས་པ་ལ་སྦྱར་བ་ནི།
སྐྱོན་མེད་ལུས་ཅན་ཁྱོད་ཀྱི་ནི། །ལག་པའི་འཁྲི་ཤིང་བར་དག་ཏུ།།
ནུ་མ་རབ་རྒྱས་འདི་དག་གི། །གོ་སྐབས་རྙེད་པར་འགྱུར་མ་ཡིན།།༨༧།།
ལང་ཚོ་དར་ལ་བབས་ཤིང་ཉེས་སྐྱོན་ཅུང་ཟད་ཀྱང་མེད་པའི་ལུས་ཅན་མ་ཁྱོད་ཀྱི། འཇམ་ཞིང་མཉེན་པའི་ལག་པའི་འཁྲི་ཤིང་གཉིས་ཀྱི་བར་དུ། མཁྲེགས་པའི་ནུ་མ་རབ་ཏུ་རྒྱས་པ་འདི་དག་གནས་པའི་གོ་སྐབས་རྙེད་པར་འགྱུར་བ་མ་ཡིན་ནོ།།
གར་དགུའི་ཉམས་ཀྱི་སྒེག་འཆང་གཏུམ་མོ་ཆེ། །ཀུན་ཏུ་རྨོངས་པའི་དངོས་པོ་ཁམ་ཟས་སུ།།
བྱེད་པའི་འཇིགས་ཞལ་གླལ་བའི་ཁྱོན། །ཡངས་པའི་བཞིན་རས་མཐའ་ལ་རྫོགས་མ་གྱུར།།
ཞེས་པ་ཁྱད་པར་བརྗོད་པ་ཡི། །ལེགས་སྦྱར་དེ་དག་སྲིད་པ་ཉིད།།
འཇིག་རྟེན་ལུགས་ཀྱི་རྗེས་སུ་ནི། །འབྲང་བ་ཐམས་ཅད་མཛེས་པར་འགྱུར།།༨༨།།
ཞེས་པ་གཏམ་གྱི་མངོན་བརྗོད་དང་བསྔགས་པའི་ཁྱད་པར་བརྗོད་པའི་ཚིག་སྦྱོར་ལེགས་པར་སྦྱར་བ་ནི་འཇིག་རྟེན་ན་སྲིད་པ་ཡིན་ལ། འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་ནས་བརྗོད་པ་ཐམས་ཅད་མཛེས་པར་འགྱུར་བ་ཡིན་ནོ།།

ཤར་པས་འདོད་པའི་མཛེས་པའི་ཡོན་ཏན་བཤད་པ་ནི།
འཇིག་རྟེན་འདས་བཞིན་བརྗོད་འདོད་ཀྱི། །དོན་གང་ཤིན་ཏུ་བཀོད་གྱུར་པ།།
དེ་ཡིས་མཁས་པ་ཤིན་ཏུ་ནི། །ཚིམ་གྱུར་ཅིག་ཤོས་མ་ཡིན་དཔེར།།༨༩།།
འཇིག་རྟེན་པའི་བཤད་ཚོད་ལས་འདས་ཤིང་བློ་ཡུལ་དུ་མི་གཤོང་བཞིན་དུ། འུད་ཆེ་བར་བརྗོད་པར་འདོད་པའི་བློས། དོན་གང་ཞིག་སྒྲོ་བཏགས་ནས་ཤིན་ཏུ་ཆེ་བར་བཀོད་པར་གྱུར་པ་ནི་ཤར་པའི་མཛེས་པའི་ཡོན་ཏན་དུ་འདོད་པ་ཡིན་ནོ།། གྲགས་ཚོད་ལས་འདས་པའི་ཚིག་སྦྱོར་དེ་ཡིས་སྙན་ངག་ལ་ཤིན་ཏུ་གཡེང་བའི་མཁས་པ་རྣམས་ནི་ཤིན་ཏུ་ཚིམ་པར་གྱུར་ན་ཡང་། ཅིག་ཤོས་གཞན་པ་ཉན་པོ་རྣམས་ནི་ཚིམ་པར་འགྱུར་བ་མ་ཡིན་ནོ།།
ཤར་པའི་འདོད་པ་དེ་ལ་ཡང་གཉིས་ལས་གཏམ་གྱི་མངོན་བརྗོད་ལ་སྦྱར་བ་ནི།
དེང་ནས་བཟུང་སྟེ་བདག་གི་ཁྱིམ། །ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས།།
ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས། །ཉེས་པ་དག་ནི་མ་ལུས་བཀྲུས།།༩༠།།
དཀའ་ཐུབ་པ་ཁྱོད་བྱོན་པ་འདི་ནས་བཟུང་སྟེ་བདག་གི་ཁྱིམ་ནི་ལྷའི་ཁྱིམ་བཞིན་བསྟེན་པར་འོས་པར་འགྱུར་བ་དང་། ཁྱོད་ཀྱི་ཞབས་རྡུལ་གཙང་མ་ལྷུང་བ་འདིས། ཁྱིམ་གྱི་ཉེས་སྐྱོན་མ་ལུས་པར་བཀྲུས་སོ་ཞེས་ཆེས་འུད་ཆེ་བར་བརྗོད་པའོ།།
རས་དཀར་འདབ་མ་རབ་བསྐྱོད་མཐུ་ཆེན་གྱིས། །ལན་གཅིག་མིན་པར་གཤེགས་ཤུལ་བྷོ་ཊའི་མཁའ།།
དག་པའི་སྣང་བ་རབ་འབྱམས་འོག་མིན་ཞིང་། །སྟུག་པོ་བཀོད་པའི་ཡོན་ཏན་ལས་ཀྱང་བརྒལ།།
བསྔགས་པ་ལ་སྦྱར་བ་ནི།
ཁྱོད་ཀྱི་ནུ་མ་འདི་ལྟ་བུར། །རྣམ་པར་རྒྱས་པར་གྱུར་པ་འདི།།
ངེས་པར་མ་བརྟག་བྱེད་པོ་ཡིས། །ནམ་མཁའ་དག་ནི་ཆུང་ངུར་སྤྲུལ།།༩༡།།
ལང་ཚོ་དར་ལ་བབས་པའི་སྐྱོན་མེད་ལུས་ཅན་མ་ཁྱོད་ཀྱི་ཤིན་ཏུ་ཆེ་བའི་ནུ་མ་འདི་ལྟ་བུ་རྣམ་པར་རྒྱས་པར་གྱུར་འདི་ལ་ལྟོས་ན། འཇིག་རྟེན་བྱེད་པོ་དེས་ནམ་མཁའ་ཆུང་ངུར་སྤྲུལ་པས་དེ་ཡང་ངེས་པར་བརྟག་དཔྱད་མ་མཛད་པའི་བྱ་བ་ཞིག་གོ་ཞེས་ནུ་མ་ནམ་མཁར་མི་གཤོང་བའི་འུད་ཆེ་བར་བརྗོད་པའོ།།
མེ་དཔུང་དབུས་སུ་གར་དགུའི་ཉམས་ཀྱི་རོས། །རབ་དགྱེས་ཀུན་ཏུ་རྨོངས་པའི་གཡུལ་འཇོམས་ལྷ།།
ཁྲོ་བོའི་རྒྱལ་པོ་ཁྱོད་ཞལ་ཆེར་གདངས་པ། །སྟོང་གསུམ་ཆེན་པོའི་ཁྱོན་ལ་ཅི་སྟེ་ཤོང་།།
འདི་ནི་ཧ་ཅང་བརྗོད་པ་ན། །གཽ་ཌཱ་པ་ལ་མཛེས་པར་བརྗོད།།
འཇུག་པ་སྔ་མ་གཞན་གྱི་ནི། །ལམ་སྙིང་པོ་ཉིད་དུ་བཤད།།༩༢།།
གོང་འཁོད་འདི་ནི་ཧ་ཀྱང་གིས་འུད་ཆེ་བར་བརྗོད་པ་ན། འདི་ལྟ་བུ་ནི་སྙན་ངག་ལ་གཡེང་བའི་གཽ་ཌ་པ་མཛེས་པར་བརྗོད་པ་དང་། འཇུག་པ་སྔ་མ་འཇིག་རྟེན་གྲགས་ཚོད་ལས་མི་འགལ་བ་དེ་ནི་གཞན་ལྷོ་ཕྱོགས་པའི་ལམ་ལ་སྙིང་པོ་ཉིད་དུ་བཤད་པ་ཡིན་ནོ།།

བཅུ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་བཤད་པ་ནི།
གཞན་གྱི་ཆོས་དེ་གཞན་དག་ལ། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས།།
གང་དུ་ཡང་དག་འཛིན་བྱེད་པ། །ཏིང་ངེ་འཛིན་དུ་བརྗོད་དེ་དཔེར།།༩༣།།
སེམས་ལྡན་གཞན་གྱི་ཁྱད་ཆོས་མིག་འཛུམ་པ་དང་འཁུན་པ་ལྟ་བུ་སོགས། གཞན་སེམས་མེད་ལ་འཇིག་རྟེན་གྲགས་པའི་ལུགས་ཀྱི་རྗེས་སུ་འབྲངས་ནས་བཀོད་པ་ན། སེམས་མེད་དངོས་པོ་གང་དུ་གང་བཀོད་པ་དེ་ཡང་དག་པར་འཛིན་པ་དེ་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་ཞེས་བྱ་བ་ཡིན་ནོ།།
༼སེམས་མ་བཅོས་པར་རང་སར་བཞག་པ་ལ་ཏིང་ངེ་འཛིན་ཞེས་པ་ལྟ་བུར་། སེམས་ལྡན་གྱི་ཁྱད་ཆོས་དེ་སེམས་མེད་ཀྱི་སྟེང་དུ་མ་བཅོས་པར་རང་སོར་བཞག་པས་ན་འདི་ལའང་ཏིང་ངེ་འཛིན་གྱི་སྒྲ་སྦྱར་དུ་རུང་བ་ཡིན་ནོ།།༽
ཀུ་མུ་ད་ནི་མིག་འཛུམ་ཞིང་། །པདྨ་དག་མིག་འབྱེད་བྱེད།།
མིག་གི་བྱ་བ་བཀོད་པ་ལས། །དེ་ཡི་རྗོད་བྱེད་སྒྲ་དག་ཐོབ།།༩༤།།
དེ་ཡང་དཔེར་ན། མེ་ཏོག་ཀུ་མུ་ད་ནི་མིག་འཛུམ་ཞིང་། པདྨ་དག་ནི་མིག་འབྱེད་པར་བྱེད་དོ།། ཞེས་པ་ལྟ་བུ་སེམས་ལྡན་མིག་གི་བྱ་བ་ཁ་འབྱེད་པ་དང་འཛུམ་པ་དག་སེམས་མེད་མེ་ཏོག་ལ་བཀོད་པ་ལས། སེམས་མེད་དག་ལའང་མིག་འབྱེད་འཛུམ་ལ་སོགས་པ་དེའི་རྗོད་བྱེད་སྒྲ་དང་མིང་ཚིག་ཐོབ་པ་ཡོད་དོ།།
ཁྱད་ཆོས་སྦྱར་ཚུལ་གྱི་ཕན་གནོད་བཤད་པ་ནི།
སྒྲེགས་དང་ལུད་པ་འཕེན་པ་དང་། །སྐྱུགས་སོགས་ཕལ་པར་འཇུག་པ་ནི།།[16]
ཤིན་ཏུ་མཛེས་ཏེ་གཞན་དུ་ནི། །གྲོང་པ་ཉིད་དུ་འགྱུར་བ་ཡིན།།༩༥།།
ནིཥྛཡུཏ་ནི་སྒྲེགས་པ་དང་། ཨུདྒཱིརྞ་ནི་ལུད་པ་འཕེན་པ། བཱནྟ་ནི་སྐྱུགས་པའི་དོན་ཡིན་པས། འདི་དག་ཕལ་པ་སེམས་མེད་དག་ལ་འཇུག་པ་ནི་ཤིན་ཏུ་མཛེས་པར་འགྱུར་ན་ཡང་། གཞན་དུ་སེམས་ལྡན་དངོས་ལ་སྦྱར་ན་ནི་གོང་དུ་བཤད་པའི་གྲོང་ཚིག་ཏུ་འགྱུར་བ་ཡིན་ནོ།།

འདིའི་དཔེར་བརྗོད་ལ་ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་ནི།
པདྨས་ཉི་ཟེར་སྒྲེགས་པ་ཡི། །མེ་ཡི་ཟེག་མ་འཐུང་ནས་ནི།།
ཁ་ནས་རྡུལ་དམར་འཕེན་པ་དེ། །སྐྱུགས་པར་བྱེད་པ་ཇི་བཞིན་ནོ།།༩༦།།[17]
ཞེས་པ་མཛེས་ཏེ་མི་མཛེས་པ། །ཆུང་མ་སྐྱུགས་པར་བྱེད་ཅེས་པའོ།།
ཉི་ཟེར་སྒྲེགས་པའི་སྐབས་ཀྱི་མེའི་ཟེག་མ་རྣམས་མེ་ཏོག་པདྨས་འཐུང་ནས་པདྨ་རང་གི་ཁ་ནས་རྡུལ་དམར་འཕེན་པ་འདི་ནི་སྐྱུགས་པར་བྱེད་པ་ཇི་བཞིན་ནོ།། ཞེས་པ་འདིར་སྐྱུགས་པ་ལ་སོགས་པ་འདི་དག་ཕལ་པ་སེམས་མེད་ལ་སྦྱར་བས་ཤིན་ཏུ་མཛེས་པར་འགྱུར་ལ། གཞན་དུ་ཆུང་མ་སྐྱུགས་པར་བྱེད་དོ་ཞེས་པ་ལྟ་བུ་ནི་མི་མཛེས་སོ།།
དཔྱིད་དཔལ་ཡོངས་སུ་དར་བའི་རླན་དྲོད་རྒྱུན། །ཟགས་རྣམས་འཐུངས་པས་རབ་མྱོས་ཀེཾ་ཤུ་ཀའི།།
འཁྲི་ཤིང་རང་ལུས་སྒེག་པས་དམར་བའི་རྡུལ། །ཡང་ནས་ཡང་དུ་ཟགས་པར་བྱེད་པ་བཞིན།།

ཅིག་ཅར་ཉིད་དུ་ཆོས་དུ་མ། །བཀོད་པ་དག་ཀྱང་འདོད་དེ་དཔེར།།༩༧།།
ཆོས་གཅིག་ལྟ་བུ་མ་ཡིན་པར་ཅིག་ཅར་ཉིད་དུ་ཁྱད་ཆོས་དུ་མ་བཀོད་པ་དག་ཀྱང་འདོད་དོ།།
ལྕི་བའི་མངལ་ཁུར་གྱིས་ངལ་ཞིང་། །འཁུན་པར་བྱེད་པའི་སྤྲིན་གྱི་ཕྲེང་།།
འདི་དག་གཡོ་མེད་སྟེང་གི་ནི། །ཕང་པ་དག་ཏུ་ཡང་དག་ཉལ།།༩༨།།
ཤིན་ཏུ་ལྕི་བའི་ཆའི་མངལ་ཁུར་གྱིས་ངལ་ཞིང་དུབ་པ་དང་། འབྲུག་སྒྲ་དལ་བུས་འཁུན་པར་བྱེད་པའི་སྤྲིན་གྱི་ཕྲེང་བ་འདི་དག་གཡོ་བ་མེད་པའི་སྟེང་གི་ནམ་མཁའི་ཕང་པར་ཉལ་བར་བྱེད་དོ།།
གྲོགས་མོའི་ཕང་པར་ཉལ་བ་དང་། །འཁུན་དང་ལྕི་བ་ཉིད་དང་ངལ།།
ཞེས་པ་འདི་ནི་མངལ་ལྡན་མའི། །ཆོས་མང་པོ་རྣམས་གཞན་ལ་བསྟན།།༩༩།།
གྲོགས་མོའི་ཞིག་གི་ཕང་པར་ཉལ་བ་དང་། ཟུར་གཟེར་གྱིས་འཁུན་པ་དང་། ལུས་ལྕི་བ་དང་ངལ་བ་ཞེས་པའི་ཆོས་མང་པོ་འདི་དག་ནི་བུད་མེད་མངལ་ལྡན་མའི་ཁྱད་ཆོས་ཡིན་ཀྱང་། སྐབས་འདིར་སྤྲིན་དང་འབྲུག་སྒྲ་སོགས་ལ་བཤད་པ་ཡིན་ནོ།།
ཉིན་མོའི་འབྱུང་གནས་འོད་ཀྱི་རླབས་གཡོ་བས། །དྲི་བཟང་ཁང་པ་དཀར་པོ་ཁ་ཕྱེ་ཚེ།།
སྦྲང་རྩིའི་བརྟུལ་ཞུགས་པ་ཀུན་གཉིད་སད་ནས། །ཆོག་མི་ཤེས་པའི་རོལ་རྩེད་འཐུང་དོན་གཉེར།།

ཏིང་འཛིན་ཞེས་བྱའི་ཡོན་ཏན་གང་། །དེ་ནི་སྙན་ངག་བདོག་ཀུན་ཏེ།།
སྙན་ངག་མཁན་པོ་དོན་མཐུན་གྱི། །ཚོགསཀྱང་འདི་ཉིད་རྗེས་སུ་འབྲངས།།༡༠༠།།
ཏིང་ངེ་འཛིན་ཞེས་བྱ་བའི་ཡོན་ཏན་གང་ཡིན་པ་དེ་ནི། སྙན་ངག་གི་བདོག་པའི་དངོས་ཀུན་ཡོངས་སུ་ཚང་བའམ་ཡོད་ན་དེས་ཆོག་པ་དང་མེད་ན་མེད་ཐབས་མེད་པ་སྟེ། སྙན་ངག་མཁན་པོ་དོན་མཐུན་དག་ཀྱང་ཡོན་ཏན་འདི་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན་ནོ།།

མཇུག་བསྡུའི་ཚིག
དེ་ལྟར་རང་བཞིན་བརྟག་པ་ལས། ལམ་ནི་འདི་གཉིས་རྣམ་པར་ཕྱེ།།
དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས།།༡༠༡།།
དེ་ལྟར་ཡུལ་ཕྱོགས་སོ་སོ་དང་བསམ་པའི་རང་བཞིན་བརྟག་པ་ལས་ལྷོ་ཤར་གྱི་ལམ་འདི་གཉིས་ཙམ་ཞིག་རྣམ་པར་ཕྱེ་བ་ཡིན་ལ། འོན་ཀྱང་སྙན་ངག་གི་ལམ་སྲོལ་གྱི་དབྱེ་བ་མི་འདྲ་བ་དེ་དག་སྙན་ངག་མཁན་སོ་སོའི་རྣམ་རྟོག་ལ་གནས་པས་དེ་དག་ཇི་བཞིན་བརྗོད་པར་མི་ནུས་སོ།།
བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ཀྱི་ཁྱད་པར་ཆེ།།
དེ་ལྟ་མོད་ཀྱི་དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན།།༡༠༢།།
དཔེར་ན་བུར་ཤིང་དང་། འོ་མ། བུ་རམ་སོགས་ལ་མངར་བ་ཉིད་ཀྱི་ཁྱད་པར་མི་འདྲ་བ་ཆེན་པོ་ཡོད་དོ།། དེ་ལྟ་མོད་ཀྱི་མངར་བའི་ཁྱད་ཆོས་མི་འདྲ་བ་འདི་དང་འདིའོ་ཞེས་བརྗོད་པ་ནི་ལྷ་མོ་དབྱངས་ཅན་མས་ནུས་པ་མ་ཡིན་ནོ།།
སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་བཤད་ནས་དེ་ལ་བསླབ་པར་གདམ་པ་ནི།
རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་།།
མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།།༡༠༣།།
སྐྱེས་སྟོབས་ཀྱི་རང་བཞིན་གྱིས་གྲུབ་པའི་སྤོབས་པ་དང་གཅིག མང་དུ་ཐོས་ཤིང་རྣམ་གཡེང་གྱི་དྲི་མ་མེད་པ་དང་གཉིས། ཐོས་པ་ཙམ་དུ་མ་བཞག་པར་རང་གི་མངོན་པར་སྦྱོར་བའི་འབད་བརྩོན་མི་དམན་པ་དང་གསུམ་ནི་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུའོ།།

གལ་ཏེ་རྒྱུ་དང་པོ་འདི་མ་ཚང་ན་ཇི་ལྟར་བྱ་དགོས་ཞེ་ན།
གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱི། །རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་ན་ཡང།།
ཐོས་དང་འབད་པ་དག་གིས་ངག་བསྟེན་ན། །ཅི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད།།༡༠༤།།
གལ་ཏེ་ཚེ་རབས་སྔོན་ནས་བསགས་པའི་བག་ཆགས་ཀྱི་ཡོན་ཏན་གྱི་རྗེས་སུ་འབྲེལ་བའི་སྤོབས་པ་རྨད་དུ་བྱུང་བ་མེད་ན་ཡང་། རྒྱུ་གཉིས་པ་མང་དུ་ཐོས་པ་དང་། གསུམ་པ་སྦྱོར་བ་འབད་བརྩོན་དག་གིས་སྙན་ངག་འདི་ཉིད་བསྟེན་ན། ཅི་ཞིག་ལྟར་ཡང་དུས་ནམ་ཞིག་ན་ངེས་པར་རྗེས་སུ་འཛིན་པར་བྱེད་དོ།།
དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི། །སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན།།
སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མིས། །མཁས་པའི་མདུན་ས་ད་ཏུ་འདུག་ལ་དབང་།།༡༠༥།།
རྒྱུ་མཚན་དེའི་ཕྱིར་ན་གཏམ་དང་གྲགས་པ་འདོད་པ་རྣམས་ཀྱིས་དུས་རྟག་ཏུ། སྙོམས་ལས་ལེ་ལོ་མེད་པར་དུས་ཀྱི་རིམ་པས་དབྱངས་ཅན་གྱི་ངག་བསྟེན་དགོས་ལ། ཚིགས་བཅད་གཅིག་ལྟ་བུའི་སྙན་ངག་ཆུང་ངུ་ཙམ་ལ་ངལ་བ་བྱས་ནས་བསྟེན་པའི་མི་དེས། ནམ་ཞིག་ན་མཁས་པའི་མདུན་དག་ཏུ་འདུག་པ་ལ་དབང་བར་འགྱུར་བ་ཡིན་ནོ།།
སྙན་ངག་མེ་ལོང་ལས། ལམ་རྣམ་པར་དབྱེ་བའི་རྣམ་པར་བཅད་པ་སྟེ་ལེའུ་དང་པོའོ།། །།
སྙན་ངག་འགྲེལ་བཤད་རབ་གསལ་མེ་ལོང་ལས་རེ་ཞིག་ལེའུ་དང་པོ་རྫོགས་སོ།།


[1] ཚིག་རྐང་བཞི་པའི་ནང་། ཡིད་ལ་རིང་དུ་རོལ་བར་མཛོད། ཅེས་པའི་ཡིད་དེ་མ་ན་སའི་དོན་ཡིན་ལ། མ་ན་ས་དེ་ཡིད་དང་མ་ཕམ་གཡུ་མཚོ་གཉིས་ཀ་ལ་གོ་དགོས་པས། གལ་ཏེ་ཡིད་ཅེས་སྒྱུར་ན་མ་ཕམ་གཡུ་མཚོ་ལ་གོ་བའི་སྐབས་མེད་པས་ཁོ་བོས་འགྱུར་བཅོས་བྱས་པ་ཡིན།

[2] འདི་ན་ཀུན་ཏུ་ལྷག་མ་དང་།།མཆོག་གི་རྗེས་སུ་བསྟན་པ་ཡི།།ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི།།འཇིག་རྟེན་ལུགས་ལ་འཇུག་པར་བྱེད།།
[3] ལུས་ནི་རེ་ཞིག་འདོད་པ་ཡི།།དོན་གྱི་རྣམ་དཔྱད་ཚིག་གི་ཕྲེང་།། ཞེས་པ་ནི་ལེགས་སྦྱར་གྱི་ཚིག་འབྲུ་ཇི་མ་ཇི་བཞིན་བསྒྱུར་འདུག་ཀྱང་། བློ་གསར་རྣམས་ལ་གོ་བདེ་བ་ཞིག་རང་མི་འདུག དེ་ཡང་རེ་ཞིག་ཞེས་པ་ནི་ཚིག་གི་ཁ་སྐོང་མ་གཏོགས་ནང་དོན་ལ་འབྲེལ་བ་མེད་པ་དང་། བྱབཅྖིནྣཱ། ཞེས་པའི་སྐད་དོད་རྣམ་དཔྱད་ཡིན་སྲིད་ཀྱང་། དོན་བསྒྱུར་བྱེད་ན་ལྡན་པའི་དོན་ཡིན་པས། འགྱུར་འདི་ལྟར་བཅོས་ཡོད།

[4] གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ་དེ་འདྲ་ལ། །ཚིགས་བཅད་རྒྱ་ཆེ་སརྒས་བཅིངས། །ཆ་ཤས་རང་བཞིན་ཕྱིར་མ་བརྗོད།། ཅེས་བྱུང་ཡང་གོ་དཀའ་བས་གོང་ལྟར་བཅོས་ཡོད།

[5] བརྒྱན་པར་གྱུར་ཅིང་མདོར་བསྡུས་མིན། །ཉམས་དང་འགྱུར་བ་དག་གིས་གཏམས། །སརྒ་ཤིན་ཏུ་རྒྱ་ཆེ་མིན། །མཉན་འོས་བྲྀཏྟས་ལེགས་མཚམས་སྦྱར། །ཀུན་ཏུ་སརྒ་དག་གི་མཐའ། །ཐ་དད་ལྡན་པས་འཇིག་རྟེན་དགའ། །སྙན་ངག་དམ་པའི་རྒྱན་ལྡན་ནི། །བསྐལ་པའི་བར་དུ་གནས་པར་འགྱུར།། ཞེས་གསུངས་འདུག་ཀྱང་ཚིག་ཁ་ཤས་ལ་གོ་བ་མི་བདེ་བས་འགྱུར་བཅོས་གོང་ལྟར་བྱས་ཡོད།

[6] རྐང་པ་མེད་པའི་ཚིག་རྒྱུན་ནི། །ལྷུག་པ་བརྗོད་པ་དང་ནི་གཏམ། །ཞེས་པ་དེ་ཡི་རབ་དབྱེ་གཉིས།། ཞེས་བྱུང་ཡང་གོ་དཀའ་བས་གོང་ལྟར་བཅོས་ཡོད།
[7] དེ་ལ་འདྲེན་པ་ཉིད་ཀྱིས་ནི། །བརྗོད་པར་བྱ་བ་བརྗོད་པ་ལོ། །གཞན་ནི་འདྲེན་པའམ་གཞན་གྱིས་ཀྱང་།། ཅེས་བྱུང་ཡང་ལེགས་སྦྱར་ཚིག་རྐང་གཉིས་ལས་མེད་པས་གཉིས་སུ་བཟོས་པ་ཡིན།
[8] གལ་ཏེ་སྒོ་དང་གཞན་སྒོ་དང་།།ཡིད་བརྟན་ལྡན་ཉིད་བརྗོད་པ་ནི།།ཐ་དད་པ་ཡི་རྟགས་ཡིན་ན།།ཞར་གྱི་གཏམ་རྣམས་དག་ལ་ཡང་།། ཞེས་འདུག་པ་དེ་ཡང་བཅོས་ཡོད།

[9] ལེགས་སྦྱར་ཞེས་པ་ལྷ་ཡི་ནི།།སྐད་དུ་དྲང་སྲོང་ཆེན་པོས་གསུངས།།
[10] དེ་སྐྱེས་དེ་མཚུངས་ཡུལ་ཅན་ཞེས།།དུ་མ་རང་བཞིན་དག་གི་རིམ།
[11] ཡུལ་འཁོར་ཆེན་པོ་ལ་བརྟེན་སྐད།།ལེགས་བཤད་རིན་ཆེན་དག་གི་མཚོ།།སེ་ཏུ་བཅིངས་སོགས་གང་ལས་བྱུང་།།རང་བཞིན་མཆོག་ཏུ་གྱུར་པར་རིག།

[12] བ༌ལང༌རྫི༌ལ༌སོགས༌པའི༌ཚིག །སྙན༌ངག༌ལ༌ཟུར༌ཆག༌ཅེས༌གནས།།
[13] ལེགས༌སྦྱར༌སརྒས༌བཅིངས༌ལ༌སོགས། །རང༌བཞིན༌སྐནྡྷ༌ཀ༌སོགས༌དང༌།།ཟུར༌ཆག༌ཨོ༌ས༌ར༌སོགས༌ཏེ། །ཟློས༌གར༌ལ༌སོགས༌འདྲེས༌པའོ།།
[14] གཏམ༌སོགས༌སྐད་ནི་ཐམས་ཅད་དང་།།ལེགས་སྦྱར་གྱིས་ཀྱང་བཅིངས་སྟེ།།རྨད་བྱུང་དོན་ཆེན་རྒྱ་ཆེའི་གཏམ།།འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད།།
[15] ཁམས་འགྲེལ། ཚིགས་བཅད་ལ་ཡང་ལྷོ་ཕྱོགས་པ། །མིན་པ་འདི་ཉིད་གཅིག་པུར་བཞེད།། བོད་མཁས། ཚིགས་བཅད་ལ་ཡང་ཤར་ཕྱོགས་པ། །འདི་ཉིད་དཔུང་དང་གཉེན་དུ་བཞེད།།
[16] ནིཥྛཡུཏོདྒཱིརྞ། །སྐྱུགས་སོགས་ཕལ་པར་འཇུག་བརྟེན་པ། །ཤིན་ཏུ་མཛེས་ཏེ་གཞན་དུ་ནི། །གྲོང་པ་ཉིད་ཀྱི་ནུས་པ་བརྟེན།།
[17] པདྨས་ཉི་ཟེར་སྐྱུགས་པ་རྣམས། །འཐུངས་ནས་རྡུལ་དམར་སྐྱུགས་པ་ཡི།།ཁ་ཡི་དག་བྱེད་ཟེར་མ་རྣམས། །ཤིག་ཏུ་སྐྱུགས་པར་བྱེད་པ་བཞིན།།

No comments: