Monday, July 28, 2014

ནང་སྲོལ་རྩོམ་གཞུང་།



༄༅། །ནང་སྲོལ་རྩོམ་གཞུང་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞུགས།།


༄༅། །ཇི་ལྟའི་གནས་ལུགས་མངོན་སུམ་གཟིགས་པས་ཇི་སྙེད་ཆོས་ཀུན་དཔེ་རུ་ཤར།།
ངག་གི་མདུད་པ་རང་སར་གྲོལ་བས་ཟབ་དོན་གདམས་པའི་གླུ་རུ་ལེན།།
དཎྜིའི་མེ་ལོང་སྦྱངས་མྱོང་མེད་ཀྱང་སྙན་ངག་རྒྱལ་པོར་གྱུར་པ་ཡི།།
རྣལ་འབྱོར་དབང་ཕྱུག་མི་ལ་མཆོག་ལ་སྒོ་གསུམ་དད་པས་ཕྱག་བགྱི་འོ།།

བཀའ་དང་བསྟན་བཅོས་ལ་སོགས་རྩོམ་རིག་རྣམས།།
རྩོམ་ལུས་གང་འདྲ་ཞིག་ཏུ་གནས་པའི་ཚུལ།།
ཞིབ་ཕྲའི་སྒོ་ནས་བརྗོད་པར་མི་ནུས་ཀྱང་།།
རགས་པ་ཙམ་ཞིག་འབྲི་བ་བདག་གི་ལས།།


༈ དེ་ཡང་འཛམ་བུའི་གླིང་གི་དངོས་པོ་ཇི་འདྲ་ཞིག་ཡིན་ནའང་ཐོག་མ་ཉིད་ནས་ཡར་ཐོན་ཅན་ཞིག་མིན་པར་འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་ཕྱིན་པ་དང་དུས་མཉམ་དུ་རིམ་གྱིས་ཡར་རྒྱས་འགྲོ་བ་ཡིན་ལ། དེ་དང་མཐུན་པར་རྩོམ་རིག་ལ་ཡང་ངག་ཐོག་གི་རྩོམ་རིག་དང་ཡིག་ཐོག་གི་རྩོམ་རིག་གཉིས་ཡོད་པ་ལས། ཡི་གེ་མི་ཤེས་པའི་མི་དམངས་ཀྱི་ཁྲོད་ན་ཡོད་པའི་གླུ་གཞས་ལ་སོགས་པ་ནི་ངག་ཐོག་གི་རྩོམ་རིག་ཡིན་པ་དང་། རྩོམ་རིག་འདི་ནི་དང་པོ་ནས་མཁས་པ་ཞིག་གིས་མཛད་ནས་བཞག་པ་མིན་པར། འགྲོ་བ་མིའི་སྐད་རིགས་ཡར་རྒྱས་འགྲོ་བཞིན་པ་དང་དུས་མཉམ་དུ་བྱུང་བའི་ལུང་པ་རང་རང་སོ་སོའི་ཁྱད་ཆོས་ཤིག་ཡིན།།
སྐད་རིགས་ཡར་རྒྱས་གང་མཚམས་ཕྱིན་པ་ན་ཡི་གེ་བྱུང་བ་དང་། དེ་ནས་བརྡ་སྤྲོད་རིག་པ་བྱུང་བ་ཡིན། དེའང་དཔེར་ན། ནམ་དུས་དབྱར་ཁའི་གཙང་པོ་ནི་སྐབས་རེ་བྲི་བ་དང་སྐབས་རེ་བྲུབ་ནས་འགྱུར་བ་འགྲོ་བའི་དབང་གིས་ཆེ་ཆུང་མཉམ་པར་འབབ་པའི་གོ་སྐབས་ནམ་ཡང་མེད། གཙང་པོ་དེ་དག་ཆུ་རགས་ཀྱིས་བཀག་ཅིང་ཚད་འཛིན་བྱས་ནས་གཏོང་ན། ཆེ་ཆུང་མཉམ་པར་འབབ་ནུས་པ་དང་། ཞིང་པའི་གསོས་སུ་གང་ལ་གང་འདོད་དུ་འདྲེན་ཆོག་པ་ལྟར། མིའི་སྐད་དང་ཡི་གེ་བྱུང་ཟིན་ན་ཡང་ད་དུང་འགྱུར་བ་སྣ་ཚོགས་སུ་འགྱུར་ངེས་ཡིན་པས། གལ་ཏེ་དེ་ལ་བཏང་འཛིན་མ་བྱེད་ན། ཕ་མེས་ཀྱིས་བྲིས་པ་དེ་དག་མི་ཐོག་གཉིས་གསུམ་གྱི་རྗེས་ལ་ཚ་བོ་དག་གིས་གོ་བའི་ངེས་པ་མེད། དེས་ན་སྐད་ཡིག་དེ་དག་གཅིག་མཐུན་དང་འགྱུར་བ་མེད་པར་གནས་པའི་ཆེད་དུ་བརྡ་སྤྲོད་རིག་པའི་ཆུ་རགས་ཀྱིས་བཀག་ནས་ཚོད་འཛིན་གཅིག་བྱེད་ན། ཆོས་དང་རིག་གཞུང་གང་གི་ཞིང་དུ་འདྲེན་ན་ཡང་དེ་དག་རྒྱས་པའི་གསོས་སུ་འགྱུར་ཐུབ་ངེས་ཡིན།།
བརྡ་སྤྲོད་རིག་པ་བྱུང་ཟིན་པ་ནས་བཟུང་སྟེ། དེས་སྟངས་འཛིན་བྱེད་པའི་འཛམ་གླིང་འགྲོ་བ་མིའི་རྣམ་དཔྱོད་ལས་བརྟེན་ནས་བྱུང་བའི་རིག་པའི་གནས་གང་འདྲ་ཞིག་ཡིན་ན་ཡང་རུང་། དེ་དག་ལ་ཡིག་ཐོག་གི་རྩོམ་རིག་ཅེས་བྱ་བ་ཡིན།།

ནང་པའི་རྩོམ་གཞུང་དངོས།
༈ རྩོམ་རིག་ལ་རྒྱ་ཆུང་ས་ནས་བལྟ་ན་སྙན་རྩོམ་དང་འབྲེལ་བ་ཡོད་པ་གཅིག་པུ་ལ་རྩོམ་རིག་ཅེས་བརྗོད་པའི་སྐབས་གཅིག་དང་། རྒྱ་ཆེ་ས་ནས་བལྟ་ན་ཆོས་དང་རིག་གཞུང་གི་རྩོམ་ཡོངས་རྫོགས་ལ་རྩོམ་རིག་ཅེས་བརྗོད་པའི་སྐབས་གཉིས་ཡོད། དེས་ན་ང་ཚོས་རྒྱ་ཆེ་བའི་གོ་བ་དེ་ལེན་ནས་ཆོས་དང་རིག་གཞུང་གི་རྩོམ་ཡོངས་རྫོགས་ལ་རྩོམ་རིག་ཅེས་བཞག་རྒྱུ་དང་། དེ་ལ་ཡང་ལུང་པ་རང་རང་སོ་སོའི་རྩོམ་རིག་ཐ་དད་ཡོད་ཀྱང་། དེ་དག་ནི་རང་ཅག་རྣམས་དང་འབྲེལ་བ་མེད་ལ། རང་ཅག་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པ་ནི་ནང་པའི་རྩོམ་རིག་དེ་དག་ཡིན་པས་ན། ནང་པའི་རྩོམ་རིག་དེ་དག་རྩོམ་གྱི་ལུས་གང་འདྲ་ཞིག་ཏུ་གནས་པའི་ཚུལ་ལ་སློབ་སྦྱོང་བྱ་རྒྱུ་ཡིན། ནང་པའི་རྩོམ་གཞུང་དེ་ཡང་རྒྱལ་བའི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས། གྲུབ་ཐོབ་རྣམས་ཀྱི་མགུར་མ། སྤྱི་ཚོགས་ཀྱི་རྩོམ་རིག་བཅས་རྣམ་པ་བཞིའི་སྒོ་ནས་ཞུ་རྒྱུ་ཡིན།།


དང་པོ་རྒྱལ་བའི་བཀའ།
༈ དེ་ཡང་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་རོལ་དུ་ བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་མཆོག མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས། དམ་པའི་ཆོས་ཀྱི་བདུད་རྩི་དངོས་སུ་བསྩལ་བའི་དུས་སྐབས་དེར། ཡི་གེ་དང་བརྡ་སྤྲོད་ཀྱི་བསྟན་བཅོས་ཡོད་པ་ཡིན་ན་ཡང་། སངས་རྒྱས་ཀྱི་གསུངས་དེ་དག་ཡིག་ཐོག་ཏུ་ཕབས་མེད། ཡིན་ན་ཡང་མི་བརྗེད་པའི་གཟུང་དང་ལྡན་པའི་དགྲ་བཅོམ་པ་རྣམས་ཀྱི་ངག་ཐོག་ནས་ངག་ཐོག་བརྒྱུད་དེ་བྱོན་པའི་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་གྱི་ཕྱིས་སུ་ཡིག་ཐོག་ཏུ་བཀོད་པ་ན། འགོ་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ལྡན་སྟེ། ༡དུས་ཕུན་སུམ་ཚོགས་པ། ༢སྟོན་པ་ཕུན་སུམ་ཚོགས་པ། ༣གནས་ཕུན་སུམ་ཚོགས་པ། ༤འཁོར་ཕུན་སུམ་ཚོགས་པ ༥ཆོས་ཕུན་སུམ་ཚོགས་པ་བཅས་དང་། ༦བར་གྱི་མཚམས་སྦྱོར། ༧མདོའི་ཡོངས་གཏད། ༨མཇུག་གི་རྗེས་བསྟོད། ༩མཐར་མདོའི་མཚན་དང་བཅས་པའི་དོན་ཚན་དགུའི་སྒོ་ནས་ཕྱོགས་བསྒྲིགས་བྱས་ཡོད།།
དེ་ཡང་དེང་སང་གི་དབང་དུ་བྱས་ན། ཚོགས་བསྡུའི་སྙན་ཞུའམ། ཡང་ན་ཚོགས་བསྡུའི་ཟིན་བྲིས་ལྟ་བུ་ཞིག་གི་ཚུལ་དུ་བཀའ་རྣམས་ཕྱོགས་བསྒྲིགས་ཞུས་ཡོད། ཚོགས་བསྡུའི་སྙན་ཞུ་དེར། ཐོག་མར་ཚོགས་བསྡུའི་བརྗོད་བྱའམ་གྲོས་གཞི། སྤྱི་ལོ་ཟླ་ཚེས། ཚོགས་བསྡུའི་ས་གནས། ཚོགས་གཙོ་སུ་ཡིན་མིན། ཚོགས་བཅར་བའི་གྲངས་བཅས་དགོས་ཤིང་། དེ་ནས་གོང་གི་གྲོས་གཞིའི་ཐོག་ཚོགས་གཙོའི་གསུངས་བཤད་ཀྱི་སྐོར། དེར་དྲི་བ་ཡོད་ན། དྲི་བ་འདྲི་མཁན་སུ་ཡིན་མིན་དང་། དེའི་ལན་དེ་ཚོགས་གཙོའམ། ཡང་ན་གྲོས་གཞི་དེ་དང་འབྲེལ་ཡོད་ཀྱི་མི་སྣ་ཞིག་གིས་གསུངས་པའི་ཚུལ་རྣམས་བཀོད་པའི་རྗེས་སུ། ཚོགས་བཅར་བ་ཡོངས་ཀྱིས་མོས་མཐུན་ཡོད་མེད་ཀྱི་ཐག་དཔྱོད་ཇི་ལྟར་བྱུང་བའི་ཚུལ་བཀོད་པ་ལྟ་བུ་ཡིན།། 



ཕུན་སུམ་ཚོགས་པ་ལྔ་པོ་དེ་དག་ཤེས་རབ་སྙིང་པོ་ལ་སྦྱར་ནས་ཞུ་ན།
༡༽ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པ་དེས་དུས་ཕུན་ཚོགས་སྟོན་པ་ཡིན། སྐབས་དེ་དུས་ལོ་དང་ཟླ་ཚེས་འབྲི་བའི་སྲོལ་མེད་པའི་དབང་གིས་དེའི་ཚེ་དེའི་དུས་ན་ཞེས་པ་ཙམ་ལས་མི་བྱུང།།
༢༽ བཅོམ་ལྡན་འདས། ཞེས་པ་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པ་འདིས་སྟོན་པ་ཕུན་ཚོགས་སྟོན་པ་ཡིན། ཤེར་སྙིང་འདི་མདོ་ཚན་མཐུང་ངུ་ཞིག་ཡིན་པའི་དབང་གིས་སྟོན་པའི་ཁྱད་ཆོས་གང་ཡང་མ་བརྗོད་པར་བཅོམ་ལྡན་འདས་ཞེས་པ་ཞིག་ལས་མེད་ཀྱང་། ཡུམ་རྒྱས་པ་འབུམ་ལ་སོགས་པའི་ནང་དུ། སྟོན་པ་ལ་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། གསུང་རྗེས་སུ་སྟོན་པའི་ཆོ་འཕྲུལ། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་ལྡན་པའི་སྐོར་དང་། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ། སྐུ་གསུངས་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་སྒོ་ནས་གསུངས་ཡོད།།
༣༽ རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། ཞེས་པ་འདིས་གནས་ཕུན་ཚོགས་སྟོན་པ་ཡིན། མདོ་གཞན་དུ་། དཔེར་ན། མཉན་ཡོད་ཀྱི་གནས། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བར། ཞེས་སོགས་ཡུལ་འཁོར་གང་དང་། ནང་གསེས་ས་གནས་གཙུག་ལག་གང་དུ་གསུངས་པའི་སྐོར་བཅས་གསུངས་ཡོད།།
༤༽ དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་།  ཞེས་པ་འདིས་འཁོར་ཕུན་ཚོགས་སྟོན་པ་ཡིན། འཁོར་འདི་ལ་བསྟན་བྱའི་ཆོས་དེ་དང་བསྟུན་པའི་འཁོར་མི་འདྲ་བ་ཡོད། དཔེར་ན་བསྟན་བྱའི་ཆོས་དེ་ཐེག་དམན་གྱི་ཆོས་ཡིན་ན། འཁོར་དེ་ལ་དགེ་སློང་ཕ་དང་། དགེ་སློང་མ། དགེ་བསྙེན་ཕ་དང་། དགེ་བསྙེན་མ་བཅས་ཀྱི་འཁོར་རྣམ་པ་བཞི་དང་། བསྟན་བྱའི་ཆོས་དེ་ཐེག་ཆེན་གྱི་ཆོས་ཡིན་ན། འཁོར་དེ་དགེ་སློང་ཕ་མ་དང་། བྱང་ཆུབ་སེམས་དཔའི་ཚོགས། བསྟན་བྱའི་ཆོས་དེ་གསང་སྔགས་ཀྱི་ཆོས་ཡིན་ན། འཁོར་དེ་ལ་གསང་སྔགས་ཀྱི་རིག་པ་འཛིན་པའི་གང་ཟག་བཅས་འོང་བ་ཡིན།།
༥༽ ཕུང་པོ་ལྔ་པོ་འདི་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། གཟུགས་སྟོང་པའོ། ཞེས་པ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། ཞེས་པའི་བར་གྱིས་ཆོས་ཕུན་ཚོགས་བསྟན་པ་ཡིན་པས། མདོ་གང་དང་གང་ཡིན་ནའང་བསྟན་བྱའི་ཆོས་ངོ་མ་དེ་ལ་ཆོས་ཕུན་ཚོགས་ཞེས་བྱ་བ་ཡིན།།
༦༽ བར་གྱི་མཚམས་སྦྱོར་ནི། ༡དྲི་བ་འདྲི་མཁན་དང་། ༢གང་ཟག་གང་ལ་འདྲི་བ། ༣དྲི་བ་གང་དང་། ༤ལན་གང་ཡིན་པ་སོགས་ཀྱི་གནས་ཚུལ་བཀོད་པའི་མཚམས་སྦྱོར་གྱི་ཚིག་རྣམས་ཡིན། ཤེས་རབ་སྙིང་པོ་འདི་ལ་མཚོན་ན། ༡ཚེ་དང་ལྡན་པ་ཤཱ་རིའི་བུས། ༢བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དེ་སྐད་ཅེས་སྨྲས་སོ། ཞེས་དྲི་བ་འདྲི་མཁན་ཤཱ་རིའི་བུ་དང་། འདྲི་ས་སྤྱན་རས་གཟིགས་ཡིན་པར་བསྟན། དེ་ནས། ༣རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པས་ཇི་ལྟར་བསླབ་པར་བྱ། ཞེས་པ་དེས་བུ་དང་བུ་མོ་སུ་ཡིན་ནའང་རུང་། ཤེར་ཕྱིན་ཉམས་ལེན་བྱེད་པར་འདོད་ན། གང་འདྲ་བྱས་ནས་ཉམས་ལེན་བྱེད་དགོས། ཞེས་པའི་དྲི་བ་བཀོད། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཚེ་དང་ལྡན་པ་ཤཱ་རི་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཞེས་པས་འདྲི་བ་འདྲི་སའི་ཡུལ་སྤྱན་རས་གཟིགས་ཀྱིས་ལན་གསུངས་པར་བསྟན་པ་དང་། ༤ཤཱ་རིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་ལྟའོ།། གཟུགས་སྟོང་པའོ། ཞེས་པ་ལ་སོགས་པའི་སྒོ་ནས་ལན་དངོས་དེ་གསུངས་པ་ཡིན།།
༧༽ མཇུག་གི་རྗེས་བསྟོད་ནི། ཆོས་གསུངས་ཚར་བ་དང་། འཁོར་རྣམས་ཀྱིས་མོས་མཐུན་ཡོད་པར་བསྟན་པའི་ཚིག་དེ་དག་ཡིན། ཤེར་སྙིང་འདི་ལ་མཚོན་ན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཞེས་གསུངས་པ་འདི་ཡིན།།
༨༽ མདོའི་མཚན་ནི། མདོ་གསུངས་ཚར་བ་ན། འཁོར་གྱི་གཙོ་བོ་ཞིག་གིས། སྟོན་པ་ལ་མདོ་འདིའི་མིང་ཇི་ལྟར་འདོགས་དགོས། ཞེས་དྲིས་ནས། སྟོན་པས་མདོ་དེའི་མཚན་གསུངས་པ་རྣམས་ཡིན། དེ་ཡང་མདོ་སྡུད་པར།
ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ།།
མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ།།[1]
ཞེས་པ་ལྟ་བུ་ཡིན། འོན་ཀྱང་མདོའི་མཚན་ནི་མདོ་སྡེ་འགའ་ཞིག་མ་གཏོགས་ཕལ་ཆེར་ལ་མེད། མདོའི་མིང་བཏགས་ཚུལ་ལ། རྗོད་ཚིག་མང་ཉུང་གྲངས་ཀྱི་སྒོ་ནས་བཏགས་པ། དཔེར་ན། བརྒྱད་སྟོང་པ། ཉི་ཁྲི། འབུམ། ཤེར་ཕྱིན་བདུན་བརྒྱ་པ་ལ་སོགས་པ་དང་། ཞུ་བ་པོའི་གང་ཟག་གི་སྒོ་ནས་བཏགས་པ། དཔལ་བྱིན་གྱིས་ཞུས་པའི་མདོ། དོན་དམ་ཡང་དག་འཕགས་ཞུས་ཀྱི་མདོ་སོགས་དང་། ས་གནས་ཀྱི་ཆ་ནས་བཏགས་པ། ལངྐར་གཤེགས་པའི་མདོ་སོགས་དང་། བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ། མངལ་དུ་མཇུག་པའི་མདོ། ས་བཅུ་པའི་མདོ་ལ་སོགས་པ། གང་ཟག་གང་དང་ཕྲད་པའི་སྒོ་ནས་བཏགས་པ། ཡབ་སྲས་མཇལ་བའི་མདོ་ལ་སོགས་པ་མིང་བཏགས་ཚུལ་མི་འདྲ་བ་དུ་མ་ཡོད།།
༩༽ ཡོངས་གཏད་ནི། མདོ་དེ་གང་ཟག་ཞིག་ལ་བཅོལ་ནས་བཞག་པའི་སྐོར་ཞིག་ཡིན། དེ་ཡང་མདོ་སྡེ་རིང་བ་དང་། གལ་ཆེ་བ་རྣམས་ལ་འོང་བ་ཡིན་གྱི། མཐུང་བ་ཤེར་སྙིང་ལྟ་བུ་ལ་ཡོངས་གཏད་མི་འོང་ངོ།། འདི་ཡང་ཡུམ་རྒྱས་པ་འབུམ་ལས།
དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུངས་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལའང་རྒྱ་ཆེར་རབ་ཏུ་སྟོན་ཅིག། ཅེས་པ་ནས། ཀུན་དགའ་བོ། འདི་ནི་ངའི་གདམས་ངག་གོ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ།། ཞེས་དང་། ཀུན་དགའ་བོ། ཅི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནུབ་པར་མི་འགྱུར་ཞིང་། ཅི་ནས་ཁྱོད་སྐྱེས་བུ་ཐ་མར་མི་འགྱུར་བར་ཁྱོད་ལ་ལན་གཉིས་ལན་གསུམ་དུ་ཡོངས་སུ་གཏད་དོ།། རྗེས་སུ་ཡོངས་སུ་གཏད་དོ།།[2] ཞེས་ཤེར་ཕྱིན་གྱི་མདོ་འདི། ཀུན་དགའ་བོ་ལ་བཅོལ་ནས་བཞག་པ་ལྟ་བུ་ཡིན་ནོ།།

དོགས་དཔྱོད།
༈ དེ་འདྲ་ཡིན་ན། འགོའི་གླེང་གཞི་དང་། བར་གྱི་མཚམས་སྦྱོར། མཇུག་གི་རྗེས་བསྟོད་ལ་སོགས་པ་དེ་དག་སྟོན་པའི་གསུངས་དངོས་མིང་པས། དེ་དག་སངས་རྒྱས་ཀྱི་བཀའ་ཡིན་པ་ཇི་ལྟར་རུང་ཞེ་ན།
དེའི་ལན་ལ་བཀའི་དབྱེ་བ་གསུམ་དུ་ཡོད་པ་དེ་ཤེས་དགོས། དེ་ཡང་ཞལ་ནས་གསུངས་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་བཅས་སོ།།

༡༽    ཞལ་ནས་གསུངས་པའི་བཀའ་ཞེས་པ་ནི། སྟོན་པ་རང་གི་ཞལ་ནས་དངོས་སུ་གསུངས་པ། དཔེར་ན། གོང་དུ་དྲངས་པའི་ཡོངས་གཏད་ཀྱི་ཚིག་ལྟ་བུ་དང་།།
༢༽    རྗེས་སུ་གནང་བའི་བཀའ་ཞེས་པ་ནི། བཀའ་བསྡུ་བ་པོ་རྣམས་ཀྱིས་སྟོན་པའི་བཀའ་ཕྱོགས་སྒྲིགས་བྱེད་པའི་ཚེ། སྟོན་པའི་གསུངས་དེ་དག་ཐད་ཀར་དྲངས་ན། ས་གནས་གང་དུ་འཁོར་གང་ལ་གསུངས་པ་སོགས་ཀྱི་ལོ་རྒྱུས་ཅི་ཡང་མི་ཤེས་པར་འགྱུར་བས་ན། སྟོན་པ་སྐུ་དངོས་ཀྱི་ཞལ་ནས། འདི་སྐད་བདག་གིས་ཐོས་པ་ཞེས་བགྱི་ལ། བདག་གི་བཀའ་བསྡུ་བར་བྱའོ།། ཞེས་སོགས་གི་སྒོ་ནས། གནས། དུས། སྟོན་པ། འཁོར་བཅས་ཀྱི་ཚོགས་བཞི་དང་། གཞན་ཡང་བར་གྱི་མཚམས་སྦྱོར་དང་། མཇུག་གི་རྗེས་བསྟོད་བཅས་བཙུགས་དགོས་པའི་བཀའི་གནང་བ་ཐོབ་པ་ཡིན་པས། དེ་ལ་རྗེས་སུ་གནང་བའི་བཀའ་ཞེས་བྱ་བ་ཡིན།།
༣༽    བྱིན་གྱིས་བརླབས་པའི་བཀའ་ཞེས་པ་ནི། སྟོན་པའི་གསུངས་དངོས་མིན་ཀྱང་། སྟོན་པས་འཁོར་གང་ཡང་རུང་བ་ཞིག་ལ་སྐུ་གསུང་ཐུགས་གང་རུང་གི་སྒོ་ལས་བྱིན་བརླབས་གནང་བ་ན། འཁོར་དེ་ལ་ཐུགས་ཐོགས་པ་མེད་པར་གྱུར་ནས་ཆོས་གསུངས་པ་དང་། མཐར་བཅོམ་ལྡན་འདས་སྐུ་དངོས་ཀྱིས། འཁོར་དེ་ལ་ལེགས་སོ་བྱིན་ནས་མོས་མཐུན་གནང་བ་རྣམས་ཡིན། དཔེར་ན། ཤེར་སྙིང་ལ། གཟུགས་སྟོང་པའོ།། ཞེས་པ་ལ་སོགས་པ་ནི་སྤྱན་རས་གཟིགས་ཀྱི་གསུང་ཡིན་ཀྱང་། མདོ་དེའི་མགོར། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། ཞེས་དང་། དེ་ནས་སངས་རྒྱས་ཀྱི་མཐུས། ཞེས་པའི་ཚིག་འདིས། དྲི་བ་འགོད་མཁན་དེ་ཡང་སངས་རྒྱས་ཀྱི་མཐུ་ལ་བརྟེན་ནས་དྲི་བ་འགོད་པ་དང་། ལན་གསུངས་མཁན་གསུངས་མཁན་དེ་ཡང་སངས་རྒྱས་ཀྱི་མཐུ་ལ་བརྟེན་ནས་ལན་གསུངས་པར་མཚོན་ཡོད་པ་དང་། མཐར། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་།། ཞེས་སྤྱན་རས་གཟིགས་ཀྱིས་དེ་ལྟར་གསུངས་པ་དེ་ལ་ནོར་འཁྲུལ་མེད་པའི་མོས་མཐུན་གནང་བ་ལྟ་བུའོ།། དེ་ཡང་དཔེར་ན། རྒྱལ་པོའི་གཟིམ་དཔོན་གྱིས་བཀའ་རྒྱ་ཞིག་བྲིས་ནས། རྒྱལ་པོས་ཕྱག་རྟགས་གནང་ནས་བཏང་བ་ན། བཀའ་དེ་རྒྱལ་པོའི་བཀར་འགྱུར་བ་ལྟ་བུ་ཡིན།།


༈ ཡང་སྟོན་པའི་བཀའ་རྣམས་ཡིག་ཐོག་བཀོད་པའི་བྱུང་རིམ་གྱི་ཆ་ནས། སྔོན་ནས་བཀོད་པ་རྣམས་ཕལ་ཆེར་ཚིག་ལྷུག་ཏུ་ཡོད་པ་ཡིན་ན་ཡང་། ཕྱིས་སུ་བཀོད་པའི་མདོ་རྣམས་དང་། ལྷག་པར་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ཚིགས་བཅད་དུ་བསྒྲིགས་འདུག་པ་དེ་དག་ནི། སྟོན་པ་རང་གིས་ཚིག་ལྷུག་ཏུ་གསུངས་པ་ལ་བཀའ་བསྡུ་བ་པོས་ཚིགས་བཅད་དུ་བསྒྲིགས་པ་ལྟ་བུ་ཞིག་འདུག དེའང་རྩོམ་ལུས་ཚིགས་བཅད་ཡིན་པ་ལ། གོང་གི་གླེང་གཞི་མཚམས་སྦྱོར་ལ་སོགས་པའི་དོན་ཚན་དགུ་པོ་སྦྱར་བའི་ཚེ། དཔེར་ན། འཇམ་དཔལ་མཚན་བརྗོད་དུ།
གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ།།
ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ།།[3]
ཞེས་པ་ལྟ་བུ་ལ་མཚོན་ན།  ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། ཞེས་པའི་བར་སྟོན་པའི་བཀའ། བཅོམ་ལྡན་ཞེས་འབོད་ནས་དེ་ནི་ལེགས། ཞེས་པ་ཕྱག་རྡོར་གྱིས་ཞུས་པའི་ཚིག། ཞེས་གསོལ། ཞེས་པ་བཀའ་བསྡུ་བ་པོའི་ཚིག་ཡིན་པས། ཕྱག་རྡོར་གྱི་ཚིག་རྐང་ཕྱེད་དང་བསྡུ་བ་པོའི་ཚིག་རྐང་ཕྱེད་བསྡོམས་ནས་ཚིག་རྐང་གཅིག་ཏུ་སོང་བ་དང་། ཡང་གང་ཟག་གསུམ་གྱི་ཚིག་དུམ་བུ་གསུམ་བསྡོམས་ནས་ཚིགས་བཅད་གཅིག་གྲུབ་འདུག། ཡང་མདོ་སྡུད་པར།
སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་འབྱོར་ཞུས།།
ཡོན་ཏན་དཀའ་བ་རྣམས་ཀྱི་བར་དུ་གཅོད་གང་ལགས།།
སྟོན་པས་བཀའ་བསྩལ་བར་དུ་གཅོད་པར་འགྱུར་མང་སྟེ།།
དེ་ལས་རེ་ཞིག་ཅུང་ཟད་ཙམ་ཞིག་ཡོངས་སུ་བརྗོད།།[4]
ཞེས་པའི་ཚིག་རྐང་དང་པོ། སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་འབྱོར་ཞུས། ཞེས་པ་དང་། སྟོན་པས་བཀའ་བསྩལ། ཞེས་པ་དེ་བཀའ་བསྡུ་བ་པོའི་ཚིག། ཡོན་ཏན་དགའ་བ་རྣམས་ཀྱི་བར་དུ་གཅོད་གང་ལགས།། ཞེས་པ་འདྲི་བའི་ཚིག། བར་དུ་གཅོད་པ་འགྱུར་མང་སྟེ། །དེ་ལས་རེ་ཞིག་ཅུང་ཟད་ཙམ་ཞིག་ཡོངས་སུ་བརྗོད།། ཅེས་པ་སྟོན་པའི་གསུང་ཡིན་པས་གང་ཟག་གསུམ་གྱི་ཚིག་ཡོངས་རྫོགས་བསྡོམས་ནས་ཚིགས་བཅད་གཅིག་ཏུ་གྲུབ་པ་དེ་འདྲའང་འདུག། དེས་ན་ལེགས་སྦྱར་གྱི་ཚིགས་བཅད་ཀྱི་ལྕི་ཡང་སྲང་ལ་མཇལ་ནས་སྒྲིག་དགོས་པ་ལྟ་བུ་དེ་དག མི་གཉིས་ཀྱི་ཚིག་དུམ་བུ་གཉིས་བསྡོམས་ནས་ཚིག་རྐང་གཅིག་བྱུང་བ་དང་། ཡང་གང་ཟག་སོ་སོའི་ཚིག་རྐང་སོ་སོ་བསྡོམས་ནས་ཚིགས་བཅད་གཅིག་བྱུང་བ་དེ་དག་ཕྱིས་སུ་བཀའ་བསྡུ་བ་པོས་ཚིགས་བཅད་དུ་བསྒྲིགས་པ་ཡིན་གྱི། དང་པོ་ནས་ཚིགས་བཅད་དུ་གསུངས་པ་མིན་པར་ཤེས་དགོས་སོ།།


བཀའི་ཚིག་འགྲོས་ཀྱི་སྐོར།
༈ ང་ཚོའི་བསམ་ངོ་ལ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་ཚེ། ལེགས་སྦྱར་གྱི་སྐད་དུ་གསུངས་ཡོད་སྙམ་དུ་བསམ་ན་ཡང་། སྟོན་པས་རྒྱ་གར་ཡུལ་ལྗོངས་ཐ་དག་ལ་བསྐོར་ནས་ཆོས་གསུངས་པ་ཡིན་ཕྱིར། ལེགས་སྦྱར་གྱི་སྐད་གཅིག་པུས་གསུངས་ན་ཡུལ་མི་མང་པོས་མི་གོ་བའི་དཀའ་ངལ་བྱུང་སྲིད། དེས་ན།
ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲོལ་བུམ་དག་དང་མི་ཡི་སྐད་རྣམས་དང་།།
འགྲོ་བ་ཀུན་གྱི་སྒྲ་རྣམ་ཇི་ཙམ་པ། །ཐམས་བཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།།
ཞེས་གསུངས་པ་ལྟར་སྐད་རིགས་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་ཆོས་བསྟན་ཡོད། ཡིན་ན་ཡང་ད་ལྟ་སྐད་རིགས་གང་ཞིག་ཏུ་སྟོན་པའི་གསུངས་རྩོམ་བཞུགས་ཡོད་པའི་རྒྱ་གར་གྱི་སྐད་རིགས་ནི། ལེགས་སྦྱར་དང་པཱ་ལི་གཉིས་ཡིན། སྐད་རིགས་འདི་གཉིས་ཀྱི་ནང་དུ་ཚིག་ལྷུག་ལ་རྣམ་པ་མི་འདྲ་བ་མེད་ཀྱང་། ཚིགས་བཅད་ལ་ཚེག་བར་མང་ཉུང་དང་། ཚེག་བར་དེ་དག་གི་ལྕི་ཡང་སྒྲིག་ཚུལ་དང་། བར་གྱི་ངལ་གསོའི་བཅད་མཚམས་མི་འདྲ་བའི་སྡེབ་སྦྱོར་སྣ་ཚོགས་ཡོད། སྡེབ་སྦྱོར་དེ་དག་རྣམས་ཀྱི་ནང་ནས་ལས་སླ་ཤོས་དང་གོ་བདེ་ཤོས་ཁྱབ་ཆེ་ཤོས་ནི་ཚེག་བར་བརྒྱད་མ་རྗེས་བསྔགས་ཀྱི་སྡེབ་སྦྱོར་དང་། ཚེག་བར་བཅུ་གཅིག་མ་དབང་པོའི་རྡོ་རྗེ་གཉིས་པོ་ཡིན་པས། བཀའི་ཚིགས་བཅད་རྣམས་ཀྱང་ཕལ་ཆེར་སྡེབ་སྦྱོར་དེ་གཉིས་སུ་བཞུགས་ཡོད་པ་འདྲ། སྡེབ་སྦྱོར་དེ་དག་བོད་སྐད་དུ་བསྒྱུར་ཚེ། ཚིག་གི་ཉམས་འགྱུར་གང་དང་གང་ཡོད་པ་དེ་དག་ཇི་མ་ཇི་བཞིན་འོང་བའི་ཐབས་རྩ་བ་ནས་མེད། དེས་ན་ཚེག་བར་མང་ཉུང་གི་གྲངས་ཙམ་ཞིག་གཙོ་བོར་གཟུང་ནས། ཚེག་བར་བརྒྱད་མ་རྣམས་བོད་སྐད་ཀྱི་ཚེག་བར་བདུན་མ་དང་། ཚེག་བར་བཅུ་གཅིག་མ་ནི་དགུ་མར་བསྒྱུར་བའི་དབང་གིས། བཀའི་ཚིགས་བཅད་རྣམས་ཀྱང་ཕལ་ཆེར་ཚིགས་བཅད་འདི་གཉིས་ཀྱི་ནང་དུ་བཞུགས་ཡོད།།
དེས་ན་སྟོན་པའི་བཀའ་ཆོས་ཚིག་ལྷུག་ཏུ་ཡོད་པ་དེ་དག་ལ་ཉམས་འགྱུར་ལོགས་སུ་མེད་པས་
སྐབས་འདིར་བཀའ་ཆོས་གང་དུ་བཞུགས་པའི་ཚིགས་བཅད་རྣམ་པ་གཉིས་ཀྱི་དཔེར་མཚོན་
མདོར་ཙམ་ཞིག་ཞུ་རྒྱུ་ཡིན།
དེ་ཡང་ཚེག་བར་བདུན་མ་ཚིག་འབྲུ་ཆ་གསུམ་གྱི་རྗེས་སུ་ཡ་གཅིག་ཡོད་པ། ཆོས་ཀྱི་ཚིགས་སུ་བཅད་པ་ལས།
དམན་པའི་ཆོས་ནི་བསྟེན་མི་བྱ། །བག་མེད་པར་ནི་གནས་མི་བྱ།།
ལོག་པའི་ལྟ་བ་བསྟེན་མི་བྱ། །འཇིག་རྟེན་འཕེལ་བར་མི་འགྱུར་བྱ།།[5]
ཞེས་པ་ལྟ་བུ་དང་། ཡང་དེ་ཉིད་ལས།
སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན།།[6]
ཞེས་དང་། དུས་འཁོར་རྩ་བའི་རྒྱུད་ལས།
ལོ་འདི་ནས་ནི་དྲུག་བརྒྱའི་ལོས། དྲང་སྲོང་རྣམས་ནི་སྨིན་དོན་དུ།།
འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་།།[7]
ཞེས་སོགས་ལྟ་བུ་དང་། 
ཚེག་བར་དགུ་མ་ཆ་བཞིའི་རྗེས་སུ་ཡ་གཅིག་ཡོད་པ། ཆོས་ཀྱི་ཚིགས་སུ་བཅད་པ་ལས།
ཡང་དག་བསྡུས་པ་མང་པོ་འདོན་བྱེད་ཀྱང་། །དེ་དག་ལས་སུ་མི་བྱེད་བག་མེད་མི།།
ཕྱུག་རྫིས་གཞན་གྱི་བ་ལང་བགྲང་བ་བཞིན། །དགེ་སྦྱོང་དག་གི་གྲངས་སུ་མི་འགྱུར་རོ།།[8]
ཞེས་བྱ་བ་ལ་སོགས་ལྟ་བུའོ།།


        ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོགས།།
རྩོམ་ལུས་འདི་འདྲ་ཞིག་ནང་བསྡུས་ཡོད་ཅེས།།
སྙིང་ཁམས་ཆེན་པོ་ཞིག་གིས་བཤད་པའི་ཚེ།།
མགོ་ལུས་ཡོངས་ཀྱི་བ་སྤུ་གནམ་དུ་གཟིངས།།
འོན་ཀྱང་ཕྲལ་དུ་དགོས་པའི་དུས་ཤར་ཚེ།།
དེ་ཙམ་མ་བཤད་བདག་ཀྱང་ཐབས་མི་འདུག།
ཞིབ་པར་ཕྱི་ནས་ཞུ་རྒྱུ་ཡིན་ནོ་ཞེས།།
སེམས་ཀྱི་དམ་བཅའ་རྡོ་ལ་རིས་མོར་བཀོད།།







བསྟན་བཅོས་ཀྱི་རྩོམ་ལུས།
༈ བསྟན་བཅོས་ནི་རྣམ་བཤད་རིག་པ་ལས།
དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ།།
ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོངས། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད།།
ཅེས་གསུངས་པ་ལྟར། བྱ་རོག་ལ་སོ་ཡོད་མེད་བརྟག་པའི་བསྟན་བཅོས་ལྟ་བུ་དོན་མེད་ཀྱི་བསྟན་བཅོས། མ་བག་མར་ལེན་པའི་བསྟན་བཅོས་ལྟ་བུ་དོན་ལོག་པའི་བསྟན་བཅོས་དང་། འདུལ་བའི་བསྟན་བཅོས་ལྟ་བུ་དོན་དང་ལྡན་པའི་བསྟན་བཅོས་གསུམ། སྒྲ་དང་སྙན་ངག་ལ་སོགས་པ་ཐོས་པ་ལྷུར་ལེན་གྱི་བསྟན་བཅོས། རྟོག་གེའི་ཚིག་དོན་ལྟ་བུ་རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་དང་། མདོ་སྡེའི་གཞུང་ལྟ་བུ་བསྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་གསུམ། དྲང་སྲོང་མ་ནུའི་བསྟན་བཅོས་ལྟ་བུ་བསམ་པ་ངན་པ་དང་གཡོ་སྒྱུས་བྱས་པའི་བསྟན་བཅོས། དམག་གི་བསྟན་བཅོས་དང་མཆོད་སྦྱིན་གྱི་བསྟན་བཅོས་ལྟ་བུ་བརྩེ་བ་སྙིང་རྗེ་དང་བྲལ་བའི་བསྟན་བཅོས་དང་། མངོན་པའི་བསྟན་བཅོས་ལྟ་བུ་སྡུག་བསྔལ་སྤོང་བའི་བསྟན་བཅོས་དང་དགུ་ལས། ནང་པའི་བསྟན་བཅོས་ནི་བསྟན་བཅོས་དྲུག་དང་བྲལ་བའི། དོན་ལྡན། བསྒྲུབ་པ་ལྷུར་ལེན། སྡུག་བསྔལ་སྤོང་བའི་བསྟན་བཅོས་ཡིན་པས་ཉམས་སུ་བླང་བྱའི་བསྟན་བཅོས་ནི་དེ་གསུམ་ཡིན་པར་བསྟན།།

        ནང་པའི་བསྟན་བཅོས་དེ་ལའང་རྒྱ་གར་གྱི་བསྟན་བཅོས་དང་བོད་ཀྱི་བསྟན་བཅོས་གཉིས། དེ་གཉིས་ཀྱི་མི་འདྲ་བའི་ཁྱད་ཆོས་གཙོ་བོ་དེ་ས་བཅད་ཡོད་མེད་དེ་ཡིན། རྒྱ་གར་བསྟན་བཅོས་ལ་ས་བཅད་བཀོད་སྲོལ་མེད་ལ། དོན་ཚན་གང་འདྲ་ཞིག་ཡིན་ན་ཡང་འདི་ཉིད་ཐད་ཀར་དུ་བཤད་པ། དཔེར་ན། ད་ནི་སྣོད་ཀྱི་འཇིག་རྟེན་བཤད་པར་བྱ་སྟེ། ཞེས་པ་ལྟ་བུ་ཡིན། ཡིན་ན་ཡང་རྒྱ་གར་གྱི་བསྟན་བཅོས་ཁ་ཤས་ལ་ནང་དོན་དོན་ཚན་ཇི་ཙམ་ཞིག་ཡོད་པ་དེ་དག་གཞུང་དངོས་གཞི་འགོ་མ་ཚུགས་པའི་སྔོན་དུ་བསྡུས་དོན་བསྡོམ་གྱི་ཚུལ་དུ་བཀོད་སྲོལ་ཡོད། དེའང་དཔེར་ན་མངོན་རྟོགས་རྒྱན་ལ་བསྡུས་དོན་དངོས་པོ་བརྒྱད་དང་ནང་གསེས་དོན་ཚན་བདུན་བཅུ་ཐམ་པ་བཤད་པ་དང་། དུས་འཁོར་འགྲེལ་ཆེན་དུ་ལེའུ་ལྔ་པོ་མདོར་བསྟན་གྱི་སྒོ་ནས་བཤད་པ་ལྟ་བུ་ཡིན། བོད་ཀྱི་བསྟན་བཅོས་ཡིན་ན་གཞུང་དོན་ས་བཅད་ཀྱི་སྒོ་ནས་བཤད་པ་ཡིན་ཏེ། དཔེར་ན། མངོན་པ་མཛོད་ཀྱི་གཞུང་དོན་དངོས་བཤད་པ་ལ། ཟག་བཅས་ཟག་མེད་སྤྱིར་བཤད་པ། སྡུག་བསྔལ་བདེན་པ་བཤད་པ། ཀུན་འབྱུང་བཤད་པ། འགོག་པ་བཤད་པ། ལམ་བཤད་པ་དང་ལྔ། དང་པོ་ལ། ཕུང་ཁམས་སྐྱེ་མཆེད་སྤྱིར་བཤད་པ་དང་། དབང་པོ་ཉེར་གཉིས་བཤད་པ། ལྡན་མིན་འདུ་བྱེད་བཤད་པ། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པའོ།། ཞེས་སོགས་དོན་ཚན་ཇི་ཙམ་ཡོད་པ་སྔོན་ནས་བགོ་བཀྲམ་མཛད་ནས་བཤད་པ་ལྟ་བུ་ཡིན།།

        རྒྱ་བོད་ཀྱི་བསྟན་བཅོས་གང་འདྲ་ཞིག་ཡིན་ན་ཡང་། དེ་དག་སྤྱི་ལ་ཁྱབ་པའི་ཁྲིམས་ནི། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་གསུམ་དུ་བསྟན་བཅོས་ཀྱི་རྩོམ་ལུས་ཐ་དག་བསྡུ་བ་ཡིན།
ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། ངོས་འཛིན་སླ་བའི་ཆེད་དུ་མཚན་དོན། རྐྱེན་བར་ཆད་སེལ་བའི་ཆེད་དུ་མཆོད་བརྗོད། རྩོམ་པའི་ལས་འགན་ལྷོད་ཡངས་སུ་མི་ཤོར་བའི་ཆེད་དུ་རྩོམ་པར་དམ་བཅའི་ཁས་ལེན་བཅས་གསུམ་ནི་བསྟན་བཅོས་ཀུན་ལ་ཡོད། དེ་ནས་བསྟན་བཅོས་ཁ་ཤས་ལ་དགོས་པ་དང་འབྲེལ་བའི་ངག་དང་། ཡང་འགའ་ཞིག་ལ་ཁེངས་པ་སྐྱུངས་ནས་རང་ཉིད་དམན་ས་བཟུང་བའི་ཚིག་ཀྱང་འགོད་སྲོལ་ཡོད།།

དེ་ནས་བར་དུ་དགེ་བ་གཞུང་གི་དོན་ལ། བརྗོད་དོན་མི་འདྲ་བའི་སྡེ་ཚན་སོ་སོ་ལ་ལེའུ་སོ་སོར་ཕྱེ་བ་ཡིན་ལ། འོན་ཀྱང་ལེའུའི་མིང་བཏགས་ཚུལ་མི་འདྲ་བ་ཡོད། དཔེར་ན། མཛོད་ལྟ་བུ་ལ་གནས་དང་པོ་དང་གཉིས་པ་སོགས་གནས་ཀྱི་མིང་དང་། ཤེར་ཕྱིན་ལ། སྐབས་དང་པོ་སོགས་སྐབས་ཀྱི་མིང་། དབུ་མ་འཇུག་པ་ལ་སེམས་བསྐྱེད་ཀྱི་མིང་། དབུ་མ་རྩ་བ་ཤེས་རབ་ལྟ་བུ་ལ་རབ་བྱེད་སོགས་མི་འདྲ་བ་ཡོད་ཀྱང་དོན་དུ་སྡེ་ཚན་གཅིག་གི་མིང་ཡིན།།
མཐའ་མར་དགེ་བ་མཇུག་གི་དོན་ལ། རྒྱ་གར་གྱི་བསྟན་བཅོས་ཡིན་ན། བསྟན་བཅོས་ཀྱི་མཚན་དང་མཛད་པ་པོའི་མཚན་ཙམ་ཞིག་བསྟན་པ་ཡིན། དཔེར་ན། དབུ་མ་རྩ་བའི་ཚིག་ལེའུར་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ཞེས་པ་ལྟ་བུ་དང་། བསྟན་བཅོས་འདི་དག་བོད་བསྒྱུར་བྱེད་པའི་ཚེ། ལོ་ཙཱ་བ་དེས་རྒྱ་གར་གྱི་སློབ་དཔོན་གཅིག་ལས་ཞུས་དགོས་པས། རྒྱ་གར་སློབ་དཔོན་གྱི་མཚན་དང་། ལོ་ཙཱ་བའི་མཚན་བཅས་འོང་། ད་དུང་ཐེངས་གཉིས་དང་གསུམ་ལ་སོགས་པ་བསྒྱུར་ཡོད་ན་ཐེངས་རིམ་པ་བཞིན་གྱི་རྒྱ་གར་སློབ་དཔོན་གྱི་མཚན་དང་ལོ་ཙཱ་བའི་མཚན་བཅས་འོང་། དེའང་དཔེར་ན། རྒྱ་གར་གྱི་མཁན་པོ་བི་དྱ་ཀ་ར་པྲ་བྷ་དང་ཞུ་ཆེན་གྱི་ལོ་ཙ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང་། ལོ་ཙ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ།།[9]  ཞེས་པ་ལྟ་བུ་ཡིན།།

བོད་ཀྱི་བསྟན་བཅོས་ཡིན་ན། གཞུང་རྫོགས་པའི་དེ་མ་ཐག་ཏུ་དང་༡སྨོན་ཚིག ༢དེ་ནས་བསྟན་བཅོས་ཀྱི་མཚན། ༣རྩོམ་པར་སྐུལ་མཁན། ༤རྩོམ་པ་པོ་རང་གི་གི་མཚན། ༥དུས་ཚོད། ༦རྩོམ་པའི་ས་གནས། ༨ཡི་གེ་པ་བཅས་དེང་སངས་དཔེ་དེབ་ཀྱི་མདུན་དུ་འབྲི་བ་རྣམས་སྔ་མའི་ལུགས་སྲོལ་ལྟར་ན་བསྟན་བཅོས་ཀྱི་མཇུག་ཏུ་འབྲི་བ་ཡིན་ནོ།།

༈ ཡང་བསྟན་བཅོས་ལ་ནང་དོན་སྟོན་ཚུལ་གྱི་ཆ་ནས་དབྱེ་ན། བཀའི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་དང། དགོངས་འགྲེལ་མིན་པའི་རང་རྩོམ་གྱི་བསྟན་བཅོས། དང་པོ་དགོངས་འགྲེལ་གྱི་བསྟན་བཅོས་ཡིན་ན་དོན་ཚན་ལྔ་ཚང་དགོས། དེ་ཡང་རྣམ་བཤད་རིག་པ་ལས།
མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ།།
དགོས་པ་བསྡུས་པའི་དོན་ཅན་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས།།
བརྒལ་ལན་བཅས་ཏེ་བསྙད་པར་བྱ།།
ཞེས་གསུངས་པ་ལྟར། དགོས་དོན། བསྡུས་དོན། ཚིག་དོན། མཚམས་སྦྱར། བརྒལ་ལན་བཅས་ཏེ་རྣམ་པ་ལྔའི་སྒོ་ནས་བཤད་སྲོལ་མངོན་རྟོགས་རྒྱན་དུ་བྱུང་བ་ལྟ་བུ་དང་། གཞན་གྱི་དགོངས་འགྲེལ་མིན་པའི་རང་རྩོམ་ཡིན་ན། མདོར་བསྟན་རྒྱས་བཤད་ཀྱི་དོན་ཚན་རྣམ་པ་གཉིས་ཀྱི་སྒོ་ནས་འཆད་པ་ཡིན། དེ་ལ་གཞུང་སྤྱིའི་མདོར་བསྟན་རྒྱས་བཤད་དང་། ནང་གསེས་ལེའུ་སོ་སོ་དང་། སྒོས་སུ་ས་བཅད་དོན་ཚན་རེ་རེ་ལའང་མདོར་བསྟན་རྒྱས་བཤད་སྦྱར་སྲོལ་ཡོད།།

བསྟན་བཅོས་ཀྱི་ཚིག་འགྲོས་དངོས།
༈ རྒྱ་གར་བསྟན་བཅོས་ཀྱི་ཚིག་འགྲོས་ཀྱི་དབང་དུ་བྱས་ན། འགྲེལ་པ་རྣམས་ཚིག་ལྷུག་ཏུ་འོང་བ་དང་། རྩ་བ་རྣམས་ལས་ལེགས་སྦྱར་སྒྲ་མདོ་ལ་སོགས་པ་འགའ་ཞིག་མ་གཏོགས་པའི་རྩ་བ་གཞན་ཕལ་ཆེར་ཚིགས་བཅད་ཀྱི་ནང་དུ་ཡོད། དེ་ཡང་གོང་དུ་བཀའི་སྐབས་སུ་ཞུས་པ་ལྟར་ལེགས་སྦྱར་གྱི་སྡེབ་སྦྱོར་ཡིག་འབྲུ་བརྒྱད་མ་དང་བཅུ་གཅིག་མ་གཉིས་པོ་སྟབས་བདེ་ཤོས་ཡིན་པའི་དབང་གིས། བསྟན་བཅོས་ཀྱང་ཕལ་ཆེར་ཚིགས་བཅད་འདི་གཉིས་སུ་ཡོད་པ་དང་། འདི་གཉིས་བོད་བསྒྱུར་བྱེད་པའི་ཚེ་ཚེག་བར་བདུན་མ་དང་དགུ་གཉིས་སུ་འོང་བ་འདི་ལྟར། དེ་ཡང་ཚེག་བར་བདུན་དུ་ཡོད་པ། མངོན་རྟོགས་རྒྱན་དུ།
རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ།།
བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་རྫོགས།།[10]
ཞེས་པ་ལྟ་བུ་དང་། ཚེག་བར་དགུ་མ་ནི། དེ་ཉིད་ལས།
ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས།།
ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་པ་དང་།།
ཕྱག་ནི་ཞབས་བཅས་ཇམ་ཞིང་ཞོན་ཤ་ཆགས།།
འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང།།
ཞེས་སོགས་ལྟ་བུའོ།། འོན་ཀྱང་རྒྱ་གར་གྱི་ཡིག་འབྲུ་བརྒྱད་མ་དེ་ཉིད་བོད་སྐད་དུའང་བརྒྱད་དུ་བསྒྱུར་བ་ཡོད་དེ། དཔེར་ན།
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་འཁྲུངས་མ།།
ཞེས་བྱ་བ་ལྟ་བུའོ།།
ཚེག་བར་བདུན་མ་དང་དགུ་མ་འདི་གཉིས་མིན་པའི་ཚིགས་བཅད་གཞན་དང་གཞན་ཡོད་པ་ཡིན་ན་ཡང་། གོང་དུ་བཀའི་ཚིག་འགྲོས་ཀྱི་སྐབས་སུ་ཞུས་པ་ལྟར། བོད་སྐད་དུ་བསྒྱུར་བའི་ཚེ་རྒྱ་སྐད་ཀྱི་སྡེབ་སྦྱོར་དང་ཚིག་གི་ངལ་གསོའི་གཅོད་མཚམས་ཞིག་ནས་ཚིག་འབྲུ་གྲངས་མཉམ་ཙམ་ཞིག་མ་གཏོགས་གཅོད་མཚམས་མི་འདྲ་བའི་དབྱེ་བ་གཏན་ནས་མེད། དེས་ན་དེ་དག་བོད་སྐད་དུ་བསྒྱུར་ཚེ། ཚིག་འབྲུ་ཇི་ཙམ་ཡོད་པ་ཐམས་ཅད་ཆ་གཅིག་ཏུ་བཟོས་ནས། མཐར་མར་ཡ་གཅིག་ཡོད་པ་རྐྱང་རྐྱང་ཡིན་ཏེ།  དཔེར་ན། རྒྱུད་བླ་མར།
གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས།།
སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ།།
ཞེས་པ་ལྟ་བུ་ཚེག་བར་བཅོ་ལྔ་ཅན་དང་། དུས་འཁོར་བསྡུས་རྒྱུད་དུ།
ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉོན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན།།
སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པ་ལྷ་མཆོག་རྣམས་ཀྱིས་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས།།[11]
ཞེས་སོགས་ཚེག་བར་ཉེར་གཅིག་ཅན་ལ་སོགས་པ་ཐམས་ཅད་གཅོད་མཚམས་ཀྱི་དབྱེ་བ་མེད་པ་དང་། མཐར་ཚིག་འབྲུ་ཡ་གཅིག་འབྱུང་བ་ལྟ་བུའོ།།


བོད་ཀྱི་བསྟན་བཅོས་ཀྱི་ཚིག་འགྲོས།
༈ བོད་ཀྱི་བསྟན་བཅོས་ཀྱི་ཚིག་འགྲོས་ནི། རྒྱ་གར་བསྟན་བཅོས་ཀྱི་ཤན་ཞུགས་པའི་དབང་གིས་ཚིག་འབྲུ་བདུན་མ་དང་དགུ་མ་ལ་སོགས་པ་གང་འདྲ་ཞིག་ཡིན་རུང་ཚིག་འབྲུ་ཡོད་ཚད་ཆ་རེས་བྱས་ནས་ཡོད་པའི་མཐའ་མར་ཡ་གཅིག་ཡོད་པ་རྐྱང་རྐྱང་ཡིན། དཔེར་ན། གྲུབ་ཆེན་གླིང་རས་པའི་བླ་མ་མཆོད་པ་ལས།

ནམ་མཁའ་ཉི་ཟླ་གཟའ་འཇའ་ཚོན་དང་། །མཛེས་པའི་སྤྲིན་དང་ཁུག་སྣ་ལ་སོགས་པས།
རབ་ཏུ་བརྒྱན་ཅིང་ཡིད་རབ་དྭངས་གྱུར་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི།།
རི་བོ་མཆོག་དང་དེ་བཞིན་རི་ཕྲན་དང་། །གངས་རི་སྨན་རི་རིན་ཆེན་རི་བོ་སོགས།།
དགོས་འདོད་བྱུང་བའི་རི་ཆེན་ཇི་སྙེད་ཀུན། །།སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི།།
ཞེས་པ་ལྟ་བུའོ།།


བོད་ཀྱི་བསྟན་བཅོས་ལ་བརྗོད་བྱ་སྟོན་ཚུལ་གྱི་ཆ་ནས་མི་འདྲ་བའི་ཚུལ།
༈ བོད་ཀྱི་བསྟན་བཅོས་ཀྱི་ཚིག་གིས་བརྗོད་བྱ་སྟོན་ཚུལ་ལ། གཞུང་དང་རིག་གནས་ལ་སོགས་པ་ཡིན་ན་བརྗོད་དོན་གང་ཡིན་གསལ་པོར་བརྗོད་ནས་དོན་སྟོན་པ་ཡིན་ཀྱང་། རྩིས་ཀྱི་བསྟན་བཅོས་དང་། ལེགས་བཤད་བསླབ་བྱ་རྣམས་ལ་གཞན་དང་མི་འདྲ་བའི་ཁྱད་པར་ཡོད། དེ་ཡང་སྐར་རྩིས་རིག་པའི་གཞུང་རྣམས་གྲངས་ཀྱི་མངོན་བརྗོད་ཀྱིས་བཅིངས་པས་མངོན་བརྗོད་དེ་མ་ཤེས་ན་གཞུང་དོན་གོ་བའི་ཐབས་མེད། མངོན་བརྗོད་དེའི་ཐོག་ནས་བྲིས་པའི་དོན་ཚན་སྤྱིར་སྟངས་ཞིག་ཡིན་ནའང་གོ་དཀའ་བ་འགྱུར་ཏེ། དཔེར་ན།

ཝཱ་རཱ་ཎ་སིར་བདེན་པ་ཆུ་བོའི་གཏེར། །བྱ་རྒོད་ཕུང་པོར་ཕར་ཕྱིན་བྲོ་བ་དང།།
མ་ངེས་གནས་སུ་གསང་སྔགས་རིག་བྱེད་དེ། །ཐུབ་པས་ཆོས་ཀྱི་འཁོར་ལོ་མེ་རུ་བསྐོར།།
བདེན་པ་བཞི། ཕར་ཕྱིན་དྲུག གསང་སྔགས་སྡེ་བཞི་སྟེ་མདོར་ན་ཐུབ་པས་ཆོས་འཁོར་རྣམ་པ་གསུམ་བསྐོར་རོ་ཞེས་པའི་དོན་དེ་མངོན་བརྗོད་མ་ཤེས་ན་ལས་སླ་པོ་རང་མི་འདུག།
དེ་བཞིན་དབྱངས་འཆར་འབྲས་རྩིས་ཀྱི་རིགས་རྣམས་བསྡུས་བརྗོད་ཀྱི་རྒྱན་གྱིས་བཅིངས་ཏེ་ཡོད་པས་བསྡུས་བརྗོད་རྒྱན་གྱི་གོ་བ་ཞིག་མེད་ན་དེ་ཡང་གོ་ཐུབ་ངེས་མ་རེད། དཔེར་ན། དུས་སྦྱོར་འབྲས་བུའི་སྐབས་སུ།

དང་པོའི་སྟེང་དུ་ཉི་མ་ཤར། །ལྷོ་ཙན་དན་ནགས་ཀྱི་དཀྱིལ་རུམ་དུ།།
མོན་ཆུ་ཤིང་སྡོང་པོ་གཞུང་ནས་སྐམ། །གློ་བུར་ཡེ་འདྲོག་འབྱུང་ཉེན་ཡོད།།
ཏཏྐལ་སྟེང་དུ་ཟླ་བ་ཤར། །དབུས་ཀྱི་གྭ་འུ་གསེར་ལྗོངས་ལ།།
ཁྲི་གདུགས་ཉི་མའི་འོད་དང་ལྡན། །ཟས་གོས་སྟན་དང་ལོངས་སྤྱོད་རྙེད།།
ཞེས་སོགས་བརྗོད་དོན་ཟུར་ནས་འཚོལ་དགོས་པ་དེ་འདྲའང་འདུག་གོ།

༈ དེ་བཞིན་དུ་ས་སྐྱ་ལེགས་བཤད་དང་། ཆུ་ཤིང་བསྟན་བཅོས་ལ་སོགས་པ་བསླབ་བྱ་སྙིང་གཏམ་གྱི་རིགས་རྣམས་ལ་དཔེ་དོན་སྒྲགས་ནས་བརྗོད་དོན་སྟོན་ཚུལ་ལོགས་པ་ཞིག་འདུག
དེ་ཡང་ཚིགས་བཅད་གཅིག་གི་ཚིག་རྐང་བཞི་ལས། ཚིག་རྐང་གོང་མ་གཉིས་ནང་དཔེ་དང་། འོག་མ་གཉིས་ནང་དོན་དེ་བཀོད་པ་དཔེར་ན། ཤིང་གི་བསྟན་བཅོས་ལས།

ཚེར་མ་ཅན་དང་དུག་ཤིང་གིས། །མི་དགོས་བཞིན་དུ་ས་འདི་གང་།།
མི་ཁོམ་ངན་སོང་སྐྱེ་བ་ནི། །ས་ཡི་རྡུལ་བཞིན་གྲངས་ལས་འདས།།
ཙན་དན་ས་མཆོག་ལྗོན་པ་དེ། །འཇིག་རྟེན་འདི་ནང་སྲིད་པ་ཙམ།།
དལ་འབྱོར་ཚང་བའི་རྟེན་བཟང་ཡང་། །བརྒྱ་ལས་ཐོབ་པ་མ་བཀག་ཙམ།།[12]
ཞེས་སོགས་དང་། ཡང་ཚིག་རྐང་གོང་མ་གཉིས་ནང་དོན་དང་འོག་མ་གཉིས་ནང་དཔེ་བཀོད་པ་དེ་ཡང་ཆུའི་བསྟན་བཅོས་ལས།

གཟུར་གནས་རིག་པ་ལྡན་པ་དེས། །གཞན་གྱི་ཡོན་ཏན་ལེན་པར་བྱེད།།
སྤང་ལྗོངས་གཙང་མའི་དལ་འགྲོ་མ། །ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ།།

ངན་པས་ས་ཕྱོགས་བསྐོར་ན་ཡང་། །སྐྱོན་གྱི་རིགས་རྣམས་སྡུད་པར་བྱེད།།
ངམ་གྲོགས་རལ་པ་ཅན་གྱི་ཆུས། །འདམ་གྱི་སྙིགས་མ་འདྲེན་དང་མཚུངས།།[13]
ཞེས་སོགས་ཀྱི་སྐབས་སུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡོད་ན་གོ་བདེ་བ་དང་། སྒྲ་མེད་ཀྱང་ཚིག་རྐང་གཉིས་ནང་དོན་དང་། ཚིག་རྐང་གཉིས་ནང་དཔེ་དེ་བཀོད་ཡོད་ན་ཤུགས་ཀྱིས་གོ་ནུས་པ་ཡིན་ནོ།།











མགུར་མའི་ཚིག་འགྲོས།
༈ གྲུབ་ཐོབ་རྣམས་ཀྱི་ཉམས་རྟོགས་ཀྱི་གླུ་དེ་ལ་བོད་སྐད་དུ་མགུར་མ་དང་། རྒྱ་གར་སྐད་དུ་དོ་ཧཱ་ཞེས་བྱ་བ་ཡིན། དེ་ལྟ་བུའི་དོ་ཧཱའམ་མགུར་མ་རྣམས་ནི་ཚིག་ཚོགས་ཉུང་ལ་དོན་གསལ་བ། རྣ་བར་སྙན་ཞིང་གོ་བདེ་བ་སོགས་ཀྱི་ཁེ་ཕན་ཆེན་པོ་ཡོད། སྤྱིར་སྟངས་མགུར་མའི་ཚིག་འགྲོས་ནི་བསྟན་བཅོས་ཀྱི་ཚིག་འགྲོས་དང་ཁྱད་པར་མེད། འོན་ཀྱང་མགུར་མ་འགའ་ཞིག་ལ་བརྡ་དག་རིག་པ་དང་མི་མཐུན་ཞིང་། རྐང་པ་དོ་མཉམ་མེད་པའི་ཚིགས་བཅད་སྣ་ཚོགས་ཡོང་གི་ཡོད། དེ་ལྟར་འོང་བའི་རྒྱུ་མཚན་ནི། གྲུབ་ཐོབ་ཕལ་ཆེར་བརྡ་དག་རིག་པ་ལ་སྦྱངས་པ་ཆུང་བའི་དབང་གིས་ཡིན་པ་དང་། རྒྱུ་མཚན་གཙོ་བོ་ནི། མགུར་མ་དེ་དག་ཚིག་འབྲུ་དོ་མཉམ་མེད་ཀྱང་། ངག་ནས་གླུར་བླངས་པའི་ཚེ། ངག་ནས་སྒྲ་མདངས་དོ་མཉམ་བཟོས་ནས་འོང་བའི་རྒྱུ་མཚན་གྱིས་བརྡ་དག་དང་མི་མཐུན་ནའང་སྐྱོན་མེད་པ་མ་ཚད་གོ་བདེ་བའི་ཁྱད་པར་ཡོད་པ་ལ་བརྟེན་ནས་ཡིན།
དེའང་དཔེར་མཚོན་ཙམ་ཞུ་ན། ས་ར་ཧ་པའི་དོ་ཧ་མཛོད་ལས།
གངྒཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་ཀྱང་། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར།།
བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན།།ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས།།[14]
ཞེས་པ་ལྟ་བུ་དང་།  གྲུབ་ཆེན་ཏིལློ་པས།
སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །སྐྱེ་བ་མེད་པར་མ་རྟོགས་པར།།
ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲ་བར་མ་བྱེད་ནཱ་རོ་པ།།[15]
ཞེས་དང། གྲུབ་ཆེན་ནཱ་རོ་པས།
རྗེ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །བོད་ཡུལ་གྱི་མར་པ་ལོ་ཙཱ་ཁྱོད།།
དལ་འབྱོར་ལུས་ཀྱི་ཕུང་པོའི་ཡིད། །དབྱར་སྐྱོ་ཚེ་ན་འདི་སྐད་ལོ།།
སེམས་ཀྱི་གནས་ཐབས་ལྟ་བའི་གདེང། །ལུས་ཀྱི་གནས་ཐབས་སྒོམ་པའི་གདེང་།།
ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི།།
འོག་ན་ཨ་ཤད་ཅནྜ་ལི། །སྟེང་ན་ཧྃ་ཡིག་རྣམ་པ་ཅན།།
སྟེང་འོག་རླུང་གི་འཁོར་ལོའི་དབྱིབས། །སྲོག་རྩོལ་བུམ་ཅན་ཉམས་ལེན་གྱིས།།
བར་ན་བདེ་སྟོང་གསལ་བའི་ཉམས། །མིང་ཡང་གཏུམ་མོའི་གདམས་པ་ཟེར།།
རླུང་གནད་དུ་ཚུད་དམ་ལོ་ཙཱ་བ།།[16]
ཞེས་དང་། རྗེ་མར་པའི་ཀ་ཆེན་བཞིའི་མགུར་མ།
རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །པཎ་ཆེན་ནཱ་རོའི་ཞབས་ལ་འདུད།།
འདིར་བཞུགས་གདན་གང་བུ་སློབ་ཀུན། །རྨི་ལམ་བརྡ་ལས་བྱུང་བ་ཡི།།
ངོ་མཚར་མ་འོངས་ལུང་བསྟན་འདི། །ཕ་རྒན་ང་ཡིས་བཤད་ཀྱིས་ཉོན།།
འཛམ་གླིང་བྱང་ཕྱོགས་ས་སྟེང་དེ། །བོད་ན་དར་བའི་ཐུབ་བསྟན་ཡིན།།
དེ་སྟེང་གངས་རི་ཆགས་པ་དེ། །ཕ་རྒན་མར་པ་ལོ་ཙཱ་དང་།།
བཀའ་བརྒྱུད་ཡོངས་ཀྱི་བསྟན་པ་ཡིན།།
གངས་རྩེ་མོ་དགུང་ལ་རེགས་པ་དེ། །ལྟ་བ་འགྲན་ཟླ་མེད་པ་ཡིན།།
རྩེ་ལ་ཉི་ཟླ་འཁོར་བ་དེ། །སྒོམ་པ་འོད་གསལ་མཁྱེན་རྩེ་ཡིན།།
འོད་ཀྱིས་ནམ་མཁའ་གང་བ་དེ། །ཐུགས་རྗེས་མ་རིག་མུན་སེལ་ཡིན།།
རྩ་བ་ས་གཞི་ཁྱབ་པ་དེ། །འཕྲིན་ལས་ཀྱིས་ས་གཞི་ཁྱབ་པ་ཡིན།།
ཕྱོགས་བཞིར་ཆུ་རྒྱུན་འབབ་པ་དེ། །སྨིན་གྲོལ་དབང་བཞིའི་གདམས་ངག་ཡིན།།
ཆུ་དེས་འགྲོ་ཀུན་ཚིམ་པ་དེ། །གདུལ་བྱ་སྨིན་ཅིང་གྲོལ་བ་ཡིན།།
ཆུ་སྣ་རྒྱ་མཚོར་འབབ་པ་དེ། །འོད་གསལ་མ་བུ་མཇལ་བ་ཡིན།།
མེ་ཏོག་སྣ་ཚོགས་བཀྲ་བ་དེ། །འབྲས་བུ་སྐྱོན་བྲལ་ཉམས་མྱོང་ཡིན།།
སྤྱིར་རྨི་ལམ་མི་ངན་རྨི་ལམ་བཟང་།། [17]
ཞེས་པ་ལྟ་བུ་ལ་མཚོན་ན་ཚེག་བར་ཆ་དང་ཡ་ཏག་ཏག་མེད་པ། ཚེག་བར་འདྲ་མཉམ་མེད་པ། ཚིགས་བཅད་འགའ་ཞིག་རྐང་པ་བཞི་དང་། འགའ་ཞིག་རྐང་པ་གཉིས། འགའ་ཞིག་རྐང་པ་གསུམ་དུ་བྱུང་བ་ལྟ་བའོ།།
ཧི་མ་ལ་ཡའི་སྤྱི་ཚོགས་རྩོམ་རིག།
༈ སྤྱི་ཚོགས་རྩོམ་རིག་ཅེས་པ་ནི། བཀའ་དང་བསྟན་བཅོས་ཀྱི་ཁུངས་སུ་མ་བསྡུས་པའི་སྤྱི་ཚོགས་མི་དམངས་ཀྱི་ལག་ལེན་དུ་ཡོད་པའི་རྩོམ་རིག་དེ་ལ་སྤྱི་ཚོགས་རྩོམ་རིག་ཅེས་བྱ་བ་ཡིན། རྩོམ་རིག་དེའི་དབྱེ་བ་བྱུང་རབས་ལྟར་དུ་ཕྱེ་ན། ༼༡༽ དུས་རབས་བདུན་པའི་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་བྱུང་བའི་སྲོལ་རྒྱུན་རྩོམ་རིག་དང་། ༼༢༽ དུས་རབས་བཅུ་གཉིས་པ་ནས་བྱུང་བའི་ཁྱད་འཕགས་རྩོམ་རིག ༼༣༽ དེ་ནས་དུས་རབས་ཉི་ཤུ་པའི་སྨད་ནས་བྱུང་བའི་རྩོམ་རིག་གསར་པ་བཅས་རྣམ་པ་གསུམ་གྱི་སྒོ་ནས་ཞུ་རྒྱུ་ཡིན།།

སྲོལ་རྒྱུན་རྩོམ་རིག
        ༼༡༽ དེ་དག་ལས་དང་པོ་སྲོལ་རྒྱུན་རྩོམ་རིག་ཅེས་པ་ནི། ཡུལ་ལུང་གཞན་གྱི་ཤན་ཤུགས་མ་ཐེབས་པའི་ཡུལ་མི་རང་གི་རྩོམ་གཤིས་ཐུན་མོངས་མ་ཡིན་པ་ཞིག་ལ་གོ་དགོས། དེའི་སྐོར་ལེགས་པར་ཤེས་དགོས་ན་ཚིག་གི་ཆ་དང་ཡའི་སྡེབ་ཚུལ་ཤེས་དགོས་པས་སྡེབ་སྦྱོར་གྱི་བསྟན་བཅོས་ལོགས་སུ་བཤད་ཡོད་པས་དེ་ལ་གཟིགས་པར་ཞུ།
སྐབས་འདིར་སྲོལ་རྒྱུན་རྩོམ་རིག་གི་བྱུང་རིམ་དང་དེའི་དཔེ་མཚོན་ཙམ་ཞིག་ཞུ་བ་ལ། དེ་ཡང་ཡུལ་མི་རང་གི་སྐད་རིགས་ཡར་རྒྱས་འགྲོ་བ་དང་དུ་མཉམ་དུ་ཞབས་བྲོ་དང་གླུ་གཞས་ཀྱིས་མཚོན་པའི་རྩོམ་རིག་ཡོད་ཆོག་པ་ཡིན་ན་ཡང་།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔོན་དུ་ཡིག་གེ་མེད་པའི་དབང་གིས། གླུ་གཞས་དེ་དག་ཡིག་ཐོག་ཏུ་བཀོད་མེད་པས། དེ་སྔོན་གང་འདྲ་ཞིག་ཡོད་པའི་ཚོད་དཔག་བྱེད་མི་ཐུབ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་ཡི་གེ་བྱུང་བ་ཡིན་པས་ཡིག་ཐོག་གི་སྲོལ་རྒྱུན་རྩོམ་རིག་དུས་དེ་ནས་བྱུང་བ་ཡིན། དུས་དེ་ནས་བྱུང་བའི་སྲོལ་རྒྱུན་རྩོམ་རིག་དེ་ལ་དབྱེ་ན། བརྡ་སྤྲོད་རིག་པ་ཡར་རྒྱས་མ་ཕྱིན་པའི་སྐབས་དང་། ཡར་རྒྱས་ཕྱིན་པའི་སྐབས། དེ་དག་གི་ཉེར་ལེན་ལས་བརྟེན་ནས་བྱུང་བའི་སྲོལ་རྒྱུན་རྩོམ་རིག་བཅས་དབྱེ་བ་གསུམ་དུ་ཕྱེ་ཆོག།
བརྡ་སྤྲོད་རིག་པ་ཡར་རྒྱས་མ་ཕྱིན་པའི་སྐབས་ཀྱི་རྩོམ་རིག།
༈ དང་པོ་ནི་རྒྱལ་པོ་སྲོང་བཙན་རང་ནས་ཁྲི་སྲོང་བར་གྱི་རྩོམ་རིག་རྣམས་ཡིན། དེ་སྐབས་ཀྱི་རྩོམ་རིག་ནི། བརྡ་སྤྲོད་རིག་པ་ཡར་རྒྱས་མ་ཕྱིན་པ་དང་། ལྷག་པར་བརྡ་རྙིང་མང་བའི་དབང་གིས་ཅུང་ཟད་གོ་དཀའ་བར་ཡོད་ན་ཡང་། ཚིག་ལྷུག་གི་བརྗོད་པ་ཐུང་ངུ་རེ་ལ་ཡང་ཤད་རེ་རྒྱབ་ནས་གཅོད་མཚམས་སྟབས་བདེ་བར་འདུག། དེ་ཡང་དེང་སང་ང་ཚོས་རྫོང་ཁ་འབྲི་དུས་གཅོད་མཚམས་སྟབས་བདེ་བའི་ཆེད་དུ། བར་མཚམས་སྟོང་པ་རེ་བཞག་པའི་ཚོད་དེ་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་ཤད་རེ་རྒྱབ་ནས་འདུག་པས། རྫོང་ཁའི་བར་མཚམས་དེ་ལའང་ཤད་རེ་རྒྱབ་ན་མི་འགྲིག་པ་གང་ཡང་མི་འདུག་སྙམ།།
༈ སྐབས་དེ་དུས་ཀྱི་ཚིག་ལྷུག་གི་དཔེར་མཚོན་ཙམ་ཞུ་ན། དེ་ཡང་སྲོང་བཙན་སྐབས་ཀྱི་ཡིག་ཆ་ཏུན་ཧང་བྲག་ཕུག་ནས་ཐོན་པ་རྣམས་ལ་འདི་ལྟར།
བཙན་མོ་མུན་ཅང་ཀོང་ཅོ། མགར་སྟོང་རྩན་ཡུལ་བཟུང་གིས་སྤྱན་དྲངས་ཏེ་བོད་ཡུལ་དུ་གཤེགས་སོ། བལ་པོ་ཡུ་སྣ་ཀུག་ཏྀ་བཀུམ། ན་རྀ་དེ་བ་རྒྱལ་ཕོར་བཅུག། གནག་ནད་ཆེན་པོ་བྱུང་། དེ་ནས་ལོ་གསུམ་ན། བཙན་པོ་ཁྲི་སྲོང་རྩན་གྱི་རིང་ལའ། ལྀག་སྙ་ཤུབ་བརླག་སྟེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་སྟེ་མངའོ།། དེ་ནས་ལོ་དྲུག་ནའ། བཙན་པོ་ཁྲི་སྲོང་རྩན་དགུང་དུ་གཤེགས་སོ། བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ།། ཁྱིའི་ལོ་ལ་བབས་ཏེ། ༼ལྕགས་ཁྱི་650 A.D༽ བཙན་པོ་མྱེས་ཁྲི་སྲོང་རྩན་གྱི་སྤུར་༼ཕོ་བྲང་༽ ཕྱིང་བའི་རིང་ཁང་ན་མཁྱུད་ཅིང་བཞུགས་ཏེ། བཙན་པོ་དབོན་ཁྲི་མང་སློན་མང་རྩན་མེར་ཀེ་ན་བཞུགས་པར་ལོ་གཅིག། ཕག་གི་ལོ་ལ་བབས་ཏེ། ༼ལྕགས་ཕག་651. A.D༽ བཙན་པོ་ཉེན་ཀར་ན་བཞུགས་ཤིང་། ཕྱིང་བར། བཙན་ཕོ་མྱེས་ཁྲི་སྲོང་རྩན་གྱི་མདང་བཏང་བར་ལོ་གཅིག།[18]
ཞེས་སོགས་ལ་བརྗོད་དོན་གང་ཡིན་ཐད་ཀར་བྲིས་པ་མ་གཏོགས་རྗོད་ཚིག་ཁྱད་འཕགས་ཀྱི་རྣམ་པ་གང་ཡང་མི་འདུག།
ཚིགས་བཅད་ལ་ཡང་བརྗོད་དོན་ཉུང་ཞིང་ཚིག་གི་ཁ་སྐོང་ཕལ་ཆེར་ནི་སྒྲ་སྦྱར་ནས་འདུག དེ་ཡང་དཔེར་མཚོན་ཙམ་ཞུ་ན། ཆོས་རྒྱལ་སྲོང་བཙན་གྱིས་ཞང་ཞུང་ཆམ་ལ་ཕབས་ཏེ་རྒྱལ་ཁ་ཐོབ་པའི་སྐབས་ཀྱི་ཆོས་རྒྱལ་སྲོང་བཙན་རང་གི་གླུ།
ཀྱེ། རྗེ་ཡི་ནི་མཚན་ལ་དྲི། །ཁྲི་ཡི་ནི་སྲོང་བཙན་ཞིག།
བློན་གྱི་ནི་མྱིང་པ་འདི། །སྟོན་བཙན་ནི་ཡུལ་བཟུང་ཞིག།
ཡུ་བུ་ནི་རྗེ་དང་བློན། །ཡར་མོ་ནི་ཆུ་ཐུང་གི།།
མདོ་ནས་ནི་རྩང་དུ་བསྲིང་། །ཡར་མོ་ནི་ཞེང་ཆུང་གི།།
ལྷོ་ནས་ནི་བྱང་དུ་བསྐྱེད། །ཡུ་བུ་ནི་རྗེ་དང་བློན།།
རྗེ་ཡིས་ནི་འབངས་མ་བཏང་། །འབངས་ཀྱིས་ནི་རྗེ་མ་བཏང་།།[19]
སོགས་དང་། སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱི་མགུར་མ།
ཡུལ་གྱི་ནི་སྐལ་ཕོག་པ། །ཁྱུང་ལུང་ནི་རྡུལ་ཁར་ཞིག།
མུ་སུ་ནྀ་གཞན་ན་རེ། །ཕྱི་བལྟས་ནི་ངམ་དང་བྲག།
ནང་བལྟས་ནི་གསེར་དང་དབྱིག །བདག་གི་ནི་གཡར་སྔ་རུ།།
མཆིས་སུ་ནྀ་མ་ཐོ་འམ། །སྐྱོ་མོ་ནི་བསེང་བསེང་མོ།།
བྲན་གྱི་ནྀ་སྐལ་ཕོག་པ། །གུ་གེ་ནི་རྐང་ཕྲན་ཞིག།[20]
ཞེས་སོགས་ཚིག་གི་ཁ་སྐོང་ནི་སྒྲས་བརྒྱན་པ་རྐྱང་བྱུང་ཡོད།།

གཉིས་པ་བརྡ་སྤྲོད་རིག་པ་ཡར་རྒྱས་ཕྱིན་པའི་སྐབས་ཀྱི་རྩོམ་རིག།
༈ དེ་ནས་རྒྱལ་རབས་བཞིའི་རྗེས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བྱོན་ཞིང་། ཁོང་གི་སྐབས་སུ་ནང་པའི་ཆོས་དང་རིག་གཞུང་གི་བཀའ་བསྟན་མང་པོ་བོད་སྐད་དུ་བསྒྱུར་བ་ནས་བརྩམས་ཏེ་བོད་ཀྱི་རྩོམ་རིག་ལ་འགྱུར་བ་ཆེན་པོ་བྱུང་ཡོད། ཡིན་ན་ཡང་བརྡ་སྤྲོད་དང་མི་མཐུན་པའི་དཀའ་ངལ་ད་དུང་ཡོད་པའི་དབང་གིས། ཆོས་རྒྱལ་ཁྲི་སྲོང་རང་གི་སྐུ་ཚེའི་སྨད་ལ་སྐད་གསར་བཅད་ཀྱི་རྒྱལ་ཁྲིམས་དང་པོ་གཏན་འབེབས་མཛད་ནས་བྱེ་བྲག་རྟོགས་བྱེད་ཆེན་མོའི་གཞུང་བརྩམས་པ་དང་། དེ་ནས་ཁྲི་སྲོང་གི་སྲས་མུ་ཏིག་བཙན་པོའམ། མཚན་གཞན་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ། སྔོན་ནས་བསྒྱུར་བའི་དམ་ཆོས་རྣམས་ལ་ཞུ་དག་བཏང་བ་དང་། ཕྱིས་སུ་བསྒྱུར་རྒྱུ་རྣམས་ཀྱང་གཅིག་མཐུན་འོང་བའི་ཆེད་དུ་སྐད་གསར་བཅད་ཀྱི་རྒྱལ་ཁྲིམས་གཉིས་པ་གཏན་འབེབས་བྱས་ནས། སྒྲ་སྦྱོར་བམ་གཉིས་བརྩམས་ཡོད། དེ་ནས་ལོ་ཆེན་རིན་ཆེན་བཟང་པོའི་སྐབས་སུ་སྐད་གསར་བཅད་གསུམ་པ་གཏན་འབེབས་མཛད་པའི་ལོ་རྒྱུས་ཡོད་ཀྱང་། སྐབས་དེ་དུས་བརྩམས་པའི་བྱེ་བྲག་རྟོགས་བྱེད་ཆུང་བ་ཞེས་པའི་གཞུང་ནི་ད་ལྟ་རྙེད་རྒྱུ་མི་འདུག། དེས་ན་སྐད་གསར་བཅད་ཀྱི་ཞུ་དག་ཐེངས་གསུམ་མཛད་པའི་དབང་གིས། སྔོན་ནས་བསྒྱུར་ཟིན་པའི་བཀའ་དང་བསྟན་བཅོས་རྣམས་ལ་ཞུ་དག་མཐིལ་ཕྱིན་བྱས་པ་དང་། ཕྱིས་སུ་བསྒྱུར་རྒྱུ་རྣམས་ལའང་བརྡ་དག་གི་ཁྲིམས་གཞི་གཏན་འབེབས་བྱས་ནས་རྒྱ་གར་གྱི་བཀའ་དང་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར་ཡོད་པས་མི་ཚད། བོད་མི་རང་གིས་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་བརྩམས་ནས་བསྟན་བཅོས་ཀྱི་རྩོམ་རིག་གོང་ནས་གོང་དུ་འཕེལ་བའི་སྐལ་བ་བཟང་པོ་བྱུང་འདུག།

དེ་དག་གི་ཉེར་ལེན་ལ་བརྟེན་ནས་སྲོལ་རྒྱུན་རྩོམ་རིག་གོང་འཕེལ་འགྲོ་ཚུལ།
༈ བསྟན་བཅོས་ཀྱི་རྩོམ་འགྲོས་ཡར་རྒྱས་ཕྱིན་པའི་ཞོར་དུ། སྲོལ་རྒྱུན་རྩོམ་རིག་ལའང་བརྗོད་དོན་ནང་ཆོས་དང་མཐུན་ཞིང་། རྗོད་ཚིག་བརྡ་དག་དང་མི་འགལ་བའི་ཐོག་ཏུ། རྩོམ་འགྲོས་ཡུལ་མི་རང་གི་ཐུན་མོངས་མ་ཡིན་པའི་རྩོམ་རིག་ཡིན་པའི་གླུ་གཞས་དང་ཆེད་རྩོམ་གྲངས་ལས་འདས་པ་ཞིག་བྱུང་ཡོད། དེའང་དཔེར་ན། རྗེ་བཙུན་མི་ལའི་མགུར་འབུམ། གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ། ཕྱིས་སུ་བྱུང་བའི་དགེ་འདུན་ཆོས་འཕེལ་གྱི་ཆེད་རྩོམ་ལ་སོགས་པ་ཡིག་ཐོག་ཏུ་ཡོད་པ་རྣམས་དང་། ཐོག་མར་ཡིག་ཐོག་ཏུ་ཡོད་པ་ལ་ཕྱིས་སུ་མི་དམངས་ཀྱི་ངག་ཐོག་བརྒྱུད་པའི་ཡུལ་གྲུ་སོ་སོའི་གླུ་གཞས། གསང་མོ། ཁ་བཤད་ལ་སོགས་པ་ལྟ་བུའོ།།


རྗེ་བཙུན་མི་ལའི་མགུར་མ་དང་གེ་སར་རྒྱལ་པོའི་རྟོགས་བརྗོད།
༈ རྗེ་བཙུན་མི་ལའི་མགུར་མ་དང་གེ་སར་རྒྱལ་པོའི་རྟོགས་བརྗོདགཉིས་ཀྱི་ཁྱད་ཆོས་ཐུན་མོངས་མ་ཡིན་པ་ནི། དཔེ་རྣམས་བློ་ལ་འཆར་བདེ་བ་དཔེར་ན། གངས་གི་སེང་གེ་དཀར་མོ། ནགས་ཀྱི་རྒྱ་སྟག་ཁྲ་བོ། གཙང་ཆབ་གསེར་མིག་ཉ་མོ་ལ་སོགས་པ་དང་། རྒྱན་རྣམས་ཀྱང་གཅིག་རྗེས་གཉིས་བརྩེགས་ཀྱི་འཕར་མ་མིན་པའི་རྒྱན་རྐྱང་པ། དཔེ་རྒྱན། གཟུགས་རྒྱན། སྒྲ་རྒྱན། བསྡུས་བརྗོད་ཀྱི་རྒྱན་ལ་སོགས་པ། བརྗོད་དོན་སྤྱི་ཚོགས་ཀྱི་ཚོར་བ་དངོས་དང་འབྲེལ་བ་ཅན། རྩོམ་འགྲོས་ཡུལ་མི་རང་གི་ཁ་སྐད་ཀྱི་གཤིས་ཀ་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་མང་པོ་འཛོམས་ཡོད།།

རྗེ་མི་ལའི་མགུར་འབུམ།
དེ་ཡང་མི་ལ་རས་པའི་མགུར་འབུམ་ལ་མཚོན་ན། སྒྲ་རྒྱན་གྱི་རྣམ་པ་ཅན།
ཨེ་མ་རི་ཁྲོད་དབེན་པའི་གནས། །རྒྱལ་བ་བྱང་ཆུབ་བརྙེས་པའི་ས། །གྲུབ་ཐོབ་རྣམས་ཀྱི་བཞུགས་པའི་ཤུལ། །མི་ང་རང་གཅིག་པུར་འདུག་པའི་ཡུལ། །བྲག་དམར་མཆོང་ལུང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་འཁོར་མ་འཁོར། །འོག་ན་གཙང་ཆབ་གྱ་མ་གྱུ། །བར་ན་རྒོད་པ་ལང་མ་ལིང་། །རྩི་ཤིང་སྣ་ཚོགས་བན་མ་བུན། །ལྗོན་ཤིང་གར་སྟབས་ཤིགས་སེ་ཤིགས། །བུང་བ་གླུ་ལེན་ཁོ་རོ་རོ། །མེ་ཏོག་དྲི་ངད་ཆི་ལི་ལི། །བྱ་རྣམས་སྐད་སྙན་སྐྱུ་རུ་རུ། །དེ་འདྲའི་བྲག་དམར་མཆོང་ལུང་ན། །བྱ་དང་བྱི་འུ་གཤོག་རྩལ་སྦྱོང། །སྤྲ་དང་སྤྲེ་འུ་ཡང་རྩལ་སྦྱོང་། །རི་དྭགས་སྣ་ཚོགས་བང་རྩལ་སྦྱོང་། །ང་མི་ལ་རས་པ་ཉམས་རྩལ་སྦྱོང་། །ཉམས་རྩལ་བྱང་ཆུབ་སེམས་གཉིས་སྦྱོང་། །ང་དང་དབེན་གནས་གཞི་བདག་མཐུན། །ཁྱེད་འདིར་ཚོགས་འབྱུང་པོ་མི་མ་ཡིན། །བྱམས་སྙིང་རྗེའི་བདུད་རྩི་འདི་འཐུངས་ལ། །རང་རང་སོ་སོའི་གནས་སུ་དེངས།།[21] ཞེས་དང་།

ཡང་བསྡུས་བརྗོད་ཀྱི་དཔེ་སྣ་ཚོགས་ཀྱི་སྒོ་ནས་རང་གི་ངོ་སྤྲོད་གནང་བ།
ཕ་བདུད་བཞིའི་དམག་དཔུང་ལས་རྒྱལ་བ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་དར་སེང་དཀར་མོའི་བུ། །ཨ་མའི་མངལ་ནས་རྩལ་གསུམ་རྫོགས། །ཕྲུག་གུའི་ལོ་ལ་ཚང་དུ་ཉལ། །ཐོང་བའི་ལོ་ལ་ཚང་སྒོ་བསྲུངས། །དར་མའི་ལོ་ལ་གངས་སྟོད་འགྲིམས། །གངས་བུ་ཡུག་འཚུབས་རུང་ཡ་མི་ང་། །བྲག་གཡངས་ས་ཆེ་རུང་བག་མི་ཚ། །མི་ང་དག་རང་རང་མི་ཟེར་ཏེ། །ང་ནི་བྱ་རྒྱལ་ཁྱུང་གི་བུ། །སྒོ་ངའི་ནང་ནས་གཤོག་སྒྲོ་རྒྱས། །ཕྲུག་གུའི་ལོ་ལ་ཚང་དུ་ཉལ། །ཐོང་བའི་ལོ་ལ་ཚང་སྒོ་བསྲུངས། །ཁྱུང་ཆེན་དར་མའི་ལོ་ལ་ནམ་འཕང་བཅད། །གནམ་ཁ་ཞེང་ཆེ་རུང་ཡ་མི་ང་། །ས་ལུང་སུལ་དོག་རུང་བག་མི་ཚ། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་ཉ་ཆེན་ཡོར་མོའི་བུ། །ཨ་མའི་མངལ་ནས་གསེར་མིག་འཁྱིལ། །ཕྲུག་གུའི་ལོ་ལ་ཚང་དུ་ཉལ། །ཐོང་བའི་ལོ་ལ་ཁྱུ་སྣ་དྲངས། །ཉ་ཆེན་དར་མའི་ལོ་ལ་མཚོ་མཐའ་སྐོར། །མཚོ་རྦ་རླབས་ཆེ་རུང་ཡ་མི་ང་། །དོལ་ལྕགས་ཀྱུ་མང་རུང་བག་མི་ཚ། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་བཀའ་བརྒྱུད་བླ་མའི་བུ། །ཨ་མའི་མངལ་ནས་དད་པ་སྐྱེས། །ཕྲུག་གུའི་ལོ་ལ་ཆོས་སྒོར་ཞུགས། །ཐོང་བའི་ལོ་ལ་སློབ་གཉེར་བྱས། །སྒོམ་ཆེན་དར་མའི་ལོ་ལ་རི་ཁྲོད་འགྲིམས། །འདྲེ་གདུག་རྩུབ་ཆེ་རུང་ཡ་མི་ང་། །གདོན་ཆོ་འཕྲུལ་མང་རུང་བག་མི་ཚ། །སེང་གངས་ལ་འགྱིང་བ་སྤར་མི་འཁྱག །སེང་གེ་གངས་ལ་སྤར་འཁྱག་ན། །རྩལ་གསུམ་རྫོགས་པ་དོན་རེ་ཆུང་། །ཁྱུང་མཁའ་ལ་འཕུར་བ་ལྷུང་མི་སྲིད། །ཁྱུང་ཆེན་མཁའ་ནས་ལྷུང་སྲིད་ན། །གཤོག་སྒྲོ་རྒྱས་པ་དོན་རེ་ཆུང་། །ཉ་ཆབ་ལ་འཕྱོ་བ་འཚུབ་མི་སྲིད། །ཉ་ཆེན་ཆུ་ཡིས་འཚུབ་སྲིད་ན། །ཆུ་ནང་སྐྱེས་པ་དོན་རེ་ཆུང་། །ལྕགས་ཀྱི་ཕ་བོང་རྡོས་མི་ཤིགས། །ལྕགས་ཀྱི་ཕ་བོང་རྡོས་ཤིགས་ན། །ཞུན་ཐར་བྱས་པ་དོན་རེ་ཆུང་། །ང་མི་ལ་རས་པ་འདྲེས་མི་འཇིགས། །མི་ལ་རས་པ་འདྲེས་འཇིགས་ན། །གནས་ལུགས་རྟོགས་པ་དོན་རེ་ཆུང་།།[22] ཞེས་དང་།
མཆོད་པ་བླ་མ་མཆོད་པ་ཡིན། །བསྟེན་པ་བླ་མ་བསྟེན་པ་ཡིན།།
ཆུང་བ་ཉོན་མོངས་ཆུང་བ་ཡིན། །དེ་ཕྱིར་མཆོད་བསྟེན་དཀར་ཆུང་ཡིན།།[23]
ཞེས་དང་།

ཡང་གཟུགས་རྒྱན་གྱི་རྣམ་པ་ཅན།
འོ་ན་སྐལ་ལྡན་ཉ་མ་ཀུན། །འདུས་བྱས་ལུས་ཀྱི་བུམ་པ་ན། །ལྷན་གཅིག་སྐྱེས་པའི་ལྷ་སྐུ་བདོག །འོད་གསལ་སྒྲོན་མེ་འདེགས་ནུས་ན། །ཕྱི་ནང་ཆོས་སྐུ་གསལ་བར་ངེས། །རྣམ་རྟོག་འཁོར་བའི་ཚང་མལ་ན། །བྱང་ཆུབ་སེམས་ཀྱི་ཁྱུང་ཕྲུག་བདོག །ཐབས་ཤེས་གཤོག་པ་འདོགས་ནུས་ན། །ཀུན་མཁྱེན་མཁའ་ལ་འཕུར་བར་ངེས། །རང་ལུས་རྒྱལ་བའི་གངས་རི་ལ། །རྣམ་པར་ཤེས་པའི་སེང་ཕྲུག་བདོག །ཚོགས་དྲུག་ཞེན་མེད་སྒོམ་ནུས་ན། །འཁོར་འདས་ཟིལ་གྱིས་གནོད་པར་ངེས། །མ་རིག་འཁོར་བའི་རྒྱ་མཚོ་ན། །རིགས་དྲུག་འཁོར་བའི་ཚོང་ཕྲུག་བདོག །སྐུ་གསུམ་གྱི་གྲུ་དང་མ་བྲལ་ན། །སྡུག་བསྔལ་གྱི་རྦ་ཀློང་སྒྲོལ་བར་ངེས།།[24]
ཞེས་སོགས་གོ་བདེའི་སྙན་ངག་བསམ་གྱིས་མི་ཁྱབ་པ་མང་ངོ།།
            
གེ་སར་རྒྱལ་པོའི་རྟོགས་བརྗོད།
༈ འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ནི། གངས་ཀྱི་སེང་གེ་འགར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་གུད་དུ་མེད་ན་ཡང་། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་།།[25] ཞེས་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། རྒྱལ་རབས་ལོ་རྒྱུས་ཀྱི་བྱུང་བ་དངོས་ཤིག་མིན་པར་བློ་རིག་མཁས་པས་བཟོས་པའི་བརྩམ་སྒྲུང་ཞིག་ཡིན། ཡིན་ན་ཡང་སྒྲུང་རྩོམ་དེའི་རྩོམ་པ་པོ་འདི་ཡིན་ཞེས་པའི་གསལ་ཁ་གང་ཡང་མེད། རྟོགས་བརྗོད་འདིའི་མང་ཉུང་ལ་བལྟས་ན་འབྲུག་གཞུང་ཤེས་རིག་དཔར་ཁང་གིས་པར་སྐྲུན་ཞུས་པ་དེ་ལ་དེབ་ཆེན་སུམ་ཅུ་སོ་གཅིག་དང་། ཡང་ཉེ་ཆར་བོད་ནས་ཐོན་པ་འདི་ལ་དེབ་གྲངས་བརྒྱ་ལས་ལྷག་པས་འཛམ་གླིང་ཐོག་གི་སྒྲུང་རྩོམ་མང་ཤོས་ཀྱི་ཐོག་བཀོད་(Record)བཞག་ཡོད། དེས་ན་རྩོམ་པ་པོ་གང་ཟག་མང་པོ་ཞིག་ཡོད་ཚོད་འདུག་པ་དང་། དེ་དག་ཀྱང་སྤྱིར་ནང་ཆོས་དང་རྩིས་རིག ལྷག་པར་ལོ་རྒྱུས་ཀྱི་སྙན་ངག་རྩོམ་པ་ལ་མཁས་པའི་གང་ཟག་ཅིག་ཡིན་པར་ཐག་ཆོད་རེད།།

ཡ་མཚན་གྱི་གནས་ཚུལ་གཅིག་ནི། ཀ་ཁ་ངོ་མི་ཤེས་པའི་མི་ནག་གི་ཁ་ནས་རྫོགས་རྒྱུ་མེད་པའི་གེ་སར་གྱི་གླུ་གཏོང་རྒྱུ་འདུག་པ་དེ་རེད། ངའི་པ་ལགས་རྒྱལ་མཚན་ལ་མཚོན་ན། ཀ་ཁ་ངོ་མི་ཤེས་ན་ཡང་། གེ་སར་འཁྲུངས་པ་ནས་ཧོར་གླིང་གཡུལ་འགྱེད་བར་མཚན་མོ་གསུམ་ཙམ་གྱི་རིང་ལ་གཏོང་རྒྱུ་ཡོད། ཡིན་ན་ཡང་བློ་སེམས་ཕངས་པ་གཅིག་ནི།
ཕ་ཁོ་རང་བཞུགས་དུས་བུ་ང་ཆུང་། །བུ་ཤེས་ཡོན་ཐོབ་ཚེ་པ་ལགས་མེད།།
དེབ་དངོས་དང་བསྡུར་ནས་བལྟ་འདོད་ཀྱང་། །ཕ་ཁོང་གིས་གསུངས་པ་བརྗེད་འདུག་གོ།
ཁོང་གེ་སར་སྒྲུང་གི་གླུ་ཡི་འགོར། །གླུ་ཨ་ལ་ཐ་ལ་ཡོད་ན་ཡང་།།
ངའི་ཡབ་ཆེན་ཁོང་གི་གླུ་ཡི་འགོར། །གླུ་ཨ་ལ་ཐ་ལ་གོ་མྱོང་མེད།།
ཡར་འགོ་ནས་གཏོང་ན་མཇུག་མི་བསྡུ། །མར་མཇུག་ནས་གཏོང་ན་འགོ་མི་གསུང་།།
ཆ་ཚང་ན་རྒྱལ་པོའི་ཆིབས་རྟ་དེས། །ནམ་མཚན་མོར་སྒོ་ཁར་འོང་ཞེས་གསུངས།།
འོ་ལགས་སོ། སླར་ཡང་དངོས་ཀྱི་དོན་ལ་འཇུག་པར་བྱ་སྟེ། རྟོགས་བརྗོད་འདིའི་རྩོམ་འགྲོས་ནི། གླུའི་འགོ་ལ་མཚམས་སྦྱོར་གྱི་མ་ཎི་དང་། གླུ་ཨ་ལ་ཐ་ལ་སོགས་འབྱུང་ཞིང་། དེ་ནས་རང་རང་སོ་སོའི་འབྲེལ་ཡོད་ཀྱི་ལྷ་ལ་གསོལ་འདེབས། ས་ཆའི་ངོ་སྤྲོད། རང་གི་ངོ་སྤྲོད་དང་ཁྱད་ཆོས། སྐབས་དོན་བཅས་དོན་ཚན་ལྔ་པོ་གླུ་ཡོངས་རྫོགས་ལ་གཅིག་མཚུངས་ཡོད། ས་ཆའི་ངོ་སྤྲོད་ཀྱི་སྐབས་ཡུལ་ལྗོངས་ཀྱི་ཆགས་ཉམས་དང་ས་གནས་ཀྱི་མིང་། རང་གི་ངོ་སྤྲོད་ཀྱི་སྐབས་རང་ཉིད་ཡུལ་ལུང་གང་ནས་ཡིན་པའི་ལུང་ཁུངས། གོ་གནས་དང་ལས་འགན་གང་ཡིན། ཁྱད་ཆོས་ཀྱི་ཡོན་ཏན་ཇི་ལྟར་ཡོད་པ། རང་གི་མིང་དངོས་བཅས་བྱུང་བ་དེ་དག་མི་གསར་པ་ཞིག་གི་མདུན་དུ་ཡིན་ན་ངོ་སྤྲོད་དེ་ལྟར་བྱེད་དགོས་མོད། འོན་ཀྱང་འདྲིས་ཡོད་ཀྱི་མི་ལའང་ངོ་སྤྲོད་དེ་ལྟར་གནང་བ་དེ་རྟོགས་བརྗོད་འདིའི་འགྲོ་ལུགས་ཤིག་ཡིན། སྐབས་དོན་དངོས་ཀྱི་སྐབས་སུ་བསྡུས་བརྗོད་ཀྱི་དཔེ་མང་པོ་ཞིག་བཀོད་ནས་བརྗོད་དོན་དངོས་དེ་བཤད་པ་དང་། དགྲ་ལ་མདའ་གདུང་ལ་སོགས་པའི་མཚོན་ཆ་འཕང་རྒྱུ་ཡིན་ན་ཡང་། མཚོན་ཆ་གང་ཡིན་དེའི་བཤད་པ་རྫོགས་རྒྱུ་མེད་པ་ཞིག་རྒྱབ་ནས་གཏོང་བ་མ་གཏོགས། ཐད་ཀར་མི་རྒྱབ་པ་དེ་དག་ཁམས་པ་ཚོའི་འགྲོ་ལུགས་ཤིག་ཡིན།། 
རྟོགས་བརྗོད་འདིའི་རྩོམ་འགྲོས་ཇི་ལྟར་ཡོད་པའི་དཔེར་མཚོན་ཙམ་ཞིག་ཞུ་ན། དེ་ཡང་གྲུ་གུ་རྒྱལ་པོའི་དམག་གིས་བོད་ཡུལ་བཅོམ་པ་ན། གེ་སར་རྒྱལ་པོས། བོད་ཀྱི་དཔུང་གྲོགས་སུ་བློན་ཆེན་འདན་མས་དབུ་གཙོས་པའི་དཔུང་ཆེན་བཏང་ནས། བོད་ཀྱི་ལྷ་ཐང་དཀར་པོར་དམག་འཐབ་བྱེད་པའི་སྐབས་ཀྱི་ལོ་རྒྱུས་འདི་ལྟར་རོ།།

དེར་ཚེས་པ་བཅོ་ལྔའི་ཉིན་པར་དགྲ་ཕར་འདུལ་གྱིས། གཟའ་སྐར་ཤིན་ཏུ་བཟང་པའི་སྔ་ཆར། དཔའ་ཚ་ཞང་འདན་མ་བྱང་ཁྲ་ལ། བློན་འཕྲུ་ལྗང་ཅན་སུམ་བརྒྱས་བསྐོར་ཞིང་བཀྲ་ཤིས་ལྷ་ཐང་དཀར་མོའི་ཤར་ཕྱོགས་ནས་རྒྱང་ངེར་ཐོན་པ་དང་། གྲུ་གུའི་རྟ་དམག་ཁ་ཤས་ནས་སྒར་མཐར་ཐོན་པ་དང་དུས་འགྲིགས་ཐམས་ཅད་ཀྱིས་མདའ་འདྲེན་གཞུ་སྟོན་བྱས་པ་ན། འདན་མ་ན་རེ། ཁྱོད་ཚོ་མ་བྲེལ་ལ་མི་རྒན་གྱི་གླུ་ལ་ཚུར་ཉོན་དང་། ཚིག་བཟང་གསེར་གྱི་ཐིག་པ་ཡོད། ཅེས་གླུ་འདི་ལྟར་བླངས་སོ།།
༼མཚམས་སྦྱོར།༽ ཨོྃ་མ་ཎི་པདྨེ་ཧཱུྃ། གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
༼གསོལ་འདེབས༽ གནས་སྤྱི་གཙུག་ཉི་མའི་ལྡིང་ཁང་ནས། །ཕ་དྲིན་ཅན་རྩ་བའི་བླ་མ་མཁྱེན། །སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས། །གསུང་མཆོག་ཁྲོ་བོ་རྟ་མགྲིན་མཁྱེན། །ད་རུང་དགྲ་ལྷའི་སོ་ཕ་ནས། །གཉེན་བདུད་བྲག་དམར་མཆེད་དགུ་མཁྱེན། །དཔའ་བདུད་དཔུང་རོག་དར་བར་མཛོད།།
༼ས་གནས་ངོ་སྤྲོད།༽ ས་འདི་ས་ངོ་མ་ཤེས་ན། །བོད་ཀྱི་ལྷ་ཐང་དཀར་མོ་རེད། །ཁྲི་སྒར་ཁྲ་མོ་གྲུ་བཞི་འདི། །གྲུ་གུའི་ལས་དམག་ཡིན་པས་ཟེར། །དཀྱིལ་ཤོག་རུ་འཛིན་སུ་འདྲ་ཡོད།།
༼རང་གི་ངོ་སྤྲོད།༽ ང་འདྲ་ང་ངོ་མ་ཤེས་ན། །རྨ་སྨད་ས་ནག་ལུང་མདོ་ན། །འདན་ཤོག་དུག་མཚོ་ཁོལ་མ་ཡོད། །འཕྲུ་ལྗང་དམག་གི་རུ་འཛིན་ལ། །གཡུ་སྒང་དྲེ་འུ་ནང་བཅུད་ལ། །བཀའ་བློན་ཚ་ཞང་འདན་མ་རེད། །སྐྱེན་པོའི་ཐོག་མདའ་མཉམ་དྲུག་རེད། །རྒྱུག་པའི་རླུང་རྟ་ཁ་རུ་མཐོ། །འབུམ་འབུམ་དམག་གི་སྙིང་བཅུད་རེད། །བརྒྱ་སྟོང་ནང་གི་དྲག་དྲག་རེད། །འབུམ་ཐང་གཡུ་ཡི་མཎྜལ་གྱི། །སྒར་ཁྲ་མོ་འདི་ཚོའི་ཁ་འཛིན་ལ། །རྗེ་བཙན་ལ་གེ་སར་རྒྱལ་པོ་ཡོད། །དཔའ་ངར་ལ་དཔའ་བདུད་བརྒྱད་ཅུ་ཡོད། །གྲངས་མང་ལ་འབུམ་དམག་བཅུ་གཉིས་ཡོད།།
༼ཚོད་བལྟ་བྱེད་པའི་ཚིག༽ སྟོད་རྒྱ་གར་ཆོས་ར་གཏོར་རྒྱུ་ཡིན། །ལམ་འདི་ལ་བར་ཆད་མ་བྱེད་ཅིག།
༼སྐབས་དོན་གྱི་མཚམས་སྦྱོར་གྱི་དྲི་བ།༽ ཚུར་ཆས་རྟ་དམག་ཐུང་ཙམ་འདི། །མི་ལ་མི་མིང་ཅི་འདྲ་ཡོད། །རྟ་ལ་རྟ་མིང་ཅི་འདྲ་ཡོད། །ཕོ་གོ་ཆོད་ཕྲིན་པ་མ་སོང་ན། །གཏམ་ཕར་འདྲིའི་ཚུར་ལན་ཤེས་ས་མེད།།
གནམ་ས་གཉིས་ཀྱི་འཁྲུག་བར་ན། །ཉི་ཟླ་གཉིས་དེ་ཡ་ཕུག་བཞག །དེ་འོག་སྨིན་དྲུག་ཁྲ་མོ་དེ། །ཁྲ་ཤ་ལེ་དགུང་ལ་མ་འཛོམས་ན། །ནམ་གསལ་སྒོ་མོ་མི་ཤེས་འདུག །དགེ་སྡིག་གཉིས་ཀྱི་འཁྲུགས་བར་ན། །མདོ་སྔགས་གཉིས་དེ་ཕུག་ཏུ་བཞག །དེ་འོག་སྟོན་མཆོག་རབ་གསལ་སྐུ། །སེར་ཁྲ་ལེ་ཆོས་རང་མ་ཕེབས་ན། །དཀར་ནག་སྒྲོ་འདོགས་མི་ཆོད་འདུག །གྲུ་བོད་གཉིས་ཀྱི་འཁྲུགས་བར་ན། །རྗེ་གེ་སར་ཉིད་དེ་ཡར་ལ་བཞུགས། །དེ་འོག་གོ་ཆོད་བློན་པོ་གཅིག །ང་འདན་མའི་གདོང་ལ་མ་འབྱོན་ན། །ཡིན་ལུགས་གཏམ་གཅིག་མི་ཤེས་འདུག།
༼བོད་དང་གྲུ་གུའི་དམག་གི་བར་དུ་གེ་སར་ཞུགས་དགོས་དོན།༽ སྐུ་རྒྱལ་བོད་ཀྱི་རྒྱལ་པོ་འདི། །བོད་ཆོས་མཚད་ཀུན་གྱི་སྦྱིན་བདག་རེད། །བྱང་གྲུ་གུ་སྟོབས་ཀྱི་རྒྱལ་པོ་དེ། །དཔའ་སྙིང་རྩལ་ཅན་གྱི་གདུང་རྒྱུད་རེད། །སེང་འདྲ་གཉིས་དབུ་ཐོད་ཐུག་པ་ལ། །ཁྱི་རྡ་ལིས་རྟ་གཡོག་མ་ཡིན་ཏེ། །སྡེ་གླིང་རུའི་མདུན་མ་ཨེ་ཡོང་ཡོད། །མཐོ་ཉི་ཟླས་གླིང་བཞི་མ་བསྐོར་ན། །བློན་སྐར་ཚོགས་དཔུང་གྲོགས་དགོས་རབ་ཡོད། །རྨ་ཁམས་གེ་སར་རྒྱལ་པོ་ཁོང་། །དུས་རྒྱུན་དུ་མདའ་ལ་རྩེད་རབ་ཡོད། །གཏམ་རོག་ཁྲམ་པ་འགའ་ལེ་ཡིན། །གསོད་རྒྱུ་སྡིག་ལ་སྦྱངས་ལེ་ཡིན།།
བྱང་གྲུ་གུའི་གླིང་དང་རྨ་ཁམས་གླིང་། །བྱང་གྲུ་གུའི་གེ་སར་རྒྱལ་པོ་དང་། །ཤར་རྨ་ཁམས་གེ་སར་རྒྱལ་པོ་གཉིས། །མཚན་ཡོངས་གྲགས་རྒྱལ་ཁམས་འབྲུག་ལྟར་གྲགས། །སྐུ་མངའ་ཐང་རྒྱས་པ་འདྲ་འདྲ་རེད། །གཏམ་གྲོས་ཁ་མི་མཐུན་ཨེ་སྲིད་ན།།
༼ཞི་མཐུན་འོང་བའི་རེ་འདུན།༽ སྐུ་རྒྱལ་བོད་དང་གྲུ་གུ་གཉིས། །སྔ་འདྲེས་ད་བསད་ཡོད་པ་ན། །བླ་ཆེན་ཡུལ་དུ་ཕེབས་པས་ན། །འགྲོ་དྲུག་ཆོས་ལ་བཀོད་པས་ཆོག །དཔོན་ཆེན་ཡུལ་ལ་ཕེབས་པས་ན། །ཁམས་གསུམ་བདེ་ལ་བཀོད་པས་ཆོག །རྫ་རོག་མོ་ཁ་བས་ཁེབ་ཁེབ་བྱས། །ལམ་ཆད་ཟམ་པ་བཙུག་བཙུག་བཟོ། །སྡེ་འདྲ་གཉིས་འདུག་བདེ་སླ་མོ་ཡོད། །གཏམ་གོ་ན་ཕྲིན་ལན་ལ་མོར་ཐོང་། །ཁྱེད་རྣམས་ཡིད་ལ་དེ་འདྲ་ཞོག། ཨོྃ་མ་ཎི་པདྨེ་ཧཱུྃ།།
        ཅེས་གླུ་དེ་བཏང་བས། གྲུ་བློན་བདུད་མོའི་ཐོག་རྩལ་གྲགས་པ་དེའི་བསམ་པར། སྐུ་རྒྱལ་བོད་ཀྱི་རྒྱལ་པོ་དང་མདོ་ཁམས་གེ་སར་རྒྱལ་པོ་གཉིས། ལྷ་ཡུལ་དུ་དམ་ཚིག་གཅིག མི་ཡུལ་དུ་སྣང་བ་མཐུན་ལེ་ཡིན། གཏམ་བདེ་མོས་ཕྱོགས་ཤད་བཤད་པ་གཡོ་ཆེན་ཡིན་ཟེར་བ་དེ་རེད། དེ་རིང་གཏང་མ་དགུང་དུ་གྲགས་པ་ཞིག་མ་ནུས་ན་བུ་མིན་བསམ་ནས་ཞེ་རྒོད་ལྡིང་ནས་འཁྲུགས་ཏེ་གླུ་འདི་བླངས་སོ།།
ཨོྃ་མ་ཎི་པདྨེ་ཧཱུྃ། གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
དམ་པ་ལྷ་ཡི་ཕོ་བྲང་ནས། །སྤྲུལ་སྟོན་ངག་དབང་གྲགས་པ་མཁྱེན། །ཁྲ་རྫོང་བྱེ་མ་གདོང་ལ་ནས། །གཉེན་བཙན་རྟག་རྒོད་མདུང་དམར་མཁྱེན། །མཐིང་མཚོ་གཡུ་ཡི་ཕོ་བྲང་ནས། །སྟོབས་ཆེན་སྦྲུལ་ནག་མེ་འབར་མཁྱེན། །བསམ་པའི་དགྲ་ཤ་ལོན་པར་ཤོག།
༼ས་གནས་དང་རང་གི་ངོ་སྤྲོད།༽ ས་འདི་གཙང་རིང་དཀར་མོ་ཐང་། །ང་འདྲ་གྲུ་སྐེད་ཆ་ག་ནས། །བྱ་ནག་བདུད་ཤོག་མགོ་འཛིན་ལ། །ཟངས་རྫོང་མཁར་དམར་སྙིང་བཅུད་དེ། །བདུད་མོའི་ཐོག་ཚལ་གྲགས་པ་རེད། །སྤྲིན་ཕུང་ནག་གི་གཡུ་འབྲུག་ལ། །ཐོག་བཟང་ཅན་གྱི་ཕོ་བྲང་ཡིན། །རྒྱ་མཚོ་ནང་གི་གསེར་ཉ་ལ། །ཆུ་བདག་དཔྲལ་བ་ཁ་ཆེ་ཡིན། །འབུམ་དམག་ནང་གི་སྙིང་བཅུད་ལ། །ལན་མེད་ཆུ་སྲིན་ཁ་ཐམ་ཡིན།།
༼སྐབས་དོན་གྱི་ལན་དངོས།༽ དགུང་སང་མཐོ་བའི་གཞི་གླིང་ནས། །ཁྱུང་ཆེན་གཤོག་འཛིན་རྒྱབ་ས་ནས། །རེ་ལེའི་ལྡིང་བསྐོར་བྱ་ས་མེད། །བྱ་ལམ་གྲུ་གུ་མ་སྒྲིལ་ན། །བྱ་སྤུ་རླུང་གིས་སྟོར་རབ་ཡོད། །གཙང་ཆེན་འབབས་པའི་ཁུག་སོ་ན། གྲུ་བོད་མཚོན་ཁྲག་བཀྱེ་བ་ལ། གླིང་རུས་སྒར་འགྲིམ་མ་ལོ་བྱུང་། །གར་འགྲོ་རང་ལམ་མ་བཟུང་ན། །དོན་མེད་མི་ཤ་བསྒོ་རབ་ཡོད། །རྒྱ་སྟག་ནགས་ལ་འཛུམ་པ་ལ། །རྒྱག་དང་འདུར་རོག་དགོས་ལེ་མིན། །གྲུ་གུ་གེ་སར་རྒྱལ་པོ་ལ། །དཔའ་རོག་འཐབ་རོག་དགོས་ལེ་མེད། །མི་རྒན་གཏམ་དེ་གཡོ་སྒྱུ་ཆེ། །གྲུ་བོད་གཉིས་ཀྱི་འཁྲུགས་བར་ན། །འདན་མ་མ་འདུག་ཕར་ལ་སོང་། །འདུན་མ་ཡི་ཡོང་ཐག་ཆོད་ཡིན། །སྐུ་རྒྱལ་བོད་ཀྱི་གཏིང་ནོན་ལ། །དགོས་ངེས་ཡིན་ན་རྫོང་ལེ་མིན། །བདུད་པོས་ཐོག་མདའ་འབེབ་རྒྱུ་ཡིན། །ཅི་མ་ཡིན་ལ་སྡོད་དགོས་མེད། །ཁྱེད་རང་ཡིད་ལ་དེ་འདྲ་ཞོག། ཨོྃ་མ་ཎི་པདྨེ་ཧཱུྃ།།

༈ ཞེས་གླུ་དེ་ཙམ་བཏང་བས། འདན་མའི་བསམ་པར། འཇམ་པོའི་མདུན་མ་བྱུང་ན་བྱ་རྒྱུ་འདུག་བསམ་ནས། ཡང་ཁོ་རེ། ཕོ་གསར་གྱི་གཏམ་མ་བྲེལ། ལས་ག་ལེར་བྱས་ན་བསམ་དོན་འགྲུབ། རྟ་ག་ལེར་རྒྱུག་ན་མགྱོགས་དར་ཟིན། ཟེར་བ་དང་འདྲ། ད་རུང་ངའི་གཏམ་མི་བདེན་བསམ་ན་གླུ་འདི་ཉོན་ཟེར་ནས་གླུ་འགོ་བླངས་ཙམ་ནས། ཁོ་ཡིས་ཇོ་རུ་དཔོན་བློན་གཡོ་འཕྲུལ་ཆེ་བས། གཏམ་འདི་མི་བདེན། ངེས་པར་ང་ཚོའི་དགྲ་རེད་བསམ་ནས་ཉན་པའི་ཕྱོགས་ཙམ་མེད་པར། གཞུ་སྟེང་དུ་མདའ་ཡོད་པ་དེ་འདན་མའི་ཐོག་ཏུ་བརྫངས་པས། འདན་མས་གོ་བཟུང་ཡོད་པར་ཁྲབ་ཀྱི་ཕུར་རྩ་ནས་བྱང་བུ་ཁྲ་ཐ་རེ་བཏང། ད་རུང་གཞུ་སྟོང་སྤྲད་པས། དེར་འདན་མ་ན་རེ། ལས་བཟང་པོ་གཅིག་ལ་མ་བསམ་སྟེ། ངན་པ་གཅིག་གི་བསྒུགས་ལུགས་ལ། ཟེར་ནས་གཞུ་ཐོག་ཏུ་མདའ་མོ་སྒྲོ་དཀར་གསེར་སྟོང་གཡུ་རིས་མ་དེ་བཞག་ཅིང་མདའ་བསྐུལ་གྱི་གླུ་འདི་བླངས་སོ།།
ཨོྃ་མ་ཎི་པདྨེ་ཧཱུྃ། གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གླུ་ཨ་ལ་ལ་མོ་ཨ་ལ་ལེན། །ལུས་ཞི་ཁྲོ་ལྷ་ཡི་ཕོ་བྲང་ནས། །ཞི་བ་སྟོང་དང་རྩ་གཉིས་མཁྱེན། །འབར་བ་ཁྲག་འཐུང་ལྔ་བཅུ་མཁྱེན། །ང་འདན་མའི་སྲོག་ཁེབ་མཛད་པར་ཞུ།།
ས་འདི་ས་ངོ་མ་ཤེས་ན། །གཙང་ཡུལ་གཙང་གི་ཡ་ཐ་ན། །གཙང་ཡུལ་གཙང་གི་མ་ཐ་ན། །ཤེལ་དཀར་ལྷུན་པོའི་ཚུར་ཐ་ནས། །གཙང་ཆབ་འབབས་པའི་ཁུག་སོ་ན། །བཀྲ་ཤིས་ལྷ་ཐང་གོང་མ་རེད། །ང་འདྲ་རྨ་ལུང་རི་བརྒྱད་ནས། །འདན་ལུང་ངང་དཀར་ཁུག་མོ་ཡི། །ཤར་ལུང་སྐྱིད་རྫོང་ནང་རོལ་ནས། །སྐྱེན་པོ་འདན་མ་ཐོག་རྒོད་ཟེར། །རུ་སྣེ་ཆུ་ཆེན་ཁྲིད་མི་རེད། །རུ་གཏིང་སྒོ་མོ་བསྡམ་མི་རེད།།
ཁོ་རེ་མི་ཕོ་ཧམ་པ་ཚ། །གནམ་ས་གཉིས་ལ་མདུན་མ་གདའ། །ཁྱོད་གྲུ་གུ་མདུན་མ་ཅི་ལ་མེད། །གླིང་དཀར་འབུམ་དམག་བཅུ་གཉིས་འདི། །གཟུ་མ་བླང་མི་ལ་བརྒྱབ་རྒྱུ་ཡིན། །བརྒྱབ་ན་ཡུ་མེད་བཏང་རྒྱུ་ཡིན། །ཨ་མཚར་པོ་བྱས་ན་བྱང་གི་བུ། །ཕོ་མཁས་པ་དགྲ་ལ་གཉེན་དུ་བཟུང་། །གཉེན་མ་བསམ་ལྷུན་གྱིས་འགྲུབ་རབས་ཡོད། །ཕོ་འགའ་རེས་གཉེན་ལ་དགྲ་རུ་བཟུང་། །རང་མིན་པ་སྡང་བ་རང་གིས་བཟོ། །སྐྱེས་ཕོ་རབ་འདུན་མ་བྱེད་དུས་དེར། །བར་མིའི་ངོ་ཆེན་བྱེད་རབས་ཡོད། །ཕོ་འབྲིང་འདུན་མ་བྱེད་དུས་དེར། །བློ་ཕྱེད་རོག་ལ་ཁེལ་རབས་ཡོད། །ཕོ་མཐའ་མས་འདུན་མ་བྱེད་དུས་དེར། །བར་པ་དགྲ་ལ་འཆོར་རབས་ཡོད། །མཐུན་རྒྱུ་མེད་པའི་གཟའ་ཚང་ལས། །སུ་ཐུག་རོག་དང་འགྲུལ་ན་དགའ། །གྲུབ་རྒྱུ་མེད་པའི་འདུན་མ་བས། །ཞེ་ཐག་ཆོད་པའི་དགྲ་གཅིག་དགའ།།
ཤར་གྱི་གང་རྫོང་རི་བོ་དེ། །རྩེ་མཐོ་ལ་ལྷ་ཡི་དགུང་དང་མཉམ། །རི་དེ་ལ་འཁོར་བའི་སེང་ལྕམ་དེ། །མགོ་གཡུ་རལ་རྒྱས་ལུགས་ཁག་ཁག་རེད། །རྨ་ཁམས་རྒྱལ་པོའི་མངའ་ཐང་དེ། །ཁྲི་མཐོ་བ་དགའ་ལྡན་ལྷ་དང་མཉམ། །རྗེ་དེ་ལ་འཁོར་བའི་དཔའ་བདུད་དེ། །རྩལ་དྲུག་རྒྱས་ལུགས་ཁག་ཁག་རེད།།
༼མཚོན་ཆའི་བཤད་པ།༽ སྟག་གདོང་ནང་ནས་མདའ་གཅིག་བླང་། །ཨེ་དྲང་བསམ་ནས་སྨུག་ལ་བཏུལ། །ཨེ་བརླིངས་བསམ་ནས་ཚིག་གསུམ་བཅད། །ཨེ་འགྲོ་བསམ་ནས་སྒྲོ་གསུམ་སྒྲོན། །ཨེ་མཛེས་བསམ་ནས་གསེར་སྟོང་སྤྲད། །ཨེ་རྣོ་བསམ་ནས་ལྕགས་མདེལ་བཙུགས། །ཨེ་སྲ་བསམ་ནས་རྒྱུས་པ་དཀྲིས། །ཨེ་དཔའ་བསམ་ནས་ལྕགས་ཐང་དཀོན།།
གཟིག་ཤུབས་ནང་ནས་གཞུ་གཅིག་བླངས། །ཉི་ཟླ་ཡན་ལ་འགྲོ་བའི་སྟོབས། །མཁའ་ལྡིང་ཁྱུང་གི་གནམ་རུ་ཡོད། །རྒྱ་དྲང་ཐང་དུ་བཤིགས་པའི་ཤུབ། །བྲེ་སེ་འབྲོང་གི་དཔའ་རུ་ཡོད། །དཔའ་བརྟེན་འཆང་ཁ་བསྒྱུར་མེད་ལ། །བླང་ཆེན་ཁམས་པའི་ཐ་དཀར་ཡོད། །ཐབས་ཀྱིས་བཀུག་པའི་མཆོག་དཀར་གཞུ། །རྒྱ་སྟག་ངར་མའི་ཟིལ་རྒྱུན་ཡོད། །དཔའ་དེ་བཞི་འཛོམས་ནས་མདའ་གཅིག་འཕེན། །ཕྱི་གོ་ཁྲབ་བཙན་རྫོང་གཏོར་དང་གཅིག །ནང་བཙན་སྙིང་ཁྲག་ཕོ་དེ་དང་གཉིས། །འཁོར་གསུམ་དཔའ་དར་ཐོབ་དང་གསུམ། །དེ་གསུམ་མ་བླངས་འདན་མ་མིན།། ཨོྃ་མ་ཎི་པདྨེ་ཧཱུྃ།།
ཞེས་གླུ་རྫོགས་པ་དང་སྒྲོ་ཁ་གསེར་སྟོང་གཡུ་རིས་དེ་བརྫངས་པས། བདུད་མོའི་ཐོག་ཚར་གྲགས་པའི་སྙིང་དཀར་ནག་མཚམས་སུ་འཐེབས་ཏེ། བྲག་རི་ཐོག་གིས་གཏོར་བ་ལྟ་བུའི་ཁ་སྣ་ནས་ཁྲག་བབ་ཅིང་རྟ་ཐོག་ནས་ལྷུང། གཞན་སོ་སོ་ནས་མདའ་འཐབ་ཡུད་ཙམ་བྱས། གླིང་འདན་མའི་ཤོག་ནས་རྟ་མི་གཉིས་བསད། བྱང་བདུད་མོའི་ཤོག་ནས་རྟ་དམག་བཅུ་གསུམ་ཤི་རྨས་བྱས། དེ་ནས་གྲུ་གུའི་རྟ་དམག་དེ་དཔའ་ཆག་ཅིང་རང་ཚོད་བཟུང། དེ་ནས་འདན་མ་སྐུ་འཁོར་ཚོགས་ཀུན་ཀྱང་དཔའ་ཚོད་བཟུང་ཞིང་། བདུད་མོའི་ཐོག་ཚལ་གྱི་མགོ་རལ་རྟ་བཅས་བླངས་ནས་ཉི་མ་ཕྱེད་ཙམ་ན། འདན་མ་གཡུ་རྒྱལ་ཐོག་རྒོད་དེ་ཉིད་གླིང་དམག་གིས་བསུ་བ་དང་བཅས་སྒར་དུ་ཕྱག་ཕེབས། དེ་ཉིན་དགྲ་འདུལ་གྱིས་དཔའ་རྟགས་གླིང་རུས་ཐོབ་པས། སྐུ་རྒྱལ་བོད་ཀྱི་རྒྱལ་པོས། འབུམ་དཔོན་ཆེ་བཟི་དང་། བློན་ཆེན་འདན་མ་བཅས་ལ་ཚད་དུ་མེད་པའི་འབུལ་བ་དང་དཔོན་རྒྱུད་དཔའ་ཐུལ་རྣམས་ལ་གསེར་དངུལ་དར་གོས། བཙན་པོའི་གོ་ཁྲབ། རྣོ་བའི་མཚོན། མགྱོགས་པའི་རྟ་བཅས་དགུ་ཚན་བཅོ་བརྒྱད་ཀྱི་དཔའ་དར་བཏགས། བྱང་གྲུ་གུའི་རྗེ་བློན་ཚོའང་ནམ་ལངས་མུན་རུབ་ཀྱིས་བྲོས་ལ་བརྩོན་ཅིང་བསྡད་དོ།།[26]
འདིར་མཚོན་པ་ཙམ་སྟེ་རྒྱས་པར་རྟོགས་བརྗོད་དེར་གཟིགས་པར་འཚལ་ལོ།།

ཕྱིས་སུ་བྱུང་བའི་སྲོལ་རྒྱུན་རྩོམ་རིག
༈ གཞན་ཡང་དུས་ཀྱི་ཆ་ནས་ཕྱིས་སུ་བྱོན་པ་ཡིན་ན་ཡང་། རྩོམ་འགྲོས་ཀྱི་ཆ་ནས་སྲོལ་རྒྱུན་རྩོམ་རིག་ཡིན་པ། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ནི་ཅི་ནས་ཀྱང་སྙན་པ་ཞིག་ཡོད་པས་འདིར་ཅུང་ཟད་གཟིགས་པར་ཞུ།།
ཤར་ཕྱོགས་རི་ཡི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་།།
མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང་།།
ན་ནིང་བཏབ་པའི་ལྗང་གཞོན། །ད་ལོ་སོག་མའི་ཕོན་ལྕོག།
ཕོ་གཞོན་རྒས་པའི་ལུས་པོ། །རྭ་ཅོའི་གཞུ་ལས་གྱོང་བ།།
རང་སེམས་སོང་བའི་མི་དེ། །གཏན་གྱི་མདུན་མར་བྱུང་ན།།
རྒྱ་མཚོའི་གཏིང་ནས་ནོར་བུ། །ལོན་པའི་ཚད་དང་མཉམ་བྱུང།།
འགྲོ་ཞོར་ལམ་བུའི་སྙིང་ཐུབ། །ལུས་དྲི་ཞིམ་པའི་བུ་མོ།།
གཡུ་ཆུང་གྲུ་དཀར་རྙེད་ནས། །སྐྱུར་བ་དེ་དང་འདྲ་བྱུང་།།
མི་ཆེན་དཔོན་པོའི་སྲས་མོ། །ཁ་འབྲས་མཚར་ལུགས་བལྟས་ན།།
ཁམ་སྡོང་མཐོན་པོའི་རྩེ་ནས། །འབྲས་བུ་སྨིན་པ་འདྲ་བྱུང་།།
སེམས་པ་ཕར་ལ་ཤོར་ནས། །མཚན་མོའི་གཉིད་ཐེབས་གཅོག་གི།།
ཉིན་མོ་ལག་ཏུ་མ་ལོན། །ཡིད་ཐང་ཆད་རོགས་ཡིན་པ།།
མེ་ཏོག་ནམ་ཟླ་ཡལ་སོང་། །གཡུ་སྦྲང་སེམས་པ་མ་སྐྱོ།།
བྱམས་པའི་ལས་འཕྲོ་ཟད་པར། །ང་ནི་སྐྱོ་རྒྱུ་མི་འདུག།
རྩི་ཐོག་བ་མོའི་ཁ་ལ། །རྐྱང་སེར་རླུང་གི་ཕོ་ཉ།།
མེ་ཏོག་སྦྲང་བུ་གཉིས་ཀྱི། །འབྲེལ་མཚམས་གཅོད་མཁན་ལོས་ཡིན།།
ངང་པ་འདམ་ལ་ཆགས་ནས། །རེ་ཞིག་སྡོད་དགོས་བསམས་ཀྱང་།།
མཚོ་མོ་དར་ཁ་འགྲིགས་ནས། །རང་སེམས་ཁོ་ཐག་ཆོད་སོང་།།
གྲུ་ཤན་སེམས་པ་མེད་ཀྱང་། །རྟ་མགོས་ཕྱི་མི་བལྟས་བྱུང་།།
ཁྲེལ་གཞུང་མེད་པའི་བྱམས་པས། །ང་ལ་ཕྱི་མིག་མི་ལྟ།།
ང་དང་ཚོང་འདུའི་བུ་མོའི། །ཚིག་གསུམ་དམ་བཅའི་མདུད་པ།།
ཕྲ་བོའི་སྦྲུལ་ལ་མ་བརྒྱབ། །རང་རང་ས་ལ་གྲོལ་སོང་།།
ཆུང་འདྲིས་བྱམས་པའི་རླུང་བསྐྱེད། །ལྕང་མའི་ལོགས་ལ་བཙུགས་ཡོད།།
ལྕང་པའི་ཡི་གེ་ནག་ཆུང་། །ཆུ་དང་ཐིག་པས་འཇིག་སོང་།།
མ་བྲིས་སེམས་ཀྱི་རི་མོ། །བསུབ་ཀྱང་ཟུབ་རྒྱུ་མི་འདུག་།།
རྒྱབ་པའི་ནག་ཆུང་ཐེ་འུས། །གསུང་སྐད་འབྱོན་ནི་མི་ཤེས།།
ཁྲེལ་དང་གཞུང་གི་ཐེ་འུ། །སོ་སོའི་སེམས་ལ་སྐྱོན་དང་།།
སྟོབས་ལྡན་ཧ་ལོའི་མེ་ཏོག །མཆོད་པའི་རྫས་ལ་ཕེབས་ན།།
གཡུ་སྦྲང་གཞོན་ནུ་ང་ཡང་། །ལྷ་ཁང་ནང་ལ་ཁྲིད་དང་།།
སེམས་སོང་བུ་མོ་མི་བཞུགས། །ལྷ་ཆོས་གནང་ལ་ཕེབས་ན།།
ཕོ་གཞོན་ང་ཡང་མི་སྡོད། །རི་ཁྲོད་འགྲིམ་ལ་ཐེགས་འགྲོ།།
མཚན་ལྡན་བླ་མའི་དྲུང་དུ། །སེམས་འཁྲིད་ཞུ་བར་ཕྱིན་པས།།
སེམས་པ་སྐོར་ཀྱང་མི་ཐུབ། །བྱམས་པའི་ཕྱོགས་ལ་ཤོར་སོང་།།
སྒོམ་པ་བླ་མའི་ཞལ་རས། །ཡིད་ལ་འཆར་རྒྱུ་མི་འདུག།
མ་སྒོམ་བྱམས་པའི་ཞལ་རས། །ཡིད་ལ་ཝ་ལེ་ཝ་ལེ།།
སེམས་པ་འདི་ལ་འགྲོ་འགྲོ། །དམ་པའི་ཆོས་ལ་ཕྱིན་ན།།
ཚེ་གཅིག་ལུས་གཅིག་ཉིད་ལ། །སངས་རྒྱསལ་ཐོབ་པ་འདུག་གོ།
དག་པ་ཤར་རི་སྒང་ཆུ། །ཀླུ་བདུད་རྡོ་རྗེ་ཟིལ་པ།
བདུད་རྩི་སྨན་གྱི་ཕབ་རྒྱུན། །ཆང་མ་ཡེ་ཤེས་མཁའ་འགྲོ།
དམ་ཚིག་གཙང་མས་བཏུང་ན། །ངན་སོང་མྱང་དགོས་མི་འདུག།
རླུང་རྟ་ཡར་འགྲོའི་དུས་ལ། །རླུང་བསྐྱེད་ད་ལྕོག་བཙུགས་པས།།
མཛངས་མ་མ་བཟང་བུ་མོས། །འགྲོན་པོའི་གྲལ་ལ་བོས་བྱུང།།
སོ་དཀར་པགས་པའི་འཛུམ་མདངས། །བཞུགས་གྲལ་སྤྱི་ལ་བལྟས་ན།།
མི་ཟུར་ཕྲ་མོའི་སྒྲིལ་མཚམས། གཞོན་པའི་གདོང་ལ་བལྟས་བྱུང་།
ཧ་ཅང་སེམས་ལ་སོང་ནས། །འགྲོགས་འདྲིས་ཨེ་ཡོང་དྲིས་པས།།
འཆི་བྲལ་བྱེད་ན་མིན་པ། །གསོན་བྲལ་མི་བྱེད་གསུངས་བྱུང་།།
མཛངས་མའི་ཐུགས་དང་བསྟུན་ན། །ཚེ་འདི་ཆོས་སྐལ་ཆད་འགྲོ།།
དབེན་པའི་རི་ཁྲོད་འགྲིམས་ན། །བུ་མོའི་ཐུགས་དང་འགལ་འགྲོ།།
སྦྲང་བུ་རྒྱ་ལ་བཅུག་འདྲ། །ཀོང་ཕྲུག་གཞོན་པའི་བློ་སྣ།།
ཞག་གསུམ་ཉལ་རོགས་བྱས་པའི། །ཕུགས་ཡུལ་ལྷ་ཆོས་དྲན་བྱུང།།
གཏན་གྲོགས་ཆེད་དུ་བསམ་པའི། །ཁྲེལ་དང་ངོ་ཚ་མེད་ན།།
མགོ་ལ་རྒྱབ་པའི་གཙུགས་གཡུས། །སྐད་ཆ་སྨྲ་ནི་མི་ཤེས།།
འཛུམ་དང་སོ་དཀར་བསྟན་ཕྱོགས། །གཞོན་པའི་བློ་ཁྲིད་ཡིན་འདུག།
སྙིང་ནས་ཤ་ཚ་ཡོད་མེད། །དབུ་མནའ་བཞེས་རོགས་གནང་དང་།
སྙིང་ཐུབ་བྱ་རྡོ་ལམ་འཕྲད། །ཨ་མ་ཆང་མས་སྦྱར་བྱུང།།
ལན་ཆགས་བུ་ལོན་བྱུང་ན། །འཚོ་སྐྱོང་ཁྱེད་རས་གནང་ཞུ།།
སྙིང་གཏམ་ཕ་མར་མ་བཤད་། ཆུང་འདྲིས་བྱམས་པར་བཤད་པས།།
བྱམས་པ་ཤ་ཕོ་མང་ནས། །གསང་གཏམ་དགྲ་བོས་གོ་སོང་།།
སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །རྔོན་པ་ང་རས་ཟིན་ཀྱང་།
དབང་ཆེན་མི་ཡི་དཔོན་པོ། ནོར་བཟང་རྒྱ་པོས་འཕྲོག་སོང་།།
ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད།།
ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་བྱུང་།།
རང་ལ་དགའ་བའི་བྱམས་པ། །གཞན་གྱི་མདུན་མར་བླངས་སོང་།།
ཁོག་ནད་བསམ་པའི་གཅོང་གིས། །ལུས་པོའི་ཤ་ཡང་སྐམ་སོང་།།
སྙིང་ཐུབ་རྐུ་མ་ཤོར་སོང་། །མོ་ཕྱྭ་རྩིས་འབུལ་རན་སོང་།།
བུ་མོ་གདུང་སེསམ་ཅན་མ། །རྨི་ལམ་ནང་ལ་འཁོར་སོང་།།
བུ་མོ་འཆི་བ་མེད་ན། །ཆང་ལ་འཛད་པ་མི་འདུག
གཞོན་པའི་གཏན་གྱི་སྐྱབས་གནས་། །འདི་ལ་བཅོལ་བས་ལོས་ཆོག།
བུ་མོ་ཨ་མར་མ་སྐྱེས། །ཁམ་བུའི་ཤིང་ལ་སྐྱེས་སམ།
ཨ་གསར་ཟད་པ་ཁམ་བུའི། །མེ་ཏོག་ལས་ནི་མགྱོགས་པ།།
བུ་མོ་ཆུང་འདྲིས་བྱམས་པ། །སྐྱང་ཀིའི་རིགས་བརྒྱུད་མིན་ནམ།།
ཤ་འདྲིས་པགས་འདྲིས་བྱུང་ཡང་། །རི་ལ་ཡར་གྲབས་མཛད་ཀྱིས།།
རྟ་རྒོད་རི་ཡར་རྒྱབ་པ། རྙིད་དང་ཞགས་པས་ཟིན་གྱིས།།
བྱམས་པ་ངོལོག་རྒྱབ་པ། །མཐུ་ངོ་ཟིན་པ་མི་འདུག།
བྲག་དང་རླུང་པོ་བསྡེབས་ནས། །རྒོད་པོའི་སྒྲོ་ལ་གཟན་བྱུང་།།
གཡོ་ཅན་རྫུ་བག་ཅན་གྱིས། །ང་ལ་གཟན་པོ་བྱས་བྱུང།།
སྤྲིན་པ་ཁ་སོར་གཏིང་ནག །སད་དང་སེར་བའི་གཞི་མ།།
བནྡེ་སྐྱ་མི་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ།།
ས་དེ་ཁ་ཞུར་གཏིང་འཁྱགས། །རྟ་ཕོ་གཏང་ས་མ་རེད།།
གསང་སྒྲོག་བྱམས་པའི་ཕྱོགས་སུ། །སྙིང་གཏམ་ཤོད་ས་མ་རེད།།
ཚེས་ཆེན་བཅོ་ལྔའི་ཟླ་བ། །ཡིན་ལ་འདྲ་བ་འདུག་སྟེ།།
ཟླ་བའི་དཀྱིལ་གྱི་རི་བོང། །ཚེ་ཟད་འཚངས་ནས་འདུག་གོ།།
ཟླ་བ་འདི་ནི་ཕར་འགྲོ། །གཏིང་མའི་ཟླ་བ་ཚུང་ཡོང་།།
བཀྲ་ཤིས་ཟླ་བ་དཀར་པོའི། །ཟླ་སྟོད་ཕྱོགས་ནས་མཇལ་ཡོང་།།
དབུས་ཀྱི་རི་རྒྱལ་ལྷུན་པོ། །མི་འགྱུར་བརྟན་པར་བཞུགས་དང་། །
ཉི་མ་ཟླ་བའི་བསྐོར་ཕྱོགས། །ནོར་ཡོང་བསམ་པ་མི་འདུག།
ཚེ་གསུམ་ཟླ་བ་དཀར་བ། །དཀར་དགོས་ནང་ནས་ཆོད་སོང་།།
བཅོ་ལྔའི་ནམ་དང་མཉམ་པའི། །ཞལ་བཞེས་གཅིག་ཀྱང་གནང་ཞུ།།
ས་བཅུའི་དབྱིངས་སུ་བཞུགས་པའི་། །དམ་ཅན་རྡོ་རྗེ་ཆོས་སྐྱོང་།།
མཐུ་དང་ནུས་པ་ཡོད་ན། །བསྟན་པར་དགྲ་བོ་སྒྲོལ་དང་།།
ཁུ་བྱུག་མོན་ནས་ཡོང་བའི། །ནམ་ཟླའི་ས་བཅུད་འཕེལ་སོང་།།
ངང་པ་བྱམས་པ་ཕྲད་ནས། །ལུས་སེམས་ལྷོད་པོར་ལུས་སོང་།།
སྐྱེ་འགྲོའི་མི་རྟག་འཆི་བ། །སྙིང་ནས་མ་དྲན་ཟེར་ན།།
སྤྱང་གྲུང་འཛོམས་མདོག་ཁ་ཡང་། །དོན་ལ་ལྐུགས་པ་འདྲ་བྱུང་།།
ཁྱི་དེ་སྟག་ཁྱི་གཟིག་ཁྱི། །ལྡག་ཁ་སྟེར་ནས་འདྲིས་སོང་།།
ནང་གི་སྟག་མོ་རས་འཛོམས། །འདྲིས་ནས་ཐུ་རུ་ལངས་སོང་།།
ས་ལ་རི་མོ་བྲིས་ནས་། ནམ་མཁའི་སྐར་ཚོགས་ཐིག་བྱུང་།།
ཤ་འཇམ་ལུས་པོ་འདྲིས་ཀྱང་། །བྱམས་པའི་གདེང་ཚོད་མི་ལོན།།
ང་དང་བྱམས་པའི་བདེ་སྡུག །ལྷོ་རོང་མོན་པའི་ནགས་གསེབ།།
སྨྲ་མཁན་ནེ་ཙོས་མ་གཏོགས། །སུ་དང་གང་གིས་མ་ཤེས།།
སྨྲ་མཁན་ནེ་ཙོས་ལོས་ཤེས། །གསུང་ཁ་མོད་ལ་མ་གནང་།།
ལྷ་ས་མི་ཚོགས་མཐུག་ལ། །འཕྱོངས་རྒྱས་མི་སྤུས་དག་པ།།
ང་ལ་ཡོང་བའི་ཆུང་འདྲིས། །འཕྱོངས་རྒྱས་གཞུང་ན་ཡོད་དོ།།
ཁྱི་རྒན་རྒྱ་བོ་ཟེར་བ། །རྣམ་ཤེས་མི་ལས་སྤྱང་བ།།
སྲོད་ལ་ལངས་སོང་མ་ཟེར། །ཐོ་རངས་ལོག་བྱུང་མ་ཟེར།།
རང་ལ་དགོས་པ་བཞིན་དུ། །གཞན་ལའང་དགོས་པ་ཡོད་འགྲོ།།
སྲོད་ལ་བྱམས་པ་བཙལ་བའི། །ཐོ་རངས་ཁ་བ་བབས་བྱུང།།
གསང་དང་མ་གསང་མི་འདུག །ཞབས་རྗེས་གངས་ལ་བཞག་འདུག།
པོ་ཏཱ་ལུ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
ལྷ་ས་ཞོལ་དུས་སྡོད་དུས། །འཆལ་པོ་དང་བཟང་དབང་པོ།།
ཤ་འཇམ་ཉལ་སའི་ནང་གི། །སྙིང་ཐུབ་གདུང་སེམས་ཅན་མ།།
ཨོ་ལོའི་རྒྱུ་ནོར་འཕྲོག་པའི། །གཡོ་སྒྱུ་བཤད་པ་མིན་འགྲོ།།
དབུ་ཞྭ་དབུ་ལ་བཞེས་སོང་། །དབུ་ལྕང་རྒྱབ་ལ་དབྱུགས་སོང་།།
ག་ལེ་ཕེབས་ཤིག་བྱས་པས། །ག་ལེར་བཞུགས་ཞེས་ཟེར་གྱིས།།
ཐུགས་སེམས་སྐྱོ་ཡོང་བྱས་པས། །མགྱོགས་པོ་འཕྲད་ཡོང་གསུངས་བྱུང།།
བྱ་དེ་ཁྲུང་ཁྲུང་དཀར་མོ། །ང་ལ་གཤོག་རྩེ་གཡར་དང།།
ཐག་རིང་བརྐྱངས་ནས་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང།།
ཤི་དེ་དམྱལ་བའི་ཡུལ་གྱི། །ཆོས་རྒྱལ་ལས་ཀྱི་མི་ལོང་།།
འདི་ནས་ཁྲིག་ཁྲིག་མི་འདུག། །དེ་ནས་ཁྲིག་ཁྲིག་གནང་ཞུ།།[27]
        གསུང་མགུར་དེ་དང་ཆ་འདྲ་བའི་སྲོལ་རྒྱུན་རྩོམ་རིག་གཞན་པ་ཞིག་འགོད་རྒྱུ་ཡིན། འདིའི་རྩོམ་པ་པོ་ནི། ཉེ་ཆར་བོད་ཀྱི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པ་དང་། ཁོའི་མཚན་ནི་བསམ་གཏན་ཞུ་བ་ཞིག་ཡིན་འདུག་པས་ངའི་མིང་དང་གཅིག་མཚུངས་ཡིན་པ། བསམ་ཚུལ་ཡང་ང་དང་མཐུན་པའི་འབྲོག་པ་ཞིག་ཡིན། འབྲོག་བསམ་གཏན་ནི་སྲོལ་རྒྱུན་རྩོམ་རིག་དང་། ལྷག་པར་འོག་ཏུ་ཞུ་རྒྱུའི་ཁྱད་འཕགས་རྩོམ་རིག་གཉིས་ཀ་ལ་མཁས་པ་ཞིག་ཡིན། ཡིན་ནའང་ཁོའི་རྩོམ་དེབ་དེ་ཉིད་ཁོ་རང་སྐུ་དངོས་བཞུགས་དུས་དཔར་སྐྲུན་གནང་ཐུབ་མ་བྱུང་བར། ཕྱིས་སུ་ཁོའི་གྲོགས་པོ་ཞིག་གིས་དཔར་སྐྲུན་གནང་འདུག། ཁོའི་སྲོལ་རྒྱུན་རྩོམ་རིག་ལ་གཅིག་གཟིགས་དང་། སྲོལ་རྒྱུན་གྱི་རྩོམ་རིག་འབྲི་བ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས་ཡིན།།
༈ མེ་ཏོག་ཟིལ་པ་ཤིག་གེར། །བུང་བ་བསམས་ནས་ངུ་དུས།།
མོ་གཞོན་སྤྱན་ཆབ་ཤམ་མེར། །ཨོ་ལོ་དྲན་ནས་བཤུམས་སམ།།༡།།
མཛེས་མར་ཁྲོམ་ཆེན་དཀྱིལ་ནས། །ཟུར་མིག་འཕེན་བསམ་མེད་ཀྱང་།།
མཇིང་པའི་འཁོར་སྟངས་ཤིག་གིས། །མགོ་བོར་རང་དབང་མི་མགུག༢།
ཡ་གིའི་དགུང་སྔོན་གནམ་ན། །ཁྲུང་ཁྲུང་ཆ་དང་ཆ་རེད།།
འདབ་ཆགས་བྱ་ཞིག་ཡིན་ཡང་། །སྐྱིད་ནི་ཅི་འདྲའི་སྐྱིད་པ།།༣།།
ཡིད་སེམས་ཤོར་བའི་མི་ལ། །སྤྱན་མིག་ཡ་གཅིག་མེད་ཀྱང་།།
ཡ་གཅིག་དེ་ཡི་ཆ་ག །དེའི་འདྲའི་ཡིད་དུ་འོང་བ།།༤།།
དཀར་འཇམ་ཤོག་བུའི་ངོས་སུ། །སྒྲོལ་མའི་སྐུ་ཞིག་བྲིས་དུས།།
སྨྱུ་གུའི་ཁྱུག་སྟངས་ཤིག་གིས།།བྱམས་པའི་ཞལ་རས་ཕབ་འདུག།༥།།
འུ་གུ་གཉིས་ཀའི་བརྩེ་བ། །རང་བྱོན་རྡོ་ཡི་རི་མོ།།
རྡོ་བ་ཧྲུག་གེར་བཅགས་ཀྱང་། །རི་མོ་ཤག་གེར་བབས་ཡོད།།༦།།
མཁའ་ཡི་རྒྱུ་སྐར་ཁྲ་མོ། །མཛངས་མའི་ལུག་ཁྱུ་ཡིན་ན།།
དགུ་ཚིགས་སྐྱ་མོའི་ཀློང་ནས། །འཚོ་སྐྱོང་ང་ཡིས་བྱས་ཆོག།༧།།
འཛའ་འཕྲིན་ཉ་མོར་བསྐུར་བ། །ཨོལ་གོང་བརྡོལ་ནས་བོར་སོང་།།
སྐྱོགས་ཆུང་ནང་དུ་བཅུས་ན། །བྱམས་པའི་ལག་ཏུ་བཞག་རོགས།།༨།།
ཚེར་མ་རྣོན་པོའི་གསེབ་ཀྱི། །རི་སིལ་སྟར་བུ་དམར་ཆུང་།།
བཏོགས་ན་ལག་པ་ཚ་ཡང་། །མཐོང་ན་འགྲམ་ཆུ་ལྡང་བ།།༩
གཞོན་པའི་ལང་ཚོའི་དུས་སྐབས། །དབྱར་ཟླ་བཞིན་དུ་ཐུང་ཡང་།།
གཡོ་ལྷད་མེད་པའི་བརྩེ་དུང་། །མེ་ཏོག་ལྟར་ཏུ་མཛེས་པ།།༡༠།།
ལོ་དང་ཟླ་བའི་འཁོར་སྐྱོད། །ཕྲེང་རྡོག་བརྒྱ་དང་བརྒྱད་རེད།།
ཁྱོད་དང་མཐུན་པའི་ཉིན་མོ། །བ་སོའི་ཕྲེང་དཔོན་དེ་རེད།།༡༡།།
ང་ནི་བྱམས་པར་བྲལ་དུས། །དབྱར་ཟླ་དྲུག་པ་ཡིན་ཡང་།།
ཁ་བ་སེམས་སུ་བབས་ནས། །བྱང་ཁོག་འཁྱག་གིས་བསྡམས་སོང་།།༡༢།།
ཁོ་ཚོ་རི་སྤྱང་སྔོན་མོས། །རི་ནས་སོ་ལྟ་བྱས་ཀྱང་།།
ངེད་ཚོ་གཡང་དཀར་ལུ་གུས། །ཤོད་ནས་སྔོ་རྩྭ་ཟ་དགོས།།༡༣།།
མཛའ་འཕྲིན་ཡི་གེ་ནག་ཆུང་། །ངག་གིས་ཀློག་ནི་མི་དགོས།།
ལག་པས་ཐེངས་གསུམ་རེག་ཙང་། །སྙིང་གི་འཕར་ལྡིང་ཚོར་ཡོང་།།༡༤།།
ཁྱོད་ནི་མར་མེ་ཚེ་འབར། །ང་ནི་སྲིན་བུ་མེ་ལྕེབ།།
དྲོད་དང་འོད་ཀྱི་ཆེད་དུ། །ལང་ཚོའི་མཆོད་པ་ཕུལ་ཆོག།༡༥།།
མེ་ཏོག་དཀར་དམར་ཆ་གཅིག །ཆུ་མོའི་འགྲམ་ན་བཞད་ཡོད།།
སྐྱིན་ཐང་སེར་བ་དྲག་པོས། །ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས།།༡༦།།
བུ་མོ་ཁྱོད་ཀྱི་སྤྱན་ཆབ། །གདོང་ལ་མུ་ཏིག་ཕྲུལ་ཁྲུལ།།
བུ་ཆུང་ང་ཡི་མིག་ཆུ། །སྙིང་ལ་ཚེར་མ་ཟུག་ཟུག།༡༧།།
དུང་ཟླའི་འོད་ཟེར་ངོགས་ན། །ལུག་ཆུང་ཚ་རུའི་ནང་ན།།
སྙིང་སྡུག་དུངས་སེམས་ཅན་མས། །གཉིད་ཡུར་རྒྱག་གྱིན་སྒུག་ཡོད།།༡༨།།
ལྕང་མ་ཁེར་སྐྱེས་རྩེ་ཡི། །བྱིའུ་ཆུང་མཐེབ་རྡོག་འདྲ་བ།།
གཅིག་ཉིད་གཅིག་ལ་བརྟེན་པའི། །དེ་འདྲའི་གནས་བཟོད་བདེ་བ།།༡༩།།
སང་ཞོགས་ཆར་པ་བབས་ན། །ཆར་གདུགས་འཛིན་པ་མ་གནང་།།
སྙིང་ཉེ་དྲན་པའི་མཆི་མ། །ཆར་པའི་ནང་དུ་སིམ་ཡོད།།༢༠།།
བུ་མོའི་རྨི་ལམ་ནང་དུ། །འཛུལ་བའི་རང་དབང་ཡོད་ན།།
བཙན་དང་དབང་ལ་གཡོལ་ནས། །སྙིང་གི་ཚིག་གསུམ་གླེང་འདོད།།༢༡།།
ཁབ་དེ་རྒྱ་ཁབ་ཕྲ་མོའི། །རྩེ་མོ་ཉིས་མཚེས་ཡིན་ན།།
འཚེམ་བཟོ་གནང་བའི་ཨ་ཇོར། །ངན་ཁག་འགེལ་བ་མ་གནང།།༢༢།།
སྨན་ཤར་ནོར་དད་ཅན་མ། །གཟེབ་ཏུ་ཚུད་པའི་བྱིའུ་ཆུང་།།
གཤོག་ཟུང་ཅི་ཡིན་དྲིས་པར། །མཁོ་མེད་ཁུར་བོ་རེད་ཟེར།།༢༣།།
དྲོ་འཇམ་ཉི་འོད་ངོགས་ཀྱི། །འགྲོ་རོགས་གྲིབ་མ་ནག་རིང་།།
འཁྱག་བསིལ་གྲིབ་སོ་བཀུག་དུས། །ག་ས་གང་དུ་བྲོས་སམ།།༢༤།།
མི་ཕོ་ཁྱོད་ཀྱིས་བཤད་པའི། །ཚིག་གསུམ་སྐད་ཆ་སྙན་མོ།།
ཀྱོ་བ་རྣོན་པོའི་རྩེ་ཡི། །ཤ་རྡོག་དེ་དང་འདྲ་བ།།༢༥།།
སྨན་ཆུང་ཧམ་སེམས་ཅན་མས། །ཉི་མ་ཟླ་བ་གཉིས་ཀ།།
བང་བའི་ནང་དུ་ཤོང་ན། །ལྡེ་མིག་མོས་ཉར་ཟེར་རོ།།༢༦།།
ཕོ་གཞོན་མོ་ལ་ཆགས་ནས། །ལམ་ཐག་རིང་བར་མ་འཛེམས།།
མོ་གཞོན་མི་ཁར་སྐྲག་ནས། །སྒོ་ཁྱི་སྟེང་དུ་རྦད་བྱུང་།།༢༧།།
དཀར་པོ་དཀར་གཙང་ཡིན་ན། །ནག་ནོག་བསྒོས་ཀྱང་སྲིད་མོད།།
ནག་པོ་ནག་རྐྱང་ཞིག་གིས། །མ་ཉེས་ཁ་གཡོགས་མ་བྱེད།།༢༨།།
བདག་སེམས་ཁྱོད་ལ་གཏད་པ། །བྱིའུ་ཆུང་ཚེར་མགོར་བབས་འདྲ།།
ཚེར་མར་གདུག་རྩུབ་ཆེ་བས། །གཤོག་པར་ཟུག་རྔུ་བསླངས་སོང།།༢༩
བུམ་པའི་ནང་གི་མེ་ཏོག །ཐུགས་དོགས་གནང་དོན་ཅི་ཡོད།།
སྦྲང་རྩི་གསོག་པའི་བུང་བ། །ཁྱོད་སར་འཁོར་ནི་མི་སྲིད།།༣༠།།
བདག་གི་སྙིང་གཏམ་ཚིག་གསུམ། །བསེར་མ་རླུང་གིས་ཁྱེར་རམ།།
བཤད་ནི་ཁྱོད་ལ་བཤད་ཀྱང་། །གོ་ནི་ཀུན་གྱིས་གོ་སོང་།།༣༡།།
ཆུང་འདྲིས་ཕྱེ་མ་ལེབ་ཙེ། །མཛེས་ནི་མཛེས་པོ་འདུག་སྟེ།།
མི་ཁའི་རླུང་བུ་གཡགས་དུས། །འཕུར་བའི་གཤོག་རྩལ་གཉོམ་པ།།༣༢།།
གཟེབ་ཆུང་དངུལ་གྱིས་བཟོས་ཀྱང་། །བྱིའུ་ཆུང་དགའ་པོ་མི་འདུག།
ལྕགས་ཀྱུ་གསེར་གྱིས་གྲུབ་ཀྱང་། །ཉ་མོ་སྨོན་པ་མི་འཆོར།།༣༣།།
ལྟས་ངན་བོང་རྒན་སྐྱ་བོར། །གསེར་སྒ་ལྷུ་བཞི་བསྟད་ནས།།
ཅང་ཤེས་རྟ་མཆོག་ཅིག་ལ། །རང་འཐག་སྐོར་དུ་བཅུག་བྱུང།།༣༤།།
བློ་གཏད་མེད་པའི་མཛའ་མོས། །བདག་དང་རྡོ་བ་བརྗེས་སོང་།།
གཡུ་བྱུར་རྒྱན་ཆ་བཏགས་ནས། །མ་འདྲིས་ཁྱོ་བོ་བསྙེགས་སོང་།།༣༥།།
སྨན་དུ་མ་བཏུས་གོང་ལ། །མེ་ཏོག་སད་ཀྱིས་བསྐམས་སོང་།།
ཁྱི་དུ་མ་བསུས་གོང་ལ། །ཆུང་འདྲིས་གཞན་གྱིས་བསླུས་སོང་།།༣༦།།
སྨན་ཆུང་སྨིན་ལེགས་ལུས་ཕྲ། །མིག་ལ་མཛེས་པོ་འདུག་ཀྱང་།།
སྤྱོད་པ་ཚུལ་འཆོས་ཁྲལ་ཁྲུལ། །སེམས་སུ་འབབ་པོ་མི་འདུག།༣༧།།
ཉ་མོ་གཅེར་བུ་ཞིག་ལ། །ན་བཟའ་སྐོན་རྒྱུ་མ་ཟེར།།
ཕོ་ཧྲེང་ཡི་ཆད་ཅིག་ལ། །སྙིང་ཉེ་སྒྲིག་རྒྱུ་མ་ཟེར།།༣༨།།
ང་ཡིས་བཙལ་བའི་སྙིང་གྲོགས། །ཤ་བའི་མགོ་ཡི་རྭ་ཅོ།།
སྐྱིད་པའི་གྲོགས་སུ་མ་སོང་། །སྡུག་པའི་གཤེད་དུ་གྱུར་སོང་།།༣༩།།
མི་དྲན་དགུ་དྲན་བྱས་ནས། །རྟ་དང་བོང་བུ་བཤིབས་སོང་།།
བོང་བུར་ངོ་སོ་ཡོད་ཀྱང་། །རྟ་ཕོས་གཏམ་ངན་བཞག་སོང་།།༤༠།།
ཟླ་བས་རི་བོང་པང་འདུག །སྐར་མས་སྐར་མར་བལྟས་འདུག།
སྙིང་ཉེ་ཉིད་དང་བྲལ་བས། །ང་ནི་གྲོགས་མེད་ཧྲེང་ཧྲེང་།།༤༡།།
བུ་མོ་ཆུ་ཁར་སླེབས་དུས། །ཉ་མོས་འཁྲུག་འགྲོས་བརྒྱབ་ན།།
གསེར་མདོག་ཁྲབ་རིས་ངོས་སུ། །ཨོ་ལོའི་གསང་འཕྲིན་བསྐུངས་ཡོད།།༤༢།།
ཉི་འོད་སེར་པོ་བཀུག་ནས། །འོད་ཀྱི་གདུ་བུ་བཟོས་ཏེ།།
ཞེ་སེམས་མཐུན་པའི་བྱམས་པར། །སྐྱེས་སུ་ཕུལ་ན་བསམས་བྱུང།།༤༣།།
མྱུར་མགྱོགས་དུས་ཀྱི་བགྲོད་པ། །ཕི་རུ་བསྣུར་ཐབས་ཡོད་ན།།
མི་ལོ་སྟོང་གི་ཡུན་ལ། །ང་དང་བྱམས་པ་འགྲོག་ཆོག།༤༤།།
གཡུ་ཆུང་རྡོ་ལ་གཙུབས་ནས། །རྫུས་མིན་ཕུ་ཐག་ཆོད་ཀྱང་།།
བུ་མོའི་ཚིག་གསུམ་སྙན་མོ། །ཅི་དང་གང་ལ་བརྡར་དགོས།།༤༥།
ཚེས་གསུམ་ཚེས་རིས་གུག་པོར། །དགུ་ཚིགས་ཡུ་བ་སྤྲད་ནས།།
ལོ་ཡག་སྙེ་མ་འབྲེག་པའི། །མཛངས་མར་རམ་འདེགས་བྱེད་འདོད།།༤༦།།
མེ་ཏོག་འདབ་མ་མཉེན་ཞིང་། །སྦྲང་བུའི་གཤོག་པ་སྲབ་པས།།
སྟོན་སུམ་བ་མོའི་ཁ་ནས། །ནམ་ཟླ་འཁྱོལ་བར་དཀའ་འོ།།༤༧།།
ཆུ་མོ་འཁྱག་གིས་བསྡམས་སོང་། །ཉ་མོ་བཙོན་དུ་ཚུད་སོང་།།
བརྩེ་ལྡན་དབྱར་ཟླ་དྲུག་པས། །མ་འགྱངས་ཕྱི་སྐོར་བརྒྱབ་རོགས།།༤༨།།
སྤྲིན་པ་དཀར་པོའི་ངོས་སུ། །འཇའ་ཚོན་ཁྲ་མོ་གཙགས་ནས།།
ཡིད་སེམས་སྐྱོ་བའི་འཕྲིན་པ། །རྒྱང་དུ་བསྐུར་ན་བསམས་བྱུང་།།༤༩།།
སྐྲ་ཡི་ཁ་དོག་འགྱུར་ཞིང་། །སོ་ཡི་ཕྲེང་བ་ཐོར་ཡང་།།
བརྩེ་དུང་རི་གླུ་སྙན་མོ། །སེམས་ནས་བརྗེད་ནི་མི་སྲིད།།༥༠།།
བདག་གི་ཡིད་མཐུན་བྱམས་པའི། །མཛེས་པའི་བཞིན་ལ་ཅེར་ཏེ།།
ཟླ་བའི་ཞལ་རས་རིད་སོང་། །སྨིན་དྲུག་སྐེ་ཚིགས་འཁྱོགས་སོང་།།༥༡།།
གསོན་བྲལ་བྱུང་བའི་སྙིང་ཉེ། །ཁ་བའི་སྟེང་གི་བྱིའུ་ཆུང་།།
རྒུམ་བུ་གངས་ཀྱིས་མནན་པའི། །སྡུག་བསྔལ་སེམས་སུ་ཟུག་ཡོད།།༥༢།།
ཆུ་མོ་ཆུ་རིས་ཤིག་ཤིག །ཉ་མོ་གསེར་འོད་ལམ་ལམ།།
ཆུ་དང་ཉ་མོ་བཞིན་དུ། །འགྲོག་རྒྱུ་བཤིབ་རྒྱུ་བྱུང་ན།།༥༣།།
སྙིང་སྡུག་དགའ་མར་གྱེས་པའི། །དྲན་གདུང་སྡུག་བསྔལ་ལྕི་མོ།།
སྲ་འཐས་ལྕགས་ལ་སྤར་ཀྱང་། །སེར་ག་ཧྲུག་གེར་གས་སྲིད།།༥༤།།
གོར་མ་རྡོ་ཡི་འོག་ནས། །ལྗང་ཆུང་འབུས་པ་བཞིན་དུ།།
བཙན་དང་མི་ཁའི་འོག་ནས། །འུ་གཉིས་མཐུན་ཐབས་བྱེད་ཆོག།༥༥།།
རི་ན་རི་བོའི་དར་ལྕོག །ཆུ་ལ་ཆུ་མོའི་ཟམ་པ།།
སྨན་ཆུང་ལང་ཚོས་བརྟས་པར། །ཨོ་ལོས་བདག་པོ་བརྒྱབ་འདོད།།༥༦།།
ཁ་སེམས་མཐུན་པའི་གྲོགས་དང་། །ལྷན་འཛོམ་སྐལ་བ་ལྡན་ན།།
ཆུ་འཁྱག་ཆང་དུ་སྒོམ་ནས། །གསུམསྒྲོན་མཉེས་དག་ཞུས་ཆོག།།༥༧།།
སྤང་དུ་འདབ་རྒྱ་གྲོལ་བའི། །གམ་གྱི་མེ་ཏོག་བཞག་ནས།།
དགུང་ན་ཁ་དོག་བཀྲ་བའི། །རྒྱང་གི་འཇའ་ཚོན་མ་བསམ།།༥༨།།
སྦྲང་ཆུང་གཞོན་པའི་ལུས་ལ། །སེར་རྡོག་མདའ་ལས་བཙན་པ།།
ཉམ་ཆུང་སྙིང་ཉེའི་ཕྱོགས་སུ། །མི་ཁ་མེ་བཞིན་ཚ་བ།།༥༩།།
སེམས་པ་ཕྱི་གཙང་ནང་གཙང། །དྲི་མེད་ཤེལ་གྱི་སྒོ་ང་།།
ཁྱེད་ཀྱི་ཕྱག་ཏུ་བཞག་ན། །རྡོ་ལ་བརྡབ་པ་མ་གནང་།།༦༠།།
སྙིང་ཉེ་འུ་གུ་གཉིས་ཀས། །དགུང་གི་སྐར་ཕྲན་བཞིན་དུ།།
མུན་ནག་གདུག་རྩུབ་ཁྲོད་ནས། །བརྩེ་སེམས་འོད་དུ་སྦར་ཆོག།༦༡།།
རྡོ་དང་ཨར་ཀ་བསྲེས་ནས། །ཡིད་འཕྲོག་ལྷ་ཁང་འགྲུབ་ན།།
སེམས་དང་སེམས་པ་འདྲེས་ན། །མཛའ་མཐུན་སྙིང་ཉེ་ལོས་ཡོང།།༦༢།།
ཕོ་གྲལ་གཡོན་ནས་བསྒྲིགས་ཤིང་། །མོ་གྲལ་གཡས་ནས་བསྒྲིགས་ཀྱང་།།
སྙིང་ཉེ་མེད་པའི་ཁྲོམ་པའི། །གླུ་སྐད་སྙན་པོ་མི་འདུག།༦༣།།
ཉ་གང་ཟླ་བར་དགའ་ཡང་། །རི་བོང་གྲིབ་མར་སུན་ན།།
འདི་གཉིས་ཁ་ཁར་གཏོང་བའི། །ཐབས་ཤིག་རྙེད་པ་མི་འདུག།༦༤།།
སྨན་ཤར་རྒྱན་ཆས་བརྒྱན་ཀྱང་། །ཚེ་གང་གཏན་གྲོགས་མེད་ན།།
གསེར་རྩི་ལན་དགུར་བྱུགས་པའི། །འཇིམ་པའི་སྐུ་དང་ཅི་ཁྱད།།༦༥།།
ཆུ་མོ་དྭངས་གསལ་མུ་ཏིག །ཆུ་སྐྱོགས་ཁ་ཆག་དགུ་རལ།།
མ་འདྲིས་མཐུན་ཁུལ་བྱས་དུས། །ཉ་མོ་གད་མོ་ཤོར་སོང་།།༦༦།།
ལྕགས་མཁར་སྒོ་མེད་ཅིག་གིས། །འུ་གཉིས་ཁ་ཁར་བཏང་ཡང་།།
བློས་ཐུབ་སེམས་པ་གཉིས་ཀ །རྣོ་གཅོད་སྟ་རེར་སྤྲུལ་ཆོག།༦༧།།
ཁ་བ་འབབ་ཐེངས་རེ་རེར། །ས་གཞིར་ལྗན་ལྗིན་གཡོག་འགྲོ།།
བྱམས་པ་ཕྲད་ཐེངས་རེ་རེར། །སེམས་ཀྱི་ཁ་བ་ཞུ་འགྲོ།།༦༨།།
དཀར་ཡོལ་དཀར་གཙང་ཡིན་ན། །རི་མོ་མེད་ཀྱང་ཕབ་ཆོག།
བུ་མོའི་ངང་རྒྱུད་དྲང་ན། །དུངས་པའི་གཞས་ཤིག་བཏང་ཆོག།༦༩།།
ཉ་གང་འོད་དཀར་བསམ་ནས། །མར་ངོ་ཡིན་པར་མ་སྡུག།
བརྩེ་འདང་སེམས་སུ་ཉར་ནས། །ས་ཐག་རིང་བར་མ་སྐྱོ།།༧༠།།
ནས་ཆང་སྔོན་མོའི་བཟི་ཁ། །ལུས་སུ་ཕོག་པའི་སྟེང་དུ།།
ན་ཆུང་བུ་མོའི་ཟུར་མིག སེམས་སུ་བསྣུན་ནས་བཟི་ཐལ།།༧༡།།
དམྱལ་བའི་ལྕགས་སྲེག་ཐ་ནས། །སྙིང་ཉེར་འཕྲད་དབང་ཡོད་ན།།
བདེ་ལྡན་ཐར་ལམ་དཀར་པོ། །རྣོ་ལྕགས་རྩིག་པས་ཁོགས་ཤིག༧༢།།
དགུང་གི་སྐར་ཕྲན་རེ་རེ། །ནམ་མཁའི་སྤྱན་མིག་ཡིན་ན།།
རང་དབང་བྲལ་བའི་མི་ལ། །ལན་ཅིག་གཟིགས་རོགས་གནོངས་དང།།༧༣།།
རི་བོ་མཐོ་ན་མཐོ་ཞིག །ཆུ་མོ་ཆེ་ན་ཆེ་ཞིག།
འུ་གུ་གཉིས་ཀའི་བར་ཐག །རི་ཆུ་སྟོང་གིས་མི་ཆོད།།༧༤།།
སྨན་ཆུང་ལུག་རྫི་བུ་མོ། །ཚིག་རྒྱན་གཞུང་ལ་རྨོངས་ཀྱང་།།
ལྷད་མེད་སྙིང་གཏམ་དཀར་པོ། །སྙན་ངག་ཁྲི་ལས་ལྷག་པ།།༧༥།།
བུ་མོའི་བརྩེ་སེམས་སྙི་མོ། །ཚ་ལུ་མ་ཡི་ནང་སྙིང་།།
ཨ་ཇོས་ཤུན་པ་བཤུས་ན། །གབ་ས་སྦ་ས་མི་འདུག།༧༦།།
ཉི་འོད་ལུས་སུ་ཕོག་ཀྱང་། །གྲིབ་སོ་སེམས་སུ་བཀུག་འདུག།
དམར་ཆུང་སེམས་པ་དྲོས་པའི། །ཐབས་ཤིག་སྩོལ་རོགས་གནོངས་དང།།༧༧།།
དུངས་པའི་སེམས་པ་དཀར་པོ། །རྐང་མར་བཞིན་དུ་འདྲེས་ཀྱང་།།
སྡང་བའི་མི་ཁ་ནག་པོ། །ཐོ་བ་ལྟར་དུ་ཕྱར་བྱུང་།།༧༨།།
མཛེས་དང་མ་མཛེས་མི་འདུག །ལང་ཚོ་དུས་ཀྱིས་གཞོམ་འགྲོ།།
གཤིས་བཟང་གཞུང་རྒྱུད་དྲང་ན། །ཚེ་གཅིག་རྒྱན་ཆ་ཡིན་ནོ།།༧༩།།
ང་དང་སྙིང་ཉེ་འགྲོགས་དུས། །བཟའ་བ་རྩམ་ནག་ཡིན་ཡང་།།
རྩམ་ནག་ཁ་རུ་ཟ་བཞིན། །འཛུམ་དཀར་གདོང་ནས་ངོམ་ཆོག།༨༠།།
ཁྱོད་ནི་རྒྱ་ཤོག་དཀར་པོ། །ང་ནི་སྣག་ཚ་ནག་པོ།།
ཁ་དོག་ཁ་ཁ་ཡིན་ཡང། །མཐུན་པའི་སྐལ་བ་ཡོད་འགྲོ།།༨༡།།
རྫ་རི་བྲག་རིའི་གསེང་ནས། །སྐྱོ་བའི་གཞས་ཤིག་བླངས་དུས།།
བྲག་ཆ་རྣ་རུ་འཁོར་བས། །བྱམས་པའི་གཞས་སྐད་དྲན་བྱུང་།།༨༢
རྒོད་ལ་རྒོད་ཚང་ཡོད་ཅིང་། །གླག་ལ་གླག་ཚང་ཡོད་ཀྱང་།།
སྙིང་ཉེ་འུ་གུ་གཉིས་ཀར། །འཛོམ་པའི་ཚང་ཞིག་མི་འདུག།༨༣།།
འཐུང་བའི་ཁ་ཕོར་ཉན་ན། །སེར་ག་གས་ན་གས་ཤིག།
མཐུན་པའི་སྐལ་བ་ལྡན་ན། །མི་ཁ་འཁོར་ན་འཁོར་ཞིག།༨༤།།
རང་དབང་བྲལ་བའི་བྱམས་པ། །ཁྱིམ་བྱ་དཀར་ལུའི་སྒོ་ང་།།
གཤོག་པའི་འོག་ཏུ་རུམ་ཡང་། །རུམ་ཡུན་དེ་འདྲའི་ཐུང་བ།།༨༥།།
ཤ་ཆང་བུད་མེད་འཛོམས་པའི། །སྐྱིད་པའི་མི་ཡུལ་ཁམས་ནས།།
དག་པའི་ཞིང་ལ་འདྲུད་ཀྱང་། །རྡོག་པ་རྡོ་ལ་གཏད་སྲིད།།༨༦།།
སྐུ་གེགས་བྱུང་བའི་སྙིང་ཉེ། །ནག་པོ་འདྲེ་རུ་སྐྱེས་ཀྱང་།།
སྐྲག་པའི་སྣང་བ་ཕར་ཞོག །འཕྲད་པའི་རེ་བ་འདུག་གོ།༨༧།།
ལུས་པོ་ཆུ་ཤེལ་མིན་པས། །སེམས་པ་མཐོང་ཐབས་མི་འདུག།
སྤྱན་ཆབ་ཤམ་ཤམ་གཏོར་བ། །བློ་བྲིད་ཡིན་ནི་མིན་འགྲོ།།༨༨།།
གཡུ་དང་བྱུ་རུའི་བུ་གར། །དར་སྐུད་ཚུད་པ་བཞིན་དུ།།
ཁྱོད་ཀྱི་སེམས་པའི་སྦུབས་སུ། །ང་རང་ཚུད་རྒྱུ་བྱུང་ན།།༨༩།།
ཁྱོད་དང་བྲལ་བའི་རྗེས་ནས། །སྐྱོ་གྲོགས་ཆང་ལ་བཅོལ་ཡོད།།
ཕྲན་ཙམ་སྦྲིད་པའི་དུས་ན། །ཨེན་ཙམ་སྤྲོ་བ་འདུག་གོ།།༩༠།།
སྙིང་གི་ཚི་ལུ་བཞུས་ནས། །བརྩེ་བའི་སྒྲོན་མེ་བསྒྲོན་ཡོད།།
བཙན་དབང་སྨག་གི་ཕྱོགས་སུ། །དེ་འདྲ་སྐྲག་པ་མ་གནང་།།༩༡།།
ལྷམ་ཆུང་རལ་བའི་རས་པས། །གངས་རི་གནས་སྐོར་བརྒྱབ་ན།།
མཛུབ་མོ་ཕྱིད་པའི་མི་ཁ། །གངས་ཀྱིས་ཐེག་པ་མི་འདུག།༩༢།།
མཛེས་པའི་སྙིང་ཉེ་དྲན་ན། །སེམས་པ་མཐུར་གྱིས་འཐེན་འདྲ།།
སྐྱེས་པའི་ཕ་མ་བསམས་ན། །རྐང་པ་སྒྲོག་ལ་བརྒྱབ་འདྲ།།༩༣།།
སེམས་པ་ཆགས་པའི་བུ་མོས། །ཤོག་དཀར་སྟོང་པ་བསྐུར་ཀྱང་།།
ཤོག་ཅིག་ཟེར་བ་རེད་ཅེས། །བདག་སེམས་དགའ་བས་བཟི་སྲིད།༩༤།།
འདབ་ཆགས་བྱ་ལུས་མིན་ཡང་། །སེམས་པར་གཤོག་པ་ཐོགས་ནས།།
ཐུག་འཕྲད་དཀོན་པའི་བྱམས་པར།།སྐོར་བ་ཐེངས་དགུར་བརྒྱབ་ཡོད།༩༥།
ང་དང་སྙིང་གི་ནོར་བུ། །ཤིང་ཏོག་སྟར་ཀ་རྡོག་ཅིག།
མི་ཁའི་ཕྱི་ཤུན་མཁྲེགས་ཀྱང་། །བརྩེ་བའི་ནང་ཚི་མངར་བ།།༩༦།།
བུ་མོ་ཁྱོད་རང་མིན་ན། །ལྷ་མོ་ས་རུ་བབས་ཀྱང་།།
ག་ལེར་བཞུགས་རོགས་ཟེར་ནས། །ཁོ་བོས་རྒྱང་ནས་གཡོལ་སྲིད།༩༧།།
ཐར་པ་དོན་དུ་གཉེར་ན། །སྙིང་ཉེ་སྤང་དགོས་སྨྲས་བྱུང་།།
འཁོར་བའི་རྒྱ་རུ་ཚུད་ཀྱང་། །དེ་ནིསྤོང་ཐབས་མི་འདུག།༩༨།།
ཞེ་སེམས་ཇ་དང་འོ་མ། །འདྲེ་རྒྱུ་བསྲེ་རྒྱུ་བྱུང་ན།།
མི་ཁའི་བྱང་ཚྭ་དཀར་པོ། །འདེབས་འདོད་ཡོད་ན་ཐོབས་ཤིག།༩༩།།
མཚན་མོར་མཛའ་མོ་བསྙེགས་དུས། །སྒོ་ཁྱི་སྡང་སྡིགས་ཆེ་བར།།
ཟླ་བ་གདུང་སེམས་སྐྱེས་ནས། །སྤྲིན་པའི་རྒྱབ་ནས་ངུས་བྱུང།།༡༠༠།།
ཞེ་སེམས་ཆགས་པའི་མེ་དེས། །སྒོག་པའི་མགྲིན་རྒྱན་བཟོས་ཀྱང་།།
ཁ་དོག་བ་སོར་མཚུངས་ཞེས། །གཞན་ལ་ངོམ་ངོམ་བྱེད་སྲིད།།༡༠༡།།
ཟླ་བ་ཁོ་དང་ཁོ་འདྲར། །བཤིབ་པའི་ཧམ་སེམས་མི་བཅངས།།
སྐར་ཕྲན་རང་དང་རང་འདྲར། །མཛའ་བའི་དཔུང་རྡང་སྒྲིག་ཆོག།༡༠༢།།
གླང་ཆེན་རྐྱལ་བཤུས་བྱས་ཏེ། །རྐྱལ་པས་སྦུད་པ་ཟོས་ནས།།
བྱམས་པར་མི་ཁ་སྐོར་མཁན། །སྦུད་ཐེངས་གཅིག་གིས་སྤུར་འདོད།།༡༠༣།།
ཉ་མོ་ཆུ་དང་བྲལ་ཚེ། །གསོན་པའི་ཐབས་ཤིག་ཡོད་ན།།
ང་དང་སྙིང་གི་བྱམས་པ། །འབྲལ་དགོས་བྱུང་ཡང་ཆོག་གོ།༡༠༤།།
ཉེར་དགུའི་མུན་པ་ནག་པོ། །དེ་ལས་ནག་ཙམ་གནོངས་དང་།།
བཙན་པའི་ཕ་མར་འཇབ་ནས། །མཛའ་བའི་སྙིང་ཉེ་སྙེག་འདོད།།༡༠༥།།
ང་དང་ང་ཡི་བྱམས་པ། །ཙན་དན་ཐུར་མ་ཡིན་ན།།
དཀར་ཡོལ་འབྲུག་རིས་ཁ་ནས། །ནངས་ཐུག་དགོང་ཐུག་བརྒྱབ་ཆོག།༡༠༦།།[28]
ཞེས་བརྗོད་དོན་སྤྱི་ཚོགས་ཀྱི་ཚོར་བ་དང་འབྲེལ་ཞིང་། རྗོད་ཚིག་ཀྱང་གོ་བདེའི་ཚིགས་བཅད་དུ་བསྒྲིགས་པའི་སྲོལ་རྒྱུན་རྩོམ་རིག་ཐུན་མོང་མ་ཡིན་པ་ཞིག་འདུག་གོ།།







ཁྱད་འཕགས་རྩོམ་རིག་གི་ལོ་རྒྱུས།
༈ སྤྱི་ཚོགས་རྩོམ་རིག་གི་དབྱེ་བ་གཉིས་པ་ཁྱད་འཕགས་རྩོམ་རིག་ནི། སྙན་ངག་མེ་ལོང་མ་ལ་བརྟེན་ནས་བྱུང་བའི་རྩོམ་རིག་ཅིག་ཡིན། དེའི་བྱུང་ཚུལ་མདོ་ཙམ་ཞུ་ན། དེ་ཡང་དུས་རབས་བཅུ་གཉིས་པར་འཇམ་མགོན་ས་པཎ་(1182-1251)མཆོག་གིས་སྙན་ངག་མེ་ལོང་མའི་བརྗོད་དོན་གལ་ཆེ་བའི་རིགས་རྣམས་འགྱུར་ཞིང་། དེ་རྗེས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་མེ་ལོང་མ་ཡོངས་རྫོགས་བསྒྱུར་ན་ཡང་། མཚུངས་གསལ་གྱི་སྒྲ་དེ་དག་རྒྱ་སྐད་རང་སོར་ལུས་ཡོད། དེའང་ཕྱིས་སུ་སྒྲ་པ་སངྒ་ཤྲིས་བསྒྱུར་བ་ནས་བཟུང་སྟེ། སྙན་ངག་མེ་ལོང་མའི་ཁྱད་འཕགས་རྩོམ་རིག་དར་ཁྱབ་བྱུང་ཡོད།
༈ དེ་ཡང་བོད་ཀྱི་མཁས་པས་བསྟན་བཅོས་གང་འདྲ་ཞིག་རྩོམ་ན་ཡང་། འགོ་ལ་མཆོད་བརྗོད་ཀྱིས་མཚོན་པའི་ཐོག་མར་དགེ་བ་སླད་ཀྱི་དོན་དང་། མཐར་མཇུག་དོན་སྨོན་ཚིག་བཅས་ལ་སྙན་ཚིག་ཚིགས་བཅད་མེད་དུ་མི་རུང་ཞིང་། དེ་དག་ཀྱང་སྙན་ངག་གིས་བརྒྱན་དགོས་པས། གལ་ཏེ་སྙན་ངག་མི་ཤེས་ན་བསྟན་བཅོས་རྩོམ་པའི་ཡན་ལག་མ་ཚང་བ་ལྟ་བུར་གྱུར་ཡོད།།

ཁྱད་འཕགས་རྩོམ་རིག་གི་ཁྱད་ཆོས།
ཁྱད་འཕགས་རྩོམ་རིག་འདི་ལ་རྩོམ་རིག་གཞན་དང་མི་འདྲ་བའི་ཁྱད་ཆོས་བཞི་ཙམ་ཡོད། དེ་ཡང་དང་པ་བརྗོད་བྱ་ནི། ཕལ་ཆེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ལྷ་དང་ལྷ་མོ་སོགས་ཆོས་དང་འབྲེལ་བ་ཡོད་པ་རྣམས་ཡིན། གཉིས་པ་རྗོད་བྱེད་ཀྱི་ཚིག་ནི། གྲོང་ཚིག་མེད་པའི་ཚིག་དོན་ཟབ་པ་དང་། མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་མང་བ། ཚིགས་བཅད་འདི་ཡང་ཕལ་ཆེར་བསྟན་བཅོས་ཀྱི་ཚིགས་བཅད་རྩོམ་འགྲོས་ལྟར་དུ། ཚེག་བར་ཇི་ཙམ་ཡོད་པ་ཐམས་ཅད་ཆ་དང་མཐར་ཡ་གཅིག་གིས་བརྒྱན་པ་རྣམས་ཡིན། གསུམ་པ་རྒྱན་ནི། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་རྒྱན་སྤྱི་དང་ལྷག་པར་གཟུགས་ཅན་གྱི་རྒྱན་མང་ཙམ་ཡོད། བཞི་པ་དཔེ་དེ་ཡང་ཕལ་ཆེར་རྒྱ་གར་རིག་བྱེད་གཏམ་རྒྱུད་ཀྱི་དཔེ་དང་། ནང་ཆོས་ལས་བྱུང་བའི་ལོ་རྒྱུས་ཀྱི་དཔེ་མང་། རྒྱུ་མཚན་དེ་དག་གི་དབང་གིས། ཁྱད་འཕགས་རྩོམ་རིག་གི་གོ་བ་ལེན་དགོས་ན། རང་ཡང་སྙན་ངག་མེ་ལོང་མ་ལ་སྦྱངས་མྱོང་ཡོད་པ་མ་ཚད་རིག་བྱེད་ཀྱི་གཏམ་རྒྱུད་མང་ཙམ་ཤེས་དགོས།།
ཁྱད་འཕགས་རྩོམ་རིག་འདིར་རྟོག་བཟོ་མང་བའི་དབང་གིས། གལ་སྲིད་རྒྱལ་རབས་ལོ་རྒྱུས་ཤིག་བྲིས་ན། དེའང་རྟོག་བཟོའི་ཤན་ཞུགས་པའི་དབང་གིས་ཡིད་བརྟན་མེད་པར་འགྱུར་བ་དང། ལག་ལེན་བྱེད་དགོས་པའི་དོན་ཚན་ཡིན་ན། ཉམས་སུ་ལེན་དུས་སྟབས་མི་བདེ་བའི་ཉེན་ཁ་འབྱུང་ཉེན་ཡོད་པའི་དབང་གིས། རྒྱལ་རབས་ལོ་རྒྱུས་དང་། ལག་ལེན་བྱེད་དགོས་པའི་དོན་ཚན་རྣམས་ཁྱད་འཕགས་རྩོམ་རིག་འདིའི་ཐོག་ནས་འབྲི་མི་རུང་། དེ་མིན་པའི་དོན་ཚན་གང་འདྲ་ཞིག་ཡིན་ནའང་རྩོམ་འདིར་འབྲི་རུང་བ་ཡིན། དེས་ན་དོན་ཚན་སོ་སོའི་རྩོམ་རིག་ཁག་མི་འདྲ་བ་འགའ་ཞིག་འདིར་དཔེ་མཚོན་ཙམ་དུ་ཞུ་རྒྱུ་ཡིན།།

བསྟོད་ཚིག་གི་རིགས།
བོད་མཁས་པའི་དཎྜིའི་དགོངས་རྒྱན་གྱི་མཆོད་བརྗོད་དུ།
རྒྱལ་དབང་མཁྱེན་པའི་ཆུ་མཚོ་ལེགས་བྱས་ཀྱིས།།སྲུབས་སྐྱེས་ཉི་མ་འབར་བའི་གདེངས་ཀ་ནས།།
རྨོངས་པའི་མུན་པ་གསོད་རྟགས་ཤེས་རབ་ཀྱི། །རལ་གྲིའི་འཁྲི་ཤིང་གཡོ་བ་དེས་སྲུངས་ཤིག།
རྡུལ་བྲལ་ཤེས་རབ་མཆོག་གི་རང་གཟུགས་སྲིད་དང་ཞི་བའི་མཚར་སྡུག་གི།།
སྙིང་པོར་ཕྱུང་བའི་ལང་ཚོས་རབ་དྲེགས་རྒྱལ་རྣམས་རྡོ་རྗེའི་ཆགས་པ་ལ།།
སྦྱོར་བའི་བརྡ་ཐབས་རིན་ཆེན་རྒྱུད་མངས་ཕང་པར་བཀོད་ལ་སེན་འདེབས་པའི།།
སྙན་འགྱུར་ཆོས་ཀྱི་དབྱངས་སུ་འབབ་པ་ངག་དབང་ལྷ་མོས་མགྲིན་འཁྱུད་ཅིག།[29]



དགེ་འདུན་ཆོས་འཕེལ་གྱིས་སྨིན་གླིང་ཁྲི་ཆེན་ལ་ཕུལ་བའི་བསྟོད་ཚིག།
སྐུ་གསུམ་རྒྱལ་བའི་ཡེ་ཤེས་དྭངས་མའི་ཁམས།།
འདབ་སྟོང་པདྨའི་ལྷུམས་སུ་འཁྱིལ་བ་ལས།།
ངོ་མཚར་སྤྲུལ་པའི་གཟུགས་སུ་ལེགས་བལྟམས་པ།།
རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དུས་ཀུན་སྐྱོངས།།
གང་གི་གྲགས་པའི་འབྲུག་སྟོང་སྒྲ་ཡིས་རྣམ་པར་ལྡིར་བའི་ས་ཆེན་གཞིར།།
དྲེགས་པའི་རྐང་སྟེགས་ཅིག་ཅར་འགྱེལ་བའི་རྒྱལ་ཕྲན་ཀུན་གྱི་རལ་པ་ལ།།
མ་བྲིས་འཁོར་ལོའི་གཙུག་རྒྱན་བཀོད་པས་ལེགས་བྲིས་རིན་ཆེན་སྐྱེངས་བྱེད་པ།།
ཟུར་གསུམ་འཛམ་གླིང་འཛིན་མའི་དབང་ཕྱུག་མངའ་བདག་རྒྱལ་པོ་རྒྱལ་གྱུར་ཅིག།
ཚུལ་ཁྲིམས་ངད་ལྡན་དམར་སེར་བླ་གོས་ཀྱིས། །ཁ་བའི་མུ་ཁྱུད་གསེར་གྱི་ཁ་དོག་ཏུ།།
སྒྱུར་བའི་བྱེད་པོ་བྱང་ཆུབ་སེམས་དཔའ་ཡི། །བཀའ་དྲིན་མི་དྲན་དཔྱོད་ལྡན་སུ་ཞིག་ཡོད།།
ཐུགས་རྗེའི་བདུད་རྩིའི་ཆར་གྱིས་བརླན་པས་རིགས་གསུམ་སྐལ་བཟང་དགའ་བ་བསྐྱེད།།
མཐོ་སྟོབས་གནམ་ལྕགས་ཐོག་གིས་བསྡིགས་པས་སྲིད་གསུམ་དྲེགས་པའི་སྙིང་རྩ་འདར།།
ཆོས་ཟད་ཀློང་ནས་ཆོས་ཀུན་གཟིགས་པས་དུས་གསུམ་རྒྱལ་བ་དགྱེས་བཞད་མཛད།།
སྨྱོས་རིགས་ལྷ་ཡི་ཞབས་ཀྱི་པདྨོར་སྒོ་གསུམ་དྭང་བས་སྤྱི་བོ་བསྟེན།།[30]

མངོན་རྟོགས་བརྒྱད་ཀྱི་ངོ་སྤྲོད་བསྟོད་ཚིག།
གང་གིས་ཚངས་དབང་མཆོག་གི་ཡང། །ཅོད་པན་ས་ལ་ལྟུང་བྱེད་པ།།
སྲིད་པ་གསུམ་གྱི་མཆོད་པའི་གནས། །རྒྱལ་བ་ཀུན་གྱི་ཡུམ་བཞུགས་སོ།།
སྐུ་གསུམ་དཀྱིལ་འཁོར་རབ་རྒྱས་པས། །དུག་གསུམ་མུན་པའི་ཚོགས་འཇོམས་ཤིང་།།
ཐེག་གསུམ་པདྨོའི་ཚལ་སྐྱོང་བ། །མཁྱེན་གསུམ་ཉིན་མོའི་དབང་ཕྱུག་ཞུགས།།
བདེན་བཞི་རྟོགས་པའི་འོད་དཀར་ཅན། །སྐུ་བཞི་རྒྱ་མཚོ་འཕེལ་བྱེད་ཅིང་།།
གླིང་བཞི་འགྲོ་བའི་གདུང་སེལ་བ། །སྦྱོར་བཞི་རྒྱུ་སྐར་རྒྱལ་པོའང་བཞུགས།།
འགྲོ་བའི་སྐྱབས་གཅིག་དོན་དམ་སྐུ། །ཀུན་མཁྱེན་ཉག་གཅིག་ཁོ་ནའི་ཡུམ།།
ཆོས་སྐུ་རོ་གཅིག་སྤྲོས་བྲལ་དབྱིངས། །རྒྱལ་བའི་ཡུམ་གཅིག་ཆོས་སྐུ་བཞུགས།།[31]

བསམ་གཞིག་གི་དཔྱད་རྩོམ། མཐུན་པ་སྤུན་བཞིའི་གཏམ་རྒྱུད་དང་སྦྱར་བ།
༈ ཀྱེ་ཧུད་སྟོབས་ལྡན་ཁྱུ་མཆོག་ནི། །གཡོ་སྒྱུའི་ཚིག་གིས་བྲིས་བྱས་ཏེ།།
གཉེར་མའི་གདོང་སོགས་ཐ་ཤལ་ཚོའི། །ཁོལ་པོར་གྱུར་པའི་གཏམ་དེ་མཚར།།
སྟོབས་ལྡན་ཁྱུ་མཆོག གླང་ཆེན། བྲིས། མགོ་སྐོར་གཏོང་བ། གཉེར་མའི་གདོང་། སྤྲེའུ། ཁོལ་པོ། གཡོག་པོ།

སྲིད་ན་དཀོན་པ་བ་སོའི་མཆེ། །འཕར་འགྲོའི་རྟུག་པས་སྦགས་བྱས་ཤིང་།།
གྱད་སྟོབས་རྫོགས་པ་བོངས་ཆེན་ལུས། །གཤོག་བཀྲའི་བྲུན་གྱིས་མནོལ་དེ་ནོངས།།
འཕར་འགྲོ། སྤྲེའུ། གཤོག་བཀྲ། བྱ་དང་བྱིའུ། བྲུན། བྱའི་ཨ་བ། མནོལ། མི་གཙང་གོས་པ།

སྣ་ཞགས་རིང་མོའི་རྔམ་ཟིལ་གྱིས། །འཕྲོག་བྱེད་སྙིང་རྩ་འདར་བྱེད་ན།།
ཉམ་ཆུང་སྡར་མ་དེ་དག་གིས། །གཉའ་བར་དབང་སྒྱུར་བྱེད་འོས་ཅི།།
འཕྲོག་བྱེད། སེང་གེ།

འཇིགས་རུང་གཡུལ་གྱི་དོ་ར་རུ། །རལ་གྲིའི་འཁོར་ལོ་བསྐོར་ནས་སུ།།
རྐང་གཉིས་ཚོགས་ཀྱང་ཞུམ་བྱེད་པའི། །ཟླ་མེད་དཔའ་གདེང་གང་དུ་སྟོར།།
གཡུལ་གྱི་དོ་ར། དམག་འཐབ་སར། རྐང་གཉིས། མི།

བས་མཐའ་ཀུ་ཤའི་ཐང་ཆེན་དུ། །གངས་རི་ནུར་བའི་བགྲོད་སྟངས་ཀྱིས།།
སྙན་ངག་མཁན་ཡང་དམན་ས་རུ། །འགོད་པའི་ཟིལ་ཉམས་ག་རུ་སོང།།
བས་མཐའ། མཐའ་མེད། གངས་རི་ནུར་བ། གངས་རི་ཞིག་ནས་ཉིལ་བ།

ཁྱོད་ཀྱི་རྩལ་ལ་དོ་ཟླ་བའི། །ནུས་མེད་ཁེངས་ལྡན་ཝ་སྐྱེས་ནི།།
རྙི་བ་གཅིག་གིས་གཅིར་བ་ཡི། །ངག་རྒྱུན་སྙན་མོ་ནམ་དུས་བསྙེལ།།
རྙི་བ། ཧིང་། ནམ་དུས་བསྙེལ། དུས་ཚོད་རྫོགས་པ།

རྨད་བྱུང་ས་ཡི་དབང་ཕྱུག་གི། །སྲིད་ཀྱི་བགྱི་བར་ཉེར་མཁོ་བའི།།
རིན་ཆེན་བདུན་དུ་བསྔགས་པ་ཡི། །ཐོབ་ཐང་འཇའ་ས་སུ་ཡིས་འཕྲོག།
སྲིད་ཀྱི་བགྱི་བ། སྲིད་ཀྱི་བྱ་བར།
དྲན་འཕྲུལ་རྣོ་བའི་གཡོ་ཅན་ཚོའི། །སྐྱེས་ལོ་སྔ་ཕྱིའི་སླུ་ཚིག་ལ།།
བདེན་རྫུན་བརྡར་ཤ་མི་གཅོད་པར། །ཞབས་ཏོག་སྒྲུབ་པ་འོས་སམ་ཅི།།
གཞན་གྱིས་ཟོས་པའི་ལྷག་འཕྲོ་ཡི། །ཤིང་ཏོག་རུལ་བས་ཡིད་ཚིམས་ན།།
སྔོན་བྱོན་མེས་པོའི་སྙན་གྲགས་ནི། །ཐལ་བར་བསྲེས་པ་མ་ཡིན་ནམ།།
དོ་མེད་རྩལ་གྱི་བདག་ཉིད་ཅན། །སྐྱེས་སྟོབས་དཔལ་གྱིས་སྙེམས་པ་ཁྱོད།།
བྲན་དུ་བཀོལ་བའི་ངང་ཚུལ་དེ། །ཁ་བའི་ལྗོངས་སུ་ཧ་ཅང་བྲིན།།

མཐུན་པ་སྤུན་བཞིའི་གཏམ་རྒྱུད་ལྟར། །སྲོལ་ངན་གོག་པོའི་མངའ་ཁོངས་སུ།།
གསོན་ཤུགས་རྒྱས་པའི་ལྟ་བ་ནི། །ནམ་ཡང་འཁུམས་ནས་འདུག་དགོས་ཟེར།།
སྤྲེལ་དང་རི་བོང་སྲེག་པ་བཞིན། །བླ་རྡོལ་འབྱིན་པའི་འཐོམ་རྐྱལ་ཚོར།།
བླ་མེད་ཆོ་ལོ་བསྩལ་ནས་སུ། །སྤྱི་བོའི་གཙུག་ཏུ་བཀུར་དགོས་སྨྲ།
འཐོམ་རྐྱལ། མགོ་འཐོམ་ནས་སྡོད་པ། ཆོ་ལོ། བསྟོད་བསྔགས།

ཀྱེ་ཧོ་ཐལ་ཀར་གཞོན་ནུ་ཁྱོད། །ཧད་ནས་སྡོད་པ་འོས་མིན་པས།།
ས་ཆེན་འཁྱོམ་འདྲའི་གྱད་ཤུགས་ཀྱིས། །གོམ་སྟབས་བརྟན་པོ་སྤོ་རེ་རན།།
མུ་ཏོའི་རྟུལ་ཞུགས་དོར་ནས་ནི། །ཞིམ་མངར་སིལ་ཏོག་གསར་པའི་བཅུད།།
ཅི་འདོད་ལོངས་སུ་སྤྱོད་པ་ཡི། །རྫོགས་ལྡན་གསར་པ་བསུས་ན་འཚམས།།
དུས་མཐའི་རླུང་དམར་འཚུབས་འདྲ་ཡི། །ཤུགས་ལྡན་སྤྲུག་བརྡབས་གཅིག་ཉིད་ཀྱིས།།
ང་འོ་སྙམ་པའི་ཅོལ་ཆུང་ཚོ། །གླུད་གཏོར་བཞིན་དུ་ད་རེ་གཡུགས།།
གཡུ་ལོ་ཐགས་སུ་བཀྲ་བ་ཡི། །ཚང་ཚིང་ནགས་ཀྱི་ཀློང་ཡངས་པོར།།
རང་དབང་དཔལ་ལ་རོལ་བ་ཡི། །ཁྲི་གཉན་ཚོགས་ཀྱིས་བརྒྱན་ན་མཛེས།།[32]

བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ལ་སྦྱར་བའི་སྨོན་ཚིག
༈ སེམས་ཀྱི་པ༷དྨོ༷་ཐོས་པའི་འཁོ༷ར་ལོ༷་སྔོན་འགྲོ་བསམ་པའི་དོན་བཟང་བདུད་རྩི་ཡིས།།
བློ་གྲོས་བུ༷མ་པ༷་ཡོངས་སུ་གཏམས་ལས་ཤེས་རབ་རྒྱ༷ལ་མཚ༷ན་ཞི་དབྱིངས་སྒྲེང་བ་ཡིས།།
རྣམ་དཔྱོད་སྣ་ཚོགས་གསེ༷ར་ཉ༷་འཁྱུག་ཅིང་སྙིང་རྗེའི་གདུ༷གས་དཀ༷ར་མཁའ་དཀྱིལ་ཁྱབ་པར་བཀོད།།
ཐུགས་ཀྱི་དཔ༷ལ་བེ༷་ལས་བྱུང་ཆོ༷ས་དུ༷ང་སྒྲ་ཡིས་ཀུན་ལ་ཁྱབ་པའི་བཀྲ་ཤིས་ཤོག།
དགོས་འབྱུང་བསྟན་བཅོས་ཁྱི༷མ་བད༷ག་འདི་ཡིས་འདོད་རྒུའི་མཆོག་སྟེར་སྙིང་རྗེའི་བཙུ༷ན་མོ༷་ལང་ཚོ་རྫོགས།།
ཤེས་རབ་བློ༷ན་པོ༷ས་ཞི་བ་བསྩལ་ཞིང་ཟུང་འཇུག་ནོ༷ར་བུ༷ས་རྒྱལ་བའི་གོ་འཕང་ཕུན་ཚོགས་སྦྱིན།།
ཐེག་ཆེན་གླ༷ང་པོ༷་མཁའ་ཁྱབ་བཀོད་པའི་གཞུང་ལུགས་རྒྱལ་པོ་མཁས་ཀུན་ངག་གི་རྟ༷ར༷་ཞོན་ནས།།
སྟོང་ཉིད་འཁོ༷ར་ལོ༷་མཐར་འཛིན་འདུལ་ཞིང་གླིང་བཞིའི་མཁའ་ལ་རྟག་ཏུ་འགྲོ་བའི་དགེ་ལེགས་ཤོག།
རྨོངས་སོགས་དུག་གསུམ་གཞིལ་ལ་གི༷་ཝ༷ཾ་སྨན་མཆོག་སྡུག་བསྔལ་ནད་སེལ་བཀྲ་ཤིས་ཞོ༷་ཡི་བཅུད།།
སྲིད་པའི་རིམས་འཕྲོག་གཡས་འཁྱིལ་དུ༷ང་དཀ༷ར་ཚིག་སྙན་དོན་ཟབ་ཡོངས་རྫོགས་བསྟན་པ་དཱུ༷ར་བའི་ལྗོན།།
སྐྱེས་སྦྱོར་གྱིས་གཙང་མཁས་པའི་མེ༷་ལོ༷ང་ཤེས་བྱ་ལི༷་ཁྲི༷འི་ཐིག་ལེ་འཛིན་པས་ཀུན་ཁྱབ་མཐུས།།
འབྲས་ལྡན་བི༷ལ་བ༷ས་གཞན་དོན་གྲུབ་པའི་ཡུ༷ངས་ཀ༷ར་གྱིས་སྲུང་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག།[33]

བྱ་དཀའ་བ་དབྱངས་ངེས་པའི་སྙན་ངག
ཡང་དག་ལམ་བཟང་གསལ་མཛད་བླ་མ་དང་། །རབ་འབྱམས་རྒྱལ་བ་སྲས་དང་བཅས་རྣམས་ལ། །རྣམ་དག་དད་པས་ལན་བརྒྱར་ཕྱག་བྱས་ནས། །སྤང་བླང་རྣམ་གཞག་འགའ་ཙམ་བསྙད་པར་བྱ། །བསླབ་པར་བྱ་བ་རྣམ་གྲངས་མང་ན་ཡང་། །གནད་ལ་ཕན་པ་རང་ལ་རག་ལས་པས། །བྱ་བ་གང་ལའང་ལས་འབྲས་དཔང་བཞག་ནས། །རྣམ་དཀར་ལས་ལ་དག་ལ་འབད་པར་བྱ། །དལ་བ་བརྒྱད་ལྡན་སངས་རྒྱས་བསྟན་དང་ཕྲད། །མཚན་ལྡན་བླ་མ་དམ་པ་དག་དང་མཇལ། །ད་ལན་འདྲ་བ་སླད་ཆད་འཚལ་དཀའ་བ། །ཡང་ཡང་བསམ་ནས་དལ་བ་འབྲས་ལྡན་འཚལ། །ཁས་བླངས་བཅས་མཚམས་ཕྲ་རགས་ཐམས་ཅད་ལ། །ནན་ཏན་བསམ་པ་ཐག་པས་འབད་བྱས་ནས། །སྲས་བཅས་རྒྱལ་བས་རབ་བསྔགས་ལ་བཟང་ཡང་། །རང་རང་ལག་ན་གནས་པས་འབད་པས་འཚལ། །ཟབ་རྒྱས་མན་ངག་མཐའ་ཡས་མཉན་ན་ཡང་། །ཁ་བཤད་ཙམ་ལ་འཕྱན་ན་ཕན་དཀའ་བས། །མཏའ་དག་རང་རང་བསམ་པ་དང་སྦྱར་ནས། །ནན་ཏན་ལག་བླང་བྱ་བ་མན་ངག་གནད། །སྔ་ཆར་མཚན་ལྡན་བླ་མ་དམ་པ་བཙལ། །སླད་ནས་ཟབ་རྒྱས་གདམས་ངག་ཚང་བར་མཉན། །ཐ་མར་གདམས་ངག་མཐའ་དག་ཉམས་བླངས་ན། །སངས་རྒྱས་སར་ཆས་སྐལ་བཟང་ལྡན་པ་ལགས། །བསམ་རྒྱ་མ་མང་གང་བརྩམས་ཕ་མཐར་བསྐྱལ། །སྐྱབས་གནས་དམ་པ་རྣམས་ལ་དད་པ་སྦྱངས། །དཀར་ནག་ལས་འབྲས་བསམ་ནས་སྤང་བླང་བྱ། །འབད་པ་འབྲས་དང་བྲལ་ལ་ངལ་བ་སྤངས། །གཞན་ལ་བསམ་ངན་འཆང་བས་རང་རང་ཉམས། །འཆལ་གཏམ་སྨྲ་བ་མང་བས་བྱ་བ་འཆག །ང་རྒྱལ་ཆགས་སྡང་ཅན་ལ་དགྲ་སྡང་བས། །རང་དང་གཞན་ལ་གང་ཕན་བརྟག་ནས་བྱ། །རྒྱལ་དང་རྒྱལ་སྲས་བཅས་པ་ཐམས་ཅད་ཀྱང་། །ལྷག་བསམ་རྣམ་པར་དག་པ་ལས་བལྟམས་པས། །རྟག་པར་གཞན་ཕན་བསམ་པ་སྦྱངས་པ་དང་། །མཐའ་བྲལ་ཡང་དག་ལྟ་བས་རྒྱས་གདབ་བྱ། །སྔར་བསགས་ལས་ངན་མཐའ་དག་འབད་པ་བརྒྱས། །བཤགས་ནས་གཡང་ས་ཉམ་ང་དགག་པ་དང་། །རྣམ་དཀར་གང་བྱས་མ་རྒན་ཐམས་ཅད་ལ། །ཕན་སླད་བསམ་པ་དག་པས་མཚམས་སྦྱར་བྱ།།
ལུགས་ཟུང་སྒྲུབ་ཚུལ་གཞུང་ལུགས་ཉུང་བསྡུས་སུ།།    ༼ཨུ༽
འགྲིག་འགྲིག་ཚིག་གི་པིར་གྱིས་བྲིས་འདི་ཡིས།།      ༼ཨི༽
ལེགས་ཉེས་འབྱེད་བྱེད་ཡེ་ཤེས་གཏེར་རྙེད་དེ།།       ༼ཨེ༽
སྟོབས་སོགས་ཡོངས་རྫོགས་མགོན་པོ་མཆོག་ཐོབ་ཤོག།[34]  ༼ཨོ༽
དེ་དང་དེ་ལ་སོགས་པའི་སྒོ་ནས་ཁྱད་འཕགས་རྩོམ་རིག་གིས་བོད་ལ་ཐུན་མོངས་མ་ཡིན་པའི་བྱས་རྗེས་ཆེན་པོ་བཞག་ཡོད།།
ཁྱད་འཕགས་རྩོམ་རིག་སྐྱོན་ཆ།
ཡིན་ན་ཡང་། བཀྲ་ཤིས་གནག་ན་མ་དང་ལྷན་ཅིག་བཞིན།། ཞེས་གསུངས་པ་ལྟར་བཀྲ་ཤིས་གང་དུ་བྱུང་བ་དེ་ལ་གནག་ན་མ་ཡང་ལྷན་ཅིག་བྱུང་ནས། བོད་ཀྱི་སྙན་ངག་དེ་དག་སྤྱི་ཚོགས་མི་དམངས་དང་ཁ་བྲལ་དགོས་པའི་གནས་ཚུལ་ཅིག་བྱུང་ཡོད། དེ་གང་ཞེ་ན། མེ་ལོང་མ་རང་ལས། དེ་ལྟ་ན་ཡང་གྲོང་པ་ཉིད། །མིན་པའི་ཁུར་འདི་ཕལ་ཆེར་འཛིན།།[35] ཞེས་པའི་ཚིག་འདིས་གྲོང་ཚིག་སྤོང་དགོས་པར་གསུངས་ཤིང་། གྲོང་ཚིག་སྤོང་དགོས་པའི་དོན་དེ་ཕལ་སྐད་འབྲི་མི་ཆོག་པ་ལ་གོ་ནས། སྙན་ངག་དེ་ཉིད། མངོན་བརྗོད་དང་བརྗིད་ཉམས་དོད་པའི་ཚིག་གིས་བརྒྱན་ནས་སྤྱི་ཚོགས་མི་དམངས་ཀྱིས་མི་གོ་བའི་ས་གནས་དབེན་པ་ཞིག་ཏུ་བཏང་ཡོད། ཁྱེད་རང་གཟིགས་དང་། ཁྱད་འཕགས་སྙན་ངག་དེ་དག་གོ་དགོས་ན་མིང་གི་རྣམ་གྲངས་མང་པོ་ཤེས་དགོས་པ་དང་། རིག་བྱེད་ཀྱི་གཏམ་རྒྱུད་ཕལ་ཆེར་ཤེས་དགོས། དེ་དག་མ་ཤེས་ན་སྙན་ངག་དེ་དག་གོ་བའི་ཐབས་ཤེས་མེད། ལྷག་པར་དུ་སྙན་ངག་དེ་རྒྱ་གར་ནས་བྱུང་བ་ཡིན་ཕྱིར། བོད་ཀྱི་སྙན་ངག་གི་དཔེ་ལའང་། མཐོང་མྱོང་མེད་པའི་ཨུཏྤལ་དང་། པདྨ། ཨུ་དུམ་ཝ་ར། ཆུ་མོ་གངྒཱ། རི་རབ། མནྡ་ར། འབིགས་བྱེད། དཔག་བསམ་གྱི་ཤིང། འདོད་འཇོའི་བ། མ་རྨོས་ལོ་ཏོག སྣ་ཁུག་རིང་ཞིང་རྣ་བ་ལ་ཨུཏྤལ་རྫེས་པ་དང་། སྐྲའི་ལན་བུར་མེ་ཏོག་མལླི་ཀའི་ཕྲེང་བ་དང་། རྐང་པར་དྲིལ་བུ་ཨེར་ཁ་བཏགས་པའི་བུ་མོ་སོགས་བྱུང་ནས། ནང་དོན་གོ་བ་ལ་དང་པོ་དཔེ་དེ་གོ་དགོས་ཞིང་། དཔེ་དེ་གོ་བ་ལ་རྒྱ་གར་ཡུལ་དུ་འགྲོ་དགོས་པའི་གནས་ཚུལ་ཁྱད་མཚར་དེ་འདྲ་བྱུང་ཡོད།།
འོ་ན་ཉེས་སྐྱོན་དེ་དག་སྙན་ངག་མེ་ལོང་མའི་སྐྱོན་ཡིན་ནམ་ཞེ་ན། མེ་ལོང་མ་ནི་རྒྱ་གར་གྱི་སྙན་ངག་ཡིན་པས་ཡུལ་དེར་གོང་འཁོད་ཀྱི་དཔེ་རྣམས་ཕལ་ཆེར་མིག་མཐོང་ལག་ཟིན་ཡོད་པ་དང་། རྩོམ་འགྲོས་ཀྱང་རྒྱ་གར་ཡུལ་གྱི་གཤིས་ཀ་མཐུན་པ་ཡིན་པས་སྙན་ངག་འདིའི་སྐྱོན་ནི་མིན། འོ་ན་སུའི་སྐྱོན་ཡིན་ནམ་ཞེ་ན། བོད་ཀྱི་སྙན་ངག་རྩོམ་པ་པོའི་སྐྱོན་ཡིན་ཏེ། སྙན་ངག་རྩོམ་པའི་ཚེ་བརྗོད་དོན་བོད་ཡུལ་རང་གི་ཚོར་བའི་གཤིས་ཀ་དང་མི་བསྟུན་པར་གཞན་གྱི་ལས་ཟློས་བྱས་ནས། རྒྱ་གར་གྱི་ཚོར་བ་ལྟར་དུ་བྲིས་པ་དང། རྗོད་བྱེད་ཀྱི་ཚིགས་བཅད་དེའང་རྒྱ་གར་ནས་བྱུང་བའི་བཀའ་དང་བསྟན་བཅོས་ཀྱི་རྩོམ་འགྲོས་ལྟར་དུ་བྲིས་པ་དེའི་སྐྱོན་ཡིན་ནོ།།

སྤྱི་ཚོགས་རྩོམ་རིག་གི་དབྱེ་བ་གསུམ་པ་རྩོམ་རིག་གསར་པའི་ངོ་སྤྲོད།
        དུས་རབས་ཉི་ཤུ་པའི་སྨད་ཙམ་ནས་བྱུང་བའི་རྩོམ་རིག་གསར་པ་དེ་ལ་རང་མོས་སྙན་ངག་ཅེས་བྱ་བ་ཡིན། དེ་ཡང་སྤྱི་ལོ་༡༩༨༣ལོའི་ཨ་མདོ་ཟི་ལིང་གི་སྦྲང་ཆར་དུས་དེབ་ཏུ། སྐུ་ཞབས་དོན་གྲུབ་རྒྱལ་གྱི་ལྗགས་རྩོམ་ལང་ཚོའི་རྦབ་ཆུ་ཞེས་པའི་རྩོམ་རིག་གསར་པ་ཞིག་བཀོད་ཡོད། ལང་ཚོའི་རྦབ་ཆུ་ཞེས་པའི་རྩོམ་རིག་གསར་པ་འདི་ནི། རྩོམ་ལུས་ཚིག་ལྷུག་འདྲ་བ་ཞིག་ཡོད་ན་ཡང་། རྒྱུན་ལྡན་གྱི་ཚིག་ལྷུག་དང་མི་འདྲ་བར། བརྗོད་པ་ཐུང་ངུར་བྱས་པའི་ཚིགས་བཅད་དང་ཡང་ཅུང་ཟད་འདྲ་བ་དང་། ཚིགས་བཅད་ཡིན་ཟེར་ན་ཡང་། ཚིགས་བཅད་ཀྱི་རྐང་པ་དོ་མཉམ་མི་དགོས་པར། ཚེག་བར་མང་ཉུང་རང་གི་གང་ལ་གང་འདོད་དུ་ཆོག་པ་སོགས་སྟབས་བདེ་བའི་ཁྱད་ཆོས་འཛོམས་པའི་སྙན་ངག་ཅིག་ཡིན་པར་བརྟེན། གཞོན་སྐྱེས་མང་པོས་དེ་ལ་ལས་ཟློས་བྱས་པའི་དབང་གིས་རྩོམ་རིག་གསར་པ་དར་ཁྱབ་ཆེན་པོ་བྱུང་ཡོད།།  
དེའི་ཁེ་ཕན་ནི། ནམ་རྒྱུན་ང་ཚོས་ཚིགས་བཅད་སྙན་ངག་འབྲི་བའི་ཚེ། བརྗོད་དོན་རྫོགས་ནའང་ཚིགས་བཅད་ཀྱི་ཚེག་བར་མ་ལྡང་ཚེ། ཚིག་གི་ཁ་སྐོང་དགོས་པའི་དབང་གིས་བརྗོད་དོན་དངོས་ལ་ལྷད་ཤོར་བ་དང་། ཡང་སྐབས་རེ་བརྗོད་དོན་མ་རྫོགས་ན་ཡང་། ཚིགས་བཅད་ཀྱི་ཚེག་བར་ཚང་ནས་བཞག་དགོས་པའི་དབང་གིས། བརྗོད་དོན་ཁ་ཤས་ཆད་པའི་དཀའ་ངལ་ཡོང་གི་ཡོད་ཅིང་། ཚིགས་བཅད་ཀྱི་ཁྲིམས་དེ་མེད་ན། བརྗོད་དོན་མ་རྫོགས་བར་དུ་འབྲི་ཞིང་། བརྗོད་དོན་རྫོགས་ན་དེ་ག་རང་དུ་མཚམས་འཇོག་བྱེད་ན་ཆད་ལྷག་མི་ཤོར་བའི་ཁེ་ཕན་ཡོད་པ་ཡིན།
ད་ལྟ་དཔེ་དེབ་མེད་པའི་དབང་གིས་ལང་ཚོའི་རྦབ་ཆུ་ཞེས་པའི་རྩོམ་དེ་བཀོད་ཐུབ་མ་བྱུང་། འོན་ཀྱང་དེ་དང་ཆ་འདྲ་བའི་རང་མོས་སྙན་ངག་གཞན་པ་ཞིག་གཟིགས་གནང་ཞུ།།

ཨ་མ་དང་ལྷ་ས།
འཁྱག་སིབ་སིབ་ཀྱི་སེམས་འགྱུ་ཞིག ཞེ་ཁོང་ནས་བརྡོལ་ཏེ་རི་ཁུད་དེར་རླུང་ལ་སྐུར་དུས།
རྐང་ལམ་སྐྱ་མོ་དེའི་སྣེ་མོ་ན་ཨ་མ་འགྲེང་ཞིང་། རི་རབ་བརྗིད་པོ་དེའི་ཕ་རོལ་ན་ལྷ་ས་སྣང་།


ཨ་མའི་དབུ་སྐྲ་ལྟར་དཀར་བའི་སྤྲིན་ཕུང་རྣམས། ནམ་ཡིན་ཡང་ལྷ་ས་ལ་ཆས་ཤིང་།
ནམ་ཡིན་ཡང་ལྷ་ས་ནས་བསླེབས་ཀྱང་། དུས་རབས་ཕྱེད་རིང་ལྷ་ས་སྔར་ལྟར་སྣང་ལ།
མི་ཚེ་ཕྱེད་རིང་ཨ་མ་ཡང་སྔར་ལྟར་ལུས། རྐང་ལམ་སྐྱ་མོ་དེའི་ལོ་གྲངས་བསམས་བཞིན།
སེམས་པ་རྡོ་དང་འདྲ་བ་རྣམས་ཞིབ་ཏུ་འཚོལ་དུས། ཨ་མ་ལ་ངོ་མ་ཁག་མི་འདུག
ལྷ་སར་ཁ་ཐག་རིང་སོང་། རི་བོའི་དབུ་རྩེ་མཐོ་སོང་།

སྡེ་པ་དེར་ཕྱིར་ལོག་པའི་མཇལ་བ་ཚོ། ཅི་ཞིག་གིས་བཟི་མྱོས་ཐེབས་པ་བཞིན།
སྒོ་འགྲམ་གྱི་ཉི་ངོགས་སུ་ཙོག་སྟེ། ཉིན་རྒྱུན་ལྟར་རྒྱང་རིང་གི་ལྷ་ས་དང་།
ལྷ་སའི་ཁྲོང་སྲང་གི་དུས་ཚིགས་གླེང་སྐབས། སུ་ཞིག་གི་སེམས་པའི་ན་ཟུག་དང་མཉམ་དུ།
སྦྲ་འདབས་ན་ལྷན་པ་གྲངས་མེད་གྱོན་ཞིང། ངལ་གསོ་བྲལ་བའི་ཁུལ་རྩིད་ཀྱི་སྒྱེ་མོ་དེ་ནི།
བུས་ཕྲུག་ཚོར་འཕངས་པའི་བརྩེ་ཞགས་ལྟར། ནམ་ཡང་ཨ་མས་བློས་མི་ཐོངས་ཤིང་།
ནམ་ཡང་ཨ་མ་ཞེ་ཐོགས་ས་ཡིན་ཀྱང་ངེས།

རི་རབ་བརྗིད་པོ་དེའི་ཕ་རོལ་ན། གྲགས་འགུལ་མང་བའི་ལྷ་ས་དང་།
མིག་དབང་གྲངས་མེད་ཀྱི་འོདམདངས་འཁྱིལ་ཞིང། རི་རབ་བརྗིད་པོ་དེའི་ཡང་རྩེ་ན།
འདར་སིག་སིག་གིས་འཚེར་བའི་ཉི་མ་ལྟར། རྐང་ལམ་སྐྱ་མོ་དེའི་སྣེ་མོ་ན།
བྱམས་བརྩེ་ལྡན་པའི་ཨ་མ་གཡོ།

ལྷ་ས་ནམ་ཡང་ལྷ་ས་ཡིན་ན། མཇལ་བ་ཚོའི་སེམས་པ་རྟག་ཏུ་ལྷ་སར་འཁོར་ངེས་ཤིང་།
བྱམས་བརྩེ་ལས་འཁང་ར་ཅི་ཡང་མེད་པའི་ཨ་མ་ཡང་། ཚེ་གཅིག་ལུས་གཅིག་གི་རིང་ལ།
ལྷ་སར་ལན་གཅིག་བགྲོད་ཐུབ་པའི་སྨོན་འདུན་ཞུ།[36]
ཞེས་པའི་རྩོམ་དེར་འབྲོག་ཁུལ་གྱི་ཨ་མ་རྒན་མོ་ཞིག་ལྷ་ས་མཇལ་འདོད་ཡོད་ཀྱང་། བུ་ཕྲུག་བློས་མ་འཐོངས་པའི་དབང་གིས་ལྷ་ས་མཇལ་མ་ཐུབ་པ་དང་། ཕྱོགས་གཅིག་ནས་ལྷ་ས་འགྱུར་བ་འགྲོ་ནས་སྔར་ལྟར་མི་ལུས་པའི་ཚོར་སྣང་བསྟན་ཡོད།།


རང་མོས་སྙན་ངག་དང་ཆ་འདྲ་བའི་རྩོམ་རིག།
༈ རང་མོས་སྙན་ངག་དང་ཆ་འདྲ་བའི་རྩོམ་རིག་གཞན་ཞིག་ནི། རང་རེའི་འབྲུག་ཡུལ་གྱི་རིག་གསར་ཞབས་བྲོ་དེ་དག་ཡིན། ངའི་བསམ་ཚུལ་ལྟར་ན། སྤྱི་ལོ་༡༩༨༠འི་གོང་ལ་རིག་གསར་ཞབས་བྲོ་མེད་ཅིང་། ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་རིག་གསར་ཞབས་བྲོ་དེ་དག་བྱུང་བ་ཡིན་ནམ་སྙམ། དེའང་ཁོ་བོ་རང་གི་གོ་ཐོས་སུ་གྱུར་པ་ནི། ལོ་རབས་བརྒྱད་ཅུ་པའི་ནང་གི་སློབ་དཔོན་ཤེས་རབ་ཀྱི་ཞབས་བྲོ་དེ་དག་ཡིན། དེ་ཡང་།
རྒྱ་ལམ། རྒྱ་ལམ་གྱི་ཨ་ཞེ།
ཁ་སང་ཕང་མར། ད་རེས་གར་སོང་མི་འདུག་དབའེ།
ཁྱོད་ཚར་རེ་ཡར་སོངམ་ད། ངེད་དོན་ཧིང་ཚར་རེ་ཐོན་འགྱོཝ་མས་དབའེ།
གནམ་སོ་ཁ་ཐོན་མི་བྱ་ཁུ་བྱུག་སྔོནམ་ཁྱོད། དུས་གཏན་ཀྱང་ཐ་སར་འཁྱམ་ནི་ཡོད་རུང་། དབའེ།
ངེད་སེམས་གཏིང་ལས་དགའ་བའི་སྨན་ཆུང་བུམ་ཁྱོད། དུས་གཏན་ཀྱང་ཕང་མར་བཞག་ནི་ཡོད་རུང་།
གནམ་ཧོནམ་གཅིག་གི་འོག་ལུ། ས་གཞི་གཅིག་ཁར་འཁྱམ་རུང་།
ལས་གནམ་བསྐོད་མེད་པར། ང་ག་སྟེ་འབད་བ་དབའེ།
ཞག་གསུམ་གཅིག་ཁར་ཉལ་བའི་དུས་ཚོད་འདི། ང་རྟེན་འབྲེལ་མ་བཟང་རྨི་ལམ་ཙམ། དབའེ།
ངེད་ཀྱི་ཆ་རོགས་གཞན་གྱི་བུམོ་རོགས་མཐོངམ་ད་ལུ།  ཁྱོད་ངེད་ཀྱི་སེམས་ཁར་ཁྲ་ལམ་ལམ།
ལོ་ན་ཚོད་གཞོནམ་སྦེ་སྡོད་རུང་། འཛོམས་སྡོད་པའི་རང་དབང་མེད་པར།
དེ་རང་འབད་རུང་། ཨ་ང། ཁྱོད་ལུ་དགའ། དབའེ།
ཞེས་པ་ལ་སོགས་པའི་རིག་གསར་ཞབས་བྲོ་དེ་དག་རང་མོས་སྙན་ངག་གམ་རྩོམ་རིག་གསར་པའི་གྲངས་སུ་བཞག་ཆོག་པ་ཡིན།།
མདོར་དོན།
༈ མདོར་ན་སྲོལ་རྒྱུན་རྩོམ་རིག་གི་སྐབས་སུ། རྗོད་བྱེད་ཀྱི་ཚིགས་བཅད་འདི་ཉིད་ཡུལ་མི་རང་གི་སྐད་ཀྱི་གཤིས་ཀ་དང་མཐུན་དགོས་པ་མ་ཚད། བརྗོད་དོན་དེ་ཡང་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་ཞིག་དགོས་པ་དང་། ཁྱད་འཕགས་རྩོམ་རིག་གི་སྐབས་སུ། རྗོད་བྱེད་ཀྱི་ཚིགས་བཅད་བསྟན་བཅོས་ཀྱི་རྩོམ་འགྲོས་འདྲ་བ་དང་། བརྗོད་དོན་ཟབ་ཅིང་རྒྱ་ཆེ་བའི་རྒྱན་གྱིས་བརྒྱན་དགོས། རྩོམ་རིག་གསར་པའི་སྐབས་སུ། ཁྲིམས་གཅིག་ཀྱང་མེད་པའི་རྩོམ་པ་པོའི་སེམས་ཚོར་རྗེན་པར་སྟོན་པའི་རྩོམ་རིག་ཅིག་ཡིན། དེས་ན་མཁས་པ་དགའ་བ་སྐྱེ་དགོས་ན་ཁྱད་འཕགས་རྩོམ་རིག་ལ་སྦྱངས་དགོས་པ་དང་། མི་དམངས་ཀྱི་དབུས་སུ་དར་ཁྱབ་ཆེ་བ་ཞིག་དགོས་ན་སྲོལ་རྒྱུན་རྩོམ་རིག་ལ་སྦྱངས་དགོས། དེ་གཉིས་གང་ཡང་མིན་པའི་ན་གཞོན་ཕོ་མོ་དགའ་བ་སྐྱེ་དགོས་ན་རྩོམ་རིག་གསར་པ་ལ་སྦྱངས་དགོས་སོ།།

དོན་རྒྱན་སོ་ལྔའི་རྩོམ་འགྲོས་མ་འགྱུར་ཞིང་། །སྒྲ་རྒྱན་གབ་ཚིག་རང་མདོག་མ་འགྱུར་བར།།
རེ་ཞིག་སྙན་ངག་རྩོམ་པའི་ཁུར་འཛིན་པ། །གཙུག་ལག་ཁང་གི་རྡོ་ཡི་སེང་གེ་འདྲ།།
སྲོལ་རྒྱུན་རྩོམ་གྱི་རིས་མོས་ཕྱི་ནས་མཛེས། །ཁྱད་འཕགས་རྩོམ་གྱི་གཟི་བརྗིད་ནང་གནས་པའི།།
སྙན་རྩོམ་སྟག་མོའི་འགྱིང་ཚུལ་དོ་མེད་ཅིང་། །ཤི་ཡང་པགས་པའི་བྱས་རྗེས་མི་ཡུལ་ལུས།།
སྔོན་སྦྱངས་བགས་ཆགས་སད་པའི་རལ་པ་གཡོ། །སྦྱངས་སྟོབས་རིགས་པའི་སྡེར་བཞི་བསྒྲད་ནས་ནི།།
བག་ཚ་མེད་པའི་སྙན་ངག་རྩོམ་ནུས་ན། །སེང་གེ་གངས་ལ་འཕྱོ་བའི་ཉམས་དང་ལྡན།།

བཀའ་དང་བསྟན་བཅོས་མགུར་མ་རྣམ་གསུམ་གྱི་གཞུང་དང་།།
སྲོལ་རྒྱུན་ཁྱད་འཕགས་རྩོམ་རིག་གསར་པ་ཡི་ལུགས་བཅས།།
རྣམ་རྟོག་སྐྱེ་བའི་ས་བོན་ཙམ་ཞིག་གི་ཚུལ་དེ།།
མི་ཚེ་ཐོས་པར་བསྐྱལ་བའི་སློབ་དཔོན་དྷྱ་ན་གིས་ཕུལ་ལོ།།



[1] མདོ་སྡུད་པ། སྐབས་བརྒྱད་པ། གཟུངས་བསྡུས། ཇུ། ཤོག་གྲངས་༣༤ བ། བོད་གཞུང་ཤེས་རིག་དཔར་ཁང་།
[2]  འབུམ། ན་པ། ཤོག་གྲངས་༥༢༠ན། བོད་གཞུང་ཤེས་རིག་དཔར་ཁང་།
[3]  འཇམ་དཔལ་མཚན་བརྗོད། དཔལ་ལྡན་འབྲུག་པའི་ཞལ་འདོན། ཤོག་གྲངས་༢༠༣ ཏའི་ཝཱན་མཆོད་སྦྱིན། ༢༠༡༠
[4]  མདོ་སྡུད་པ། སྐབས་བཞི་པ། གཟུངས་བསྡུས། ཇུ། ཤོག་གྲངས་༡༢ན། བོད་གཞུང་ཤེས་རིག་དཔར་ཁང་།
[5]    ཆོས་ཀྱི་ཚིགས་སུ་བཅད་པ། འཇིག་རྟེན་གྱི་སྡེ་ཚན། ཤོག་གྲངས་༢༥༠ དབང་ཕྱུག་རྡོ་རྗེས་ཕྱོགས་བསྒྲིགས་བྱས་པ། ཏའི་ཝཱན། ༢༠༠༣
[6]    ཆོས་ཀྱི་ཚིགས་སུ་བཅད་པ། སངས་རྒྱས་ཀྱི་སྡེ་ཚན། ཚིགས་བཅད་༥པ། ཤོག་གྲངས་༢༧༦ དབང་ཕྱུག་རྡོ་རྗེས་ཕྱོགས་བསྒྲིགས་བྱས་པ། ཏའི་ཝཱན། ༢༠༠༣
[7]    དུས་འཁོར་རྩ་རྒྱུད་ཀྱི་ལུང་འགྲེལ་ཆེན་དྲི་མེད་འོད་དུ་དྲངས་པ་ལས་བཤུས། འགྲེལ་ཆེན། ཨེ། ཤོག་གྲངས་༢༤༠ རྡ་ས་སྨན་རྩིས་ཁང་།  ༢༠༠༢
[8]  ཆོས་ཀྱི་ཚིགས་སུ་བཅད་པ། ཟུང་ལྡན་གྱི་སྡེ་ཚན། ཚིགས་བཅད་༡༩པ། དབང་ཕྱུག་རྡོེས་ཕྱོགས་བསྒྲིགས་བྱེད། ༢༠༠༣ལོར་ཏའི་ཝཱན་ནས་པར་སྐྲུན་ཞུས་པ།
[9]   འགྲེལ་པ་དོན་གསལ། སློབ་དཔོན་སེང་གེ་བཟང་པོ། ཤོག་གྲངས་༡༧༦  ཝཱ་ཎ་མཐོ་སློབ་ནས་པར་སྐྲུན་ཞུས་པ།  ༡༩༩༣
[10]    མངོན་རྟོགས་རྒྱན། སྐབས་བརྒྱད་པ། ཚིགས་བཅད་༡༢པ།
[11]  དུས་འཁོར་འགྲེལ་ཆེན། ཨེ། ཤོག་གྲངས་༡ བོད་གཞུང་སྨན་རྩིས་ཁང་། ༢༠༠༢
[12]  གུང་ཐང་བསྟན་པའི་སྒྲོན་མེ། ཤིང་གི་བསྟན་བཅོས། ཚིགས་བཅད་༧་དང་༨པ
[13]   གུང་ཐང་བསྟན་པའི་སྒྲོན་མེ། ཆུའི་བསྟན་བཅོས། ཚིགས་བཅད་༦་དང་༧པ།

[14] གྲུབ་ཆེན་ས་ར་ཧ་པ། ཞལ་གདམས་ཕྱོགས་བསྒྲིགས་ནོར་བུའི་བང་མཛོད། ཤོག་གྲངས༥  འབྲི་གུང་ཆོས་སྡེ།
[15]  གྲུབ་ཆེན་ཏིལློ་པ། ཞལ་གདམས་ཕྱོགས་བསྒྲིགས་ནོར་བུའི་བང་མཛོད། ཤོག་གྲངས༡༥  འབྲི་གུང་ཆོས་སྡེ།
[16]  གྲུབ་ཆེན་ནཱ་རོ་པ། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར། ཞལ་གདམས་ཕྱོགས་བསྒྲིགས་ནོར་བུའི་བང་མཛོད། ཤོག་གྲངས༢༥ འབྲི་གུང་་ཆོས་སྡེ།
[17] རྗེ་མར་པ་ལོ་ཙཱ། ཀ་ཆེན་བཞིའི་མགུར་མ། ཞལ་གདམས་ཕྱོགས་བསྒྲིགས་ནོར་བུའི་བང་མཛོད། ཤོག་གྲངས༣༥ འབྲི་གུང་ཆོས་སྡེ།
[18]  ཏུན་ཧང་བྲག་ཕུག་ནས་ཐོན་པའི་ཡིག་ཆ། རྒྱལ་རབས་དེབ་ཐེར་དཀར་པོ། ཤོག་གྲངས། ༧༨ བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༨
[19]   ཏུན་ཧང་བྲག་ཕུག་ནས་ཐོན་པའི་ཡིག་ཆ། རྒྱལ་རབས་དེབ་ཐེར་དཀར་པོ། ཤོག་གྲངས། ༨༨ བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༨
[20]   ཏུན་ཧང་བྲག་ཕུག་ནས་ཐོན་པའི་ཡིག་ཆ། རྒྱལ་རབས་དེབ་ཐེར་དཀར་པོ། ཤོག་གྲངས། ༨༧ བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༨
[21]  མི་ལ་རས་པའི་མགུར་འབུམ། མི་ལ་ཤིང་ཐུན་གྱི་སྐོར། ཤོག་གྲངས་༢༠༠ བོད་གཞུང་ཤེས་རིག་དཔར་ཁང་། ༡༠༩༠
[22]   མི་ལ་རས་པའི་མགུར་འབུམ། མི་ལ་ཤིང་ཐུན་གྱི་སྐོར། ཤོག་གྲངས་༢༠༡ བོད་གཞུང་ཤེས་རིག་དཔར་ཁང་། ༡༠༩༠
[23]  མི་ལ་རས་པའི་མགུར་འབུམ། རས་པ་དར་མ་དབང་ཕྱུག་དང་མཇལ་བའི་སྐོར། ཤོག་གྲངས་༣༧༡ བོད་གཞུང་ཤེས་རིག་དཔར་ཁང་། ༡༠༩༠
[24]   མི་ལ་རས་པའི་མགུར་འབུམ། རས་པ་དར་མ་དབང་ཕྱུག་དང་མཇལ་བའི་སྐོར། ཤོག་གྲངས་༣༧༣ བོད་གཞུང་ཤེས་རིག་དཔར་ཁང་། ༡༠༩༠
[25]  རི་བོ་ཧི་མ་ལཱ་ཡའི་བསྟན་བཅོས། དགེ་འདུན་ཆོས་འཕེལ་གསུང་འབུམ། པོད་གཉིས་པ། ཤོག་གྲངས་༣༨༥ བོད་ནས་པར་སྐྲུན་ཞུས་པ།
[26]  གེ་སར་རྒྱལ་པོའི་རྟོགས་བརྗོད། དེབ་༡༦པ་གྲུ་བོད་གཡུལ་འགྱེད། ཤོག་གྲངས་༢༥༨ནས་༢༦༨བར། འབྲུག་ཤེས་རིག་དཔར་ཁང། ༡༩༨༡
[27] གཞས་ཚིག་ཕྱོགས་བསྡུས། ཤོག་གྲངས་༧༩། བོད་གཞུང་ཤེས་རིག་དཔར་ཁང། ༡༩༩༦
[28]  འབྲོག་བསམ་གཏན། མེ་རོ། ཤོག་གྲངས་༡༤༩ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
[29] བོད་མཁས་སྙན་འགྲེལ། ཤོག་གྲངས་༡། པར་མ་གང་འདྲ་ཞིག་ཡིན་ནའང་ཁྱད་པར་མེད།
[30] དགེ་ཆོས་གསུང་འབུམ། རྒྱལ་ཁམས་སྐོར་བའི་སྣང་ཚུལ། ཤོག་གྲངས་༡། པུར་རྒྱལ་གྱི་རྣམ་ཤེས་རྩོམ་སྒྲིག་ཚོགས་པས་དཔར་སྐྲུན་ཞུས་པ།
[31]   རྟག་ཏུ་ངུའི་རྟོགས་བརྗོད། རྗེ་ཙོང་ཁ་པ། བརྒྱད་སྟོང་པའི་མཇུག ཤོགས་གྲངས། ༥༤༠ན། བོད་གཞུང་ཤེས་རིག་དཔར་ཁང་།
[32]  འབྲོག་བསམ་གཏན། མེ་རོ། ཤོག་གྲངས་༢༦ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
[33]  འཇམ་མགོན་ཀོང་སྤྲུལ། ཤེས་བྱ་ཀུན་ཁྱབ། དེབ་གསུམ་པ། ཤོག་གྲངས་༧༢༢ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥
[34]  རྗེ་གུང་ཐང་བསྟན་པའི་སྒྲོན་མེ། མདུན་སྐྱོད། ཝཱ་ཎ་མཐོ་སློབ་དུས་དེབ། ཤོག་གྲངས་ ༤༠ ཝཱར་ཎ་སཱི། ༢༠༠༡
[35]  སྙན་ངག་མེ་ལོང་མ། ལེའུ་དང་པོ། ཤོག་གྲངས་༨༤ ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ། ༢༠༠༦
[36] ཉྭ་ནག་པ་བ་རེ། བརྩེ་མདངས་ལ་འཁྱུད་པའི་སྨོན་འདུན། ཤོག་གྲངས་༡༦༠ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦

2 comments:

གནམ་སའི་དྲྭ་བ། said...

བསྟན་བཅོས་ཀྱི་རྩོམ་འགྲོས་ལ་འགྱུར་བ་ཅུང་ཙམ་གཏོང་དགོས་འདུག

གནམ་སའི་དྲྭ་བ། said...
This comment has been removed by the author.