ཕན་ཡོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་གཏམ།
༄༅།
།རི་བོ་གངས་ཅན་ལྗོངས་ཀྱི་ཐུན་མིན་གྱི་ལྷ་སྐལ། །མ་འདྲིས་འགྲོ་བའི་མགོན་པོ་སྤྱན་རས་ཀྱི་གཟིགས་དབང༌།།
རང་ཅག་མགོན་མེད་རྣམས་ལ་བུ་གཅིག་གི་མ་ལྟར།
།དུས་དང་རྣམ་པ་ཀུན་ཏུ་གཟིགས་སྐྱོང་ཞིག་གནང་དང༌།།
འདི་ལ་ཕན་ཡོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་གཏམ་དང་།
བསྒྲུབ་ཐབས་དངོས་གཉིས་ལས་དང་པོ་ནི། ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་མཛད་པ་ནི་གསུང་གིས་ཆོས་
འཁོར་སྐོར་བའི་མཛད་པ་འདི་ཉིད་ཡིན་ལ། དེའང་སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རང་རང་གི་ཁམས་དང་མོས་པ་བསམ་པ་དང་མཐུན་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་ཡོད།
དེ་ དག་གི་ནང་ནས་རང་ཅག་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ནི་འཕགས་པ་སྤྱན་རས་གཟིགས་དང་དེའི་ཆོས་སྐོར་དེ་དག་ཡིན།
རྗེ་བཙུན་འཇམ་དཔལ་དབྱངས་དང༌། རྗེ་བཙུན་སྒྲོལ་མ་ལ་སོགས་པའི་ལྷག་པའི་ལྷ་གཞན་ཡང་མང་པོ་ཡོད་མོད།
དེ་དག་གི་བསྒོམ་བཟླས་ནི་སྒྲུབ་མཁན་གྱི་ཀུན་སློང་གི་ངོས་ནས་གཙོ་བོ་རང་ཉིད་ལ་ཤེས་རབ་འཕེལ་བ་དང༌།
དཔལ་འབྱོར་ཡོང་ཡ། གེགས་བར་ཆད་སེལ་ཡ། ཚེ་རིང་པོ་ཡོང་ཡ་སོགས་དང་འབྲེལ་བ་ཁོ་ན་ཡིན་ལ། སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་ལ་དེ་འདྲ་བའི་དམིགས་གསལ་གྱི་རང་དོན་ཡིད་བྱེད་མེད་པ་དང༌།
མཛའ་དཔལ་སྤྲུལ་རིན་པོ་ཆེས། དེའི་གཟུངས་སྔགས་ནི་དང་པོར་ཤེས་སླ་བ། བར་དུ་བརྗེད་དཀའ་བ།
མཐར་ང་རྒྱལ་མེད་པ། ཞེས་གསུངས་པ་ལྟར་གཞུང་ལུགས་ལ་སྦྱངས་པ་མེད་པའི་མི་ནག་ཕལ་པ་ཞིག་གིས་ཀྱང་ཤེས་སླ་བ་དང༌།
ཤེས་ནས་མི་བརྗེད་ཅིང༌། མཐར་བསྒོམ་བཟླས་བྱས་ནའང་དེ་ལ་ང་རྒྱལ་མི་སྐྱེ་བ་སོགས་ཀྱི་དགོས་པ་ཁྱད་པར་བ་དང་ལྡན་པ་དང༌།
ལྷག་ པར་བྱ་སླ་བའི་ལམ་དེ་ཉིད་ལ་ཚུལ་བཞིན་ཉམས་སུ་ལེན་ན་ཚེ་འདི་ཉིད་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པའི་སྔགས་བླ་མེད་ཀྱི་ཉམས་ལེན་དང་ཡང་སྦྱར་རུང་བའི་ཐུན་མོང་མིན་པའི་ཁྱད་ཆོས་དང་ལྡན་པས་ན་རང་གཞན་ཀུན་གྱིས་དེའི་ཉམས་ལེན་ལ་ཅི་ནས་ཀྱང་འབད་པར་འཚལ།།
འཕགས་པ་སྤྱན་རས་གཟིགས་ཀྱི་དབྱེ་བ།
སྤྱིར་སྤྱན་རས་གཟིགས་དེ་ལ་ཡང་རྒྱལ་ཁབ་སོ་སོའི་རིག་གཞུང་དང་འབྲེལ་བའི་ཕོ་མོའི་དབྱེ་བ་དང༌།
མཁས་པའི་ལྟ་གྲུབ་དང་འབྲེལ་བའི་དབྱེ་བ་གཉིས་ཡོད། དང་པོ་ནི། དེའང་རྒྱ་བོད་གཉིས་སུ་རླུང་ལྟར་གྲགས་པའི་སྤྱན་རས་གཟིགས་ནི་ལྷ་ཕོའི་རྣམ་པ་ཅན་ཞིག་ཡིན་ནའང༌།
རྒྱ་ནག་གིས་མཚོན་པའི་ཤར་ཕྱོགས་རྒྱལ་ཁམས་སུ་ཡོངས་སུ་གྲགས་པའི་སྤྱན་རས་གཟིགས་ནི་ལྷ་མོའི་རྣམ་པ་ཅན་ཞིག་ཡིན།
དེས་ན་ཐང་སན་བླ་མའི་ལྟད་མའི་ནང་དུ་རྗེ་བཙུན་སྒྲོལ་མ་ཞེས་ཞུ་བ་དེ་དོན་དུ་རྒྱ་ནག་གི་སྤྱན་རས་གཟིགས་དེ་ཡིན་མོད།
དེ་ བོད་སྐད་དུ་བསྒྱུར་བའི་ཚེ་སྤྱན་རས་གཟིགས་ཞེས་བསྒྱུར་ན་བོད་པ་རྣམས་ལ་ཐུགས་
མི་བདེ་བ་ཞིག་ཡོང་གིས་དོགས་ནས་རྗེ་བཙུན་སྒྲོལ་མ་ཞེས་བསྒྱུར་བ་རེད།
ལུགས་དེ་གཉིས་ག་ལའང་རྒྱབ་སྐྱོང་གི་ལོ་རྒྱུས་རེ་རེ་ཡོད་པའི་ནང་ནས་ལོ་རྒྱུས་དང་པོ་ནི་ཨ་བ་ཏཾ་སཀ་ ཞེས་པའི་མདོར་གསལ་ཡོད།
དེའང་མདོར་བསྡུས་སུ་ཞུས་ན། སྔོན་སྐལ་པ་མང་པོའི་གོང་རོལ་དུ་སངས་རྒྱས་རིན་ཆེན་གཙུག་གཏོར་འཇིག་རྟེན་གྱི་ཁམས་འདིར་བྱོན་པའི་སྐབས་ཤིག་ཏུ།
སྤྱན་རས་གཟིགས་དེ་ཉིད་རྒྱལ་པོ་ཨར་ནི་མིན་ཞེས་པའི་སྲས་སུ་འཁྲུངས་ཤིང་མཚན་ལ་ཨ་ནི་མི་ཥ་ཞེས་གསོལ།
ཉིན་ཞིག་རྒྱལ་པོས་སངས་རྒྱས་འཁོར་བཅས་གདན་འདྲེན་ཞུས་ནས་མཆོད་པ་རྒྱ་ཆེན་པོ་ཕུལ་བ་ན། སངས་རྒྱས་ཀྱིས་རྒྱལ་པོ་དེ་ཉིད་མ་འོངས་པ་ན་བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་ཅེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ཐོས་ནས།
རྒྱལ་སྲས་དེ་ཉིད་ཀྱིས་ཀྱང་ཐོག་མར་སྐྱབས་དང་མགོན་མེད་ཅིང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་གཟིགས་ནས་སྙིང་རྗེ་ཆེན་པོ་འཁྲུངས།
དེ་ ནས་སེམས་ཅན་དེ་དག་སྡུག་བསྔལ་ལས་སྒྲོལ་བའི་ཆེད་སངས་རྒྱས་རིན་ཆེན་གཙུག་ཏོར་
གྱི་མདུན་དུ་བྱང་ཆུབ་ཆོག་ཏུ་སེམས་བསྐྱེད་ཅིང་སྐྱབས་སུ་འཛིན་པར་གསོལ་བར་ འདེབས་པ་ན།
སངས་རྒྱས་ཀྱིས་རྗེས་སུ་བཟུང་ཞིང༌། རྒྱལ་སྲས་དེའི་སྤྱན་གྱིས་དུས་རྟག་ཏུ་སྡུག་བསྔལ་བའི་སེམས་ཅན་ལ་གཟིགས་པས་ན་མཚན་ཡང་སྤྱན་རས་གཟིགས་ཞེས་གནང༌།
ཞེས་སོགས་འབྱུང༌། དེ་བཞིན་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས། བཅོ་ལྡན་འདས་ལ་སྤྱན་རས་གཟིགས་ཀྱི་མཚན་དེ་ལྟར་བཏགས་དགོས་པའི་རྒྱུ་མཚན་ཞུས་པ་ན།
བཅོམ་ལྡན་འདས་ཀྱིས་ལན་གོང་གི་མདོ་དེར་གསུངས་པ་དེ་ལྟར་ཡིན་ཚུལ་མ་ཎྀ་བཀའ་འབུམ་དུ་པདྨ་དཀར་པོའི་མདོ་ལུང་དྲངས་ནས་གསུངས་འདུག
དེ་ནས་བཟུང་རིམ་པས་སྦྱོར་བའི་ལམ་ཐོབ་ནས་བུད་མེད་དུ་མི་སྐྱེ་བའི་ལྟ་གྲུབ་རྒྱུན་བསྐྱངས་པ་མིན་ནམ་སྙམ།།
ཅིག་ཤོས་རྒྱ་ནག་གི་ཁ་རྒྱུན་གྱི་ལོ་རྒྱུས་སུ།
སྔོན་གྱི་དུས་ཤིག་ན་ཡུལ་ཞིག་གི་མི་རྣམས་ཆོས་ལ་མི་མོས་ཤིང་ལོག་སྤྱོད་ཁོ་ན་བྱས་པ་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་དེ་དག་གདུལ་བའི་ཆེད་དུ་བུད་མེད་མཛེས་མ་ཞིག་གི་སྐྱེ་བ་བླངས།
ལང་ཚོ་དུས་ལ་བབ་པ་ན་ཡུལ་གྱི་ཕོ་གསར་ཚོས་དེ་དང་མཉམ་དུ་ཆང་ས་རྒྱབ་འདོད་སྐྱེས་པ་ན། གཞོན་ནུ་མ་དེས་གསུངས་དོན།
བདུན་ཕྲག་གཅིག་གི་ནང་དུ། སུས་ཤེས་རབ་སྙིང་པོ་བློ་ལ་བཟུང་ཐུབ་པ་དེ་དང་མཉམ་དུ་ཆང་ས་རྒྱབ་ཀྱི་ཡིན་ཞེས་གསུངས་པས།
ཀུན་གྱིས་དུས་དེར་ཤེར་སྙིང་ཟིན་ཐུབ་བྱུང་བ་ན། སུའི་མནའ་མ་འགྲོ་དགོས་མིན་ཐག་མ་ཆོད་པར་བརྟེན།
སླར་ཡང་ཟླ་བ་གཅིག་གི་ནང་རྡོ་རྗེ་གཅོད་པ་ཟིན་དུ་འཇུག་པ་དང༌། ཡང་དེ་བཞིན་བྱུང་བས་ལོ་གཅིག་གི་ནང་བརྒྱད་སྟོང་པ་ཟིན་དུ་འཇུག་པ་ན།
མཐར་ཁྱོལ་གཅིག་ལས་མ་བྱུང་བས་དེ་དང་མཉམ་དུ་ཆང་ས་རྒྱབ་པ་དང༌། དེ་ནས་ལོ་ཁ་ཤས་ཀྱི་རྗེས་སུ་མཛེད་ནད་ཀྱིས་ཟིན་པའི་ཚུལ་བཟུང་ནས་ཚེ་མི་རྟག་པ་དང༌།
ལོངས་སྤྱོད་ལ་སྙིང་པོ་མེད་པ་སོགས་ཀྱི་ཆོས་བསྟན་ནས། ཤུགས་ཀྱིས་ལུང་པ་དེའི་སྐྱེ་བོ་རྣམས།
རིམ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་འགོད་པར་མཛད་ཅེས་བཤད།།
ཆོས་སྒྲུང་དེ་དག་བདེན་པ་ཡིན་ནམ་མིན།
ཡིན་ན་ཡུལ་གང་དུ་རྒྱལ་རབས་གང་གི་སྐབས་སུ་བྱུང་ཞེས་བརྟག་དཔྱད་གཏོང་དགོས་ཡ་མེད། གང་ཡིན་ཟེར་ན་དེ་དག་ཁ་ཤས་ལོ་རྒྱུས་དངོས་མིན་ནའང་དགག་བྱ་དང་དགོས་པ་རྒྱ་ཆེན་པོ་ཡོད་པ་ཡིན།
དཔེར་ན་རང་རེའི་ཡུལ་དུ་བདུན་བརྒྱུད་ཚུན་ཆད་ཀྱི་བུ་ཕྲུག་ཆང་ས་རྒྱབ་མི་རུང་བ་དང༌། རྒྱབ་ན་སྡིག་པ་ཡོད་པར་བཤད་ཡོད།
བདུན་བརྒྱུད་ཀྱི་བུ་ཞིག་དང༌། བུ་མོ་ཞིག་གཉིས་ཀའི་མོས་པ་མཐུན་ནས་ཆང་ས་རྒྱབ་ན། སྡིག་པ་གང་ཡོད་པ་ནི་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་མ་གཏོགས་ང་ཚོས་མི་ཤེས་ཀྱང༌།
ཕོ་མོ་དེ་གཉིས་ལ་རིགས་བརྒྱུད་གཅིག་པའི་ན་ཚ་གཅིག་འགྱུར་ཞིག་ཡོད་ཅིང༌། དེ་གཉིས་མཉམ་བསྡུས་བྱེད་ན་དེའི་བུ་ཕྲུག་ལ་ན་ཚ་དེ་འཕར་མ་ཞིག་ཡོང་གི་ཡོད་པ་ནི།
སྨན་གཞུང་དང་དེང་སང་མཚན་རིག་པས་ར་སྤྲོད་བྱས་ཡོད༌། དེས་ན་དེའི་ཚེ་དེའི་དུས་ན། ན་ཚ་ཡོང་གི་རེད་ཅེས་ལབ་པ་ལས་ཀྱང་སྡིག་པ་ཡོང་གི་རེད།
དམྱལ་བར་ལྷུང་གི་རེད་ཅེས་ལབ་ན་ཡག་ཤོས་རེད། དེས་ན་ཆོས་སྒྲུང་ཕལ་ཆེ་བ་དེ་འདྲ་རྐྱང་ཡིན་པས་བརྟག་དཔྱད་གཏོང་མི་དགོས་ཤིང༌།
གལ་སྲིད་ངེས་པར་གཏོང་དགོས་ན་དེའི་བྱུང་རིམ་ལས་ཀྱང་དགོངས་གཞིའམ་རྒྱབ་སྐྱོང་གྱི་གནས་ཚུལ་ལ་གཏོང་ན་ཕན་ཐོག་ཆེ་བར་སེམས།།
གཉིས་པ་མཁས་པའི་ལྟ་གྲུབ་དང་འབྲེལ་བའི་སྤྱན་རས་གཟིགས་ཀྱི་དབྱེ་བ་ནི།
ཆོས་ཐམས་ཀྱི་རྩ་བ་ནི་དེ་བཞིན་ཉིད་ལ་ཐུག་པ་ལྟར། སྤྱན་རས་གཟིགས་ཀྱི་རྩ་བ་སྙིང་རྗེ་ལ་ཐུག་ཅིང༌།
དེའང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ཐུག་པས་ན། དེ་ལ་དེ་བཞིན་ཉིད་ཀྱི་སྤྱན་རས་གཟིགས།
དེ་བཞིན་ཉིད་དེ་རྟོགས་ན་དེ་ལས་སྙིང་རྗེ་ངང་གིས་འབྱུང་ཞིང༌། དེའི་རྒྱུན་བསྲིང་ཞིང་རིམ་པས་ཚོགས་གཉིས་ལ་གོམས་པ་སོགས་ཀྱི་ལམ་གྱི་རིམ་པ་ལ་བསྒོམ་པ་ལམ་གྱི་སྤྱན་རས་གཟིགས།
རྒྱུའི་སྤྱན་རས་གཟིགས་རྟོགས་ཤིང་ལམ་གྱི་སྤྱན་རས་གཟིགས་བསྒོམས་པའི་མཐུ་ལས་རང་དོན་ཆོས་ཀྱི་སྐུ་གྲུབ་ཅིང༌།
དེ་ལས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་མཚན་བཟང་གིས་བརྒྱན་པའི་གཟུགས་ཀྱི་སྐུ་འབྱུང་བ་ནི་འབྲས་བུའི་སྤྱན་རས་གཟིགས་ཡིན།
དེ་དག་ནི་རང་རྒྱུད་དང་འབྲེལ་བའི་སྤྱན་རས་གཟིགས་ཡིན་ལ། གཞན་ཡང་ལས་དག་གི་གང་ཟག་ལ་སྣང་བའི་སེམས་དཔའི་སྤྱན་རས་གཟིགས་དང༌།
འབུར་སྐུ་དང་བྲི་སྐུ་སོགས་ལྷ་སྐུའི་རྣམ་པའི་སྤྱན་རས་གཟིགས་བཅས་ལྔར་དབྱེ་ཆོག།
སྤྱན་རས་གཟིགས་བསྒོམ་བཟླས་བྱས་པའི་ཕན་ཡོན།
འགྲོ་དོན་ཁ་ཁྱབ་མའི་ཟིན་བྲིས་སུ་རྩ་རྒྱུད་པདྨ་དྲ་བའི་ལུང་དྲངས་པར།
།སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམ་པས། །སངས་རྒྱས་ཐམས་ཅད་བསྡུས་པར་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན།
།བསྒོམ་དང་ཡིད་ལ་དྲན་པས་ཀྱང༌། །མཚམས་མེད་སྡིག་པ་དག་པར་བྱེད། ཅེས་དང༌། ཡང་ཟིན་བྲི་དེར་གཏེར་ཆེན་རིག་འཛིན་འདའ་འཚོན་སྙིང་པོའི་ལུང་དྲངས་པར།
།རིགས་ཀྱི་བུ་དག་སྙན་གསོན་ཅིགཿ རྒྱལ་བ་ཀུན་གྱིས་བྱིན་བརླབས་པསཿ ཡང་སྙིང་འདུས་པའི་སྙིང་པོ་འདིཿ
ཕན་བདེ་ཀུན་གྱི་འབྱུ་གནས་ཡིནཿ དངོས་གྲུབ་ཀུན་གྱི་རྩ་བ་ཡིནཿ མཐོ་རིས་བགྲོད་པའི་སྐས་ཀ་ཡིནཿ
ངན་སོང་དགག་པའི་སྒོ་མོ་ཡིནཿ འཁོར་བ་སྒྲོལ་བའི་གྲུ་གཟིངས་ཡིནཿ མུན་པ་སེལ་བའི་སྒྲོན་མེ་ཡིནཿ
དུག་ལྔ་འཇོམས་པའི་དཔའ་བོ་ཡིནཿ སྡིག་སྒྲིབ་བསྲེག་པའི་མེ་དཔུང་ཡིནཿ སྡུག་བསྔལ་བརྡུང་བའི་ཐོ་བ་ཡིནཿ
མཐའ་འཁོབ་འདུལ་བའི་གཉེན་པོ་ཡིནཿ ཁ་བ་ཅན་གྱི་ཆོས་སྐལ་ཡིནཿ མདོ་རྒྱུད་བསྟན་བཅོས་དུ་མ་དངཿ
ཐོས་བསམ་སྒོམ་གསུམ་ཐམས་ཅད་ཀྱིཿ སྙིང་པོ་གཅིག་ཏུ་བསྡུས་པའི་བཅུདཿ གཅིག་ཆོག་རྒྱལ་པོ་རིན་པོ་ཆེཿ
ཡི་གེ་དྲུག་པ་འདི་ཟློས་ཤིགཿ ཅེས་སོགས་གསུངས།
ཡང་རང་གི་ཉམ་མྱོང་གི་སྒོ་ནས་མདོར་བསྡུས་ཤིག་ཞུ་ན།
དེ་ཡང་གཟུངས་སྔགས་ཙམ་བགྲང་བའི་ཕན་ཡོན་དང༌། དོན་དང་མཐུན་པར་བསྒོམས་པའི་ཕན་ཡོན་གཉིས།
དང་པོ་ནི། དེའང་ང་རང་ཚོ་གཅིག་པུར་བསྡད་ན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་རྐྱང་རྐྱང་གཏོང་གི་ཡོད་ཅིང།
གལ་ཏེ་མི་གཉིས་ཤིག་འཛོམས་ན་ཕྲ་དོགས་ཀྱི་དབང་གིས་མི་གསུམ་པ་ཞིག་ཡག་པོ་མེད་པའི་མེད་ལུགས་བཤད་ཀྱི་ཡོད།
གལ་ཏེ་ལྟ་བ་མཐུན་པའི་མི་མང་པོ་འཛོམས་ན་དོན་མེད་ཀྱི་འཆལ་སྤྱོད་སོགས་ཀྱིས་དུས་ཚོད་ཆུད་ཟད་གཏོང་ཞིང༌།
མི་དགེ་བའི་ལས་བྱེད་བཞིན་ཡོད་པ་ནི་གཞན་ལ་འདྲི་མི་དགོས་པར་བསམ་བློ་ནང་དུ་ཁུག་ན་ལམ་སང་ཤེས་ངེས་རེད།
དེས་ན་དེའི་ཚབ་ཏུ་བསམ་བློ་ཡག་པོ་གཏོང་མི་ཤེས་ནའང་ཁ་ནས་མ་ཎྀ་འདོན་པ་ཙམ་གྱིས་ཀྱང་ལུས་ངག་གི་མི་དགེ་བ་དེ་དག་ལས་ལྡོག་ཐུབ་ཅིང༌།
མི་དགེ་སྤོང་ན་དགེ་བ་ངང་གིས་འཕེལ་བས༌། ཚེ་འདིར་སེམས་པ་སྐྱིད་པོ་དང༌། ཕྱི་མའང་སྡིག་སྤོང་དགེ་སྒྲུབ་ཀྱི་འབྲས་བུར་ལྷ་དང་མིའི་གོ་འཕང་འཐོབ་ནས་བདེ་
སྐྱིད་དང་ལྡན་པར་འགྱུར་བ་ནི་ལུང་དང་རིགས་པ་གང་གིས་ཀྱང་བསྒྲུབ་མི་དགོས།།
གཉིས་པ་དོན་དང་མཐུན་པའི་བསྒོམ་བཟླས་བྱས་པའི་ཕན་ཡོན་ནི།
ཚིག་ཁ་འདོན་དུ་བྱེད་པ་དང་ཆབ་ཅིག དོན་ཟབ་མོ་ཡིད་ལ་འདི་ལྟར་བསམ་དགོས་པ་སྟེ། སོ་སོ་རང་ཉིད་ཀྱི་ལུས་འདི་ཉིད་སྤྱན་རས་གཟིགས་ཀྱི་སྐུ་དང༌།
ངག་ནི་དེའི་གསུང་ཡི་གེ་དྲུག་མ། ཡིད་ཀྱི་དྲན་རིག་སྤྱན་རས་གཟིགས་ཀྱི་ཐུགས་སུ་མོས་ནས་བསྒོམ།
དེ་ལྟར་གོམས་པ་མཐར་ཕྱིན་ན། མཐར་ཐ་མལ་གྱི་སྣང་ཞེན་ལྡོག་ནས་མིག་ལ་སྣང་ཚེ་འཕགས་པའི་སྐུ།
སྒྲར་གྲགས་ཚད་འཕགས་པའི་གསུངས། དྲན་རིག་འཕགས་པའི་ཐུགས་སུ་འབད་མེད་ལྷུན་གྲུབ་ཏུ་ཤར་བ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པ་ཟེར་ནའང་འདི་འདྲ་ཞིག་རེད།
དེ་མ་གཏོགས་གཞན་རྒྱ་ནག་དཔོན་པོའི་གོ་ས་རྒྱ་ནག་གོང་མ་རང་གི་སྐུ་མདུན་ནས་ལེན་དགོས་པ་ལྟར།
འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ངམ་གོ་ས་ནི། རི་བོ་གྲུ་འཛིན་དང་པོ་ཊ་ལ་སོགས་ལ་སོང་ནས་འཕགས་པ་སྤྱན་རས་གཟིགས་རང་གི་མདུན་ནས་ཐོབ་དགོས་པ་ཞིག་མ་རེད།།
འཇུག་བསྡོམས།
སྤྱིར་འཕགས་མཆོག་སྤྱན་རས་གཟིགས་ལ་ལྷ་ཕོ་དང་མོའི་དབྱེ་བ་མི་འདྲ་བ་ཡོད་ཀྱང་རང་རེའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ནི་སྤྱན་རས་གཟིགས་ཕོའི་རྣམ་པ་ཅན་དེ་ཉིད་ཡིན་ལ།
དེའི་ཉམས་ལེན་དེའང་རྒྱུད་སྡེ་བཞི་པོ་ཀུན་དང་སྦྱར་རུང་བས་ཁམས་དང་མོས་པ་མི་འདྲ་བའི་གང་ཟག་ཀུན་གྱིས་ཉམས་སུ་ལེན་རུང་བ་དང༌།
ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས་ན། རི་བོ་གངས་ཅན་གྱི་རྒྱུད་དུ་གཏོགས་པའི་སྐྱེ་བོ་མཆོག་དམན་ཀུན་གྱིས་དང་པོར་ཤེས་སླ་བ།
བར་དུ་བརྗེད་དཀའ་བ། མཐར་ང་རྒྱལ་མེད་པའི་ཡི་གེ་དྲུག་མའི་ཉམས་ལེན་གནང་ཐུབ་ན་རང་གཞན་ཀུན་ལ་ཕན་པ་དང་བདེ་བ་འབྱུང་བ་ཐེ་ཚོམ་མེད་པ་ཡིན་ནོ།།
།།
གཉིས་པ་བསྒྲུབ་ཐབས་དངོས།
དེ་ལྟར་ཕན་ཡོན་དང་འབྲེལ་བའི་ལོ་རྒྱུས་མདོར་ཙམ་ཞིག་ཟུར་དུ་ཞུས་ཟིན་ནས་ད་ནི་
སྐབས་སུ་བབས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་དངོས་ལ་འཇུག་པ་སྟེ།
དེའང་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུངས་འགྲོ་དོན་མཁའ་ཁྱབ་མ་དང་སྦྱར་ནས་ཞུ་རྒྱུ་ཡིན།
གང་ཡིན་ཟེར་ན་དེ་ཉིད་ཚིག་ཚོགས་ཉུང་ལ་བསྒོམ་བསྒྲུབ་བྱེད་བདེ་ཞིང།
གྲུབ་ཆེན་རང་གིས་བསྒོམས་ཤིང་མྱོང་བའི་ཐོག་ནས་གཞན་ལ་བཤད་པ་ཡིན་པས་བྱིན་རླབས་ཤིན་ཏུ་མྱུར་བའི་ཕྱིར་རོ།།
དེའང་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ལ་ཐོག་མར་སེམས་བསྐྱེད་དང༌།
བར་དུ་མི་དམིགས་པའི་སེམས།
མཐར་བསྔོ་བ་བཅས་གསུམ་པོ་ནི་མེད་ཐབས་མེད་པའི་ཡན་ལག་ཡིན་པས།
སྐབས་བབས་ཀྱི་བྱ་བ་དེ་ལའང་ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི།
མདུན་གྱི་ནམ་མཁར་འཇའ་དང་འོད་ཀྱི་གུར་ཁང་དུ།
རང་གི་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་འཕགས་པ་སྤྱན་རས་གཟིགས། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་མངོན་སུམ་དུ་བཞུགས་ཡོད་པ་དང༌།
དེའི་དྲུང་དུ་རང་ཉིད་དང་བཅས་པའི་འགྲོ་བ་དྲུག་གི་སེམས་ཅན་མང་པོས་བསྐོར་ནས་ཡོད་པར་བསམ་ཞིང༌།
བདག་ཅག་གི་སྐྱབས་དང་རེ་ས་འཕགས་པ་ཁྱེད་ལས་མེད་པས་ཁྱེད་ཀྱིས་སྐྱོབ་ཏུ་གསོལ་སྙམ་པའི་འདུན་པ་དྲག་པོའི་སྒོ་ནས།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།
།བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
ཅེས་སྐྱབས་སུ་འགྲོ་བ་དང༌། སྡུག་
བསྔལ་གྱིས་མནར་ཞིང་མགོན་མེད་པའི་སེམས་ཅན་ལ་དམིགས་ནས་དེ་དག་གི་དོན་དུ་བདག་
གིས་བསྒོམ་བཟླས་འདིའི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་བསྒྲུབ་པར་བྱ་
སྙམ་པའི་ཀུན་སློང་དང་བཅས།།
བདག་གི་བསྒོམ་བཟླས་བགྱི་བའི་བསོད་ནམས་ཀྱིས།
།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།
ཅེས་ལན་གསུམ་དུ་བརྗོད་ཅིང་སེམས་བསྐྱེད།
དེ་ནས་བླ་མ་དང་གཉིས་སུ་མེད་པའི་འཕགས་པའི་སྐུ་ལས་འོད་ཟེར་འཕྲོས།
དམིགས་ཡུལ་གྱི་སེམས་ཅན་རྣམས་ལ་ཕོག་ནས་དེ་དག་གི་སྡིག་སྒྲིབ་དང་སྡུག་བསྔལ་སྦྱངས་ནས་བདེ་བ་དང་ལྡན་པར་བྱས།
སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་ནས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ།།
དེ་ནས་བདག་དང་ནམ་མཁའི་མཐའ་དང་མཉམ་པའིསེམས་ཅན་ཀུན་གྱི་སྤྱི་བོའི་གཙུག་ཏུ་པད་མ་དང་ཟླ་བའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་འཕགས་པ་སྤྱན་རས་གཟིགས་འོག་གི་
དངོས་གཞིའི་ཚིག་ནས་ཇི་ལྟར་འབྱུང་བ་ལྟར་བསྒོམ་པ་སྟེ།།
བདག་སོགས་མཁའ་ཁྱབ་སེམས་ཅན་གྱི།
།སྤྱི་གཙུག་པད་ཀར་ཟླ་བའི་སྟེང༌།།
ཧྲིཿ ལས་འཕགས་མཆོག་སྤྱན་རས་གཟིགས།
།དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ།།
འཛུམ་མདངས་ཐུགས་རྗེའི་སྤྱན་གྱིས་གཟིགས།
།ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད།།
འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས།
།དར་དང་རིན་ཆེན་རྒྱན་གྱིས་སྤྲས།།
རི་དྭགས་སྤགས་པའི་སྟོད་གཡོགས་གསོལ།
།འོད་དཔག་མེད་ཀྱི་དབུ་རྒྱན་ཅན།།
ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་བཞུགས།
།དྲི་མེད་ཟླ་བར་རྒྱབ་རྟེན་པ།།
སྐྱབས་གནས་ཀུན་འདུས་ངོ་བོར་གྱུར།།
ཞེས་གསོལ་བ་འདེབས་ཤིང་ཅུང་ཟད་བསྒོམ་པར་བྱ།།
དེས་ནས་སྔགས་བཟླ་བའི་ཕྱིར་གསོལ་བ་འདེབས་པ་ནི།
དེ་ལྟར་གསལ་བའི་འཕགས་པ་མཆོག་གིས།
བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་གནས་ལས་བསྒྲལ་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་མཛད་དུ་གསོལ་སྙམ་པའི་སྒོ་ནས།
ཇོ་བོ༑ སྐྱོན་གྱི་མ་གོས་སྐུ་མདོག་དཀར།
།རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན།།
ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།
།སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
ཞེས་པའི་དོན་ཡིད་ལ་བསམ་ཞིང་ཚིག་ཁ་འདོན་དུ་བྱེད་ནས་དད་པ་དང་སྐྱོ་ཤས་ལྷང་ལྷང་ཞིག་མ་སྐྱེས་བར་དུ་ཅི་ནུས་ཤིག་བརྗོད།།
སྤྲོ་བསྡུ་ལ་བརྟེན་ནས་སྒོ་གསུམ་ལྷའི་རྣལ་འབྱོར་དུ་བསྒོམ་ཚུལ།
དེ་ལྟར་གསོལ་བ་བཏབ་ཅིང་ཐུགས་རྒྱུད་སྐུལ་བའི་རྗེས་ལ་འཕགས་པའི་སྐུ་ལས་འོད་ཟེར་འཕྲོས་ནས་སྣོད་བཅུད་ཡོངས་ལ་ཁྱབ།
མ་དག་ལས་སྣང་ཐ་མལ་འཁྲུལ་པའི་སྣང་བ་སྦྱངས། ཕྱི་སྣོད་བདེ་བ་ཅན་གྱི་ཞིང་དུ་འགྱུར་ཞིང་།
ནང་བཅུད་ཀྱི་སེམས་ཅན་གྱི་ལུས་དེའང་དག་པ་འཕགས་པའི་སྐུར་སྣང་བ་དང༌།
སེམས་ཅན་གྱི་ངག་དེ་འཕགས་པའི་གསུང་ཡི་གེ་དྲུག་མ།
སེམས་ཅན་གྱི་སེམས་ཀྱི་དྲན་རིག་དེའང་འཕགས་པའི་ཐུགས་རིག་སྟོང་དུ་ཤེས་ཤིང༌།
མཐར་སྣང་གྲགས་རིག་གསུམ་དེའང་དབྱེར་མེད་དུ་འོག་གི་ཚིག་དང་བསྟུན་ནས་བསྒོམ་པ་ནི།།
དེ་ལྟར་རྩེ་གཅིག་གསོལ་བཏབ་པས།
།འཕགས་པའི་སྐུ་ལས་འོད་ཟེར་འཕྲོ།།
མ་དག་ལས་སྣང་འཁྲུལ་ཤེས་སྦྱངས།
།ཕྱི་སྣོད་བདེ་བ་ཅན་གྱི་ཞིང༌།།
ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས།
།སྤྱན་རས་གཟིགས་དབང་སྐུ་གསུངས་ཐུགས།།
སྣང་གྲགས་རིག་སྟོང་དབྱེར་མེད་གྱུར།།
ཅེས་སྣང་གྲགས་རིག་གསུམ་དབྱེར་མེད་ཀྱི་ངང་ནས།
ཨོ་མ་ཎྀ་པདྨེ་ཧཱུྃ།
ཞེས་ཅི་ནུས་བར་བཟླས་ནས་ཡི་གེ་དྲུག་པའི་བཟླས་བརྗོད་ཐུན་གྱི་དངོས་གཞིར་ཉམས་སུ་ལེན་པར་བྱའོ།།
གཟུངས་སྔགས་ཀྱི་འགྲེལ་བཤད།
གཟུངས་སྔགས་དེའི་འགྲེལ་བཤད་དམིགས་རྣམ་དང་སྦྱར་ཚུལ་ལ་འོག་གི་རེའུ་མིག་ཏུ་བཀོད་པ་
ལྟར་རིམ་པ་བཞིན་ཨོ་ཡེ་ཤེས་ལྔའི་རང་མདངས་ལས་ཤར་བའི་ཡི་གེ་དཀར་པོ།
ཡོན་ཏན་དང་བསམ་གཏན་ཕར་ཕྱིན་གྱི་རང་བཞིན།
ཉོན་མོངས་ང་རྒྱལ་དང་དེས་སྐྱེས་པའི་འགྲོ་བ་ལྷའི་སྡུག་བསྔལ་ཟད་པའི་མཉམ་ཉིད་ཡེ་ཤེས།
ཞིང་ལྷོ་ཕྱོགས་དཔལ་རིར་སངས་རྒྱས་རིན་ཆེན་འབྱུང་ལྡན་དུ་སངས་རྒྱས་སོགས་ཀྱི་བཤད་ཚུལ་ཡོད་ཀྱང༌།
རྒྱ་གར་བྲམ་ཟེ་རྒན་པོའི་ཤན་ཤོར་བ་ཙམ་མ་གཏོགས་དོན་གྱི་ཉམས་ལེན་ལ་དངོས་སུ་ཡོང་གི་ཡོད་མེད་ཐེ་ཚོམ་རེད།
དེས་ན་གཟུང་སྔགས་དེའི་དོན་དངོས་ནི།
མ་ཎྀ་པདྨ་ཞེས་པ་འཕགས་པ་སྤྱན་རས་གཟིགས་གྱི་མཚན་གྱི་རྣམ་གྲངས་ཤིག་ཡིན་པ་སྟེ།
མ་ཎྀ་ཞེས་པ་ནོར་བུ་ཡིན་པས་ཕྱག་ན་ནོར་བུ་དང་པདྨ་བསྣམས་པས་ན་ནོར་བུ་པདྨ་ཞེས་གྲགས་པའམ།
ཡང་ན་མཚན་དེ་ལ་བརྟེན་ནས་ནོར་བུ་དང་པདྨ་ཕྱག་ཏུ་ཕུལ་བ་གང་རུང་ཞིག་ཡིན་གྱི་རེད། དེ་འདྲ་བའི་མཚན་དེ་ཉིད་པདྨོ་མཆོག་ཅེས་བྱ་བའི་སངས་རྒྱས་ལས་ཐོབ་པར་པདྨོ་བཀོད་པའི་མདོ་ལས་གསུངས་ཡོད།
མདོ་དེར་སངས་རྒྱས་བྱང་སེམས་འཁོར་དང་བཅས་པའི་མདུན་ལ་འགྲོ་བ་རྣམས་ཀྱི་སྡུག་བསྡལ་སེལ་བའི་ཆེད་དུ།
འཕགས་པ་མ་ཎྀ་པདྨས་རང་གི་མཚན་གཟུངས་སྔགས་སུ་བྱིན་གྱིས་བརླབས་པར་མཛད་པ་དང༌།
སངས་རྒྱས་བྱང་སེམས་རྣམས་ཀྱིས་ཀྱང་དེ་དེ་བཞིན་དུ་བྱིན་གྱིས་བརླབས་པའི་མཐུན་འགྱུར་མཛད་ཡོད་ཅིང༌།
དེའི་སྐོར་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས་ཀྱང༌། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེས་ཆེན་པོས་འགྲོ་བ་ཡི།
།འཁོར་གྱི་འཇིག་པའང་བསལ་བའི་ཆེད། །རང་གི་མཚན་ཡང་བྱིན་གྱིས་བརླབས། །ཞེས་འབྱུང་ངོ༌། དེས་ན་ཨོཾ་ནི་སྤྱིར་སྐུ་གསུམ་མཚོན་བྱེད་དང༌།
ལྷག་པར་གཟུངས་སྔགས་ཀྱི་སྣ་འདྲེན་བྱེད་ཡིན་པས་ཐོག་མར་སྦྱར་ཞིང༌། དེའི་རྗེས་རང་གི་མཚན་མ་ཎྀ་པདྨ་དང༌།
དེ་ནས་འཇུག་ཏུ་དངོས་གྲུབ་བླང་བའི་ཚིག་ཧཱུྃ་སྦྱར་བ་ཙམ་ཡིན། དེས་ན་དོན་ནི་སྐུ་གསུམ་གྱི་བདག་ཉིད་ནོར་བུ་པདྨས་༼སྤྱན་རས་གཟིགས༽དངོས་གྲུབ་སྩོལ།
ཞེས་པ་ཙམ་ཞིག་ཡིན་འདུག ཡང་
ན་ཨོཾ་དང་ཧཱུྃ་གཉིས་ཀ་ཐོག་མཐའ་འདྲེན་བྱེད་དུ་བྱེད་ན་བར་གྱི་མ་ཎྀ་པདྨ་ནི་
འཕགས་པའི་མཚན་ཡིན་པས་བུ་ཆུང་གིས་མ་ལ་གདུང་བའི་སྨྲེ་ངག་གིས་འབོད་པ་ལྟར་འཕགས་ པའི་མཚན་ནས་འབོད་པ་ཞིག་རེད།།
དེ་ལྟར་དམིགས་པ་དང་བཅས་པའི་སྒོ་ནས་གཟུངས་སྔགས་ཅི་ནུས་སུ་བཟླས་མཐར།
བདག་གཞན་ལུས་སྣང་འཕགས་པའི་སྐུ།
།སྒྲར་གྲགས་ཡི་གེ་དྲུག་པའི་དབྱངས།།
དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང༌།
ཞེས་བདག་དང་གཞན་གི་ལུས་སུ་སྣང་བའམ་མིག་གི་དབང་པོ་ལ་སྣང་བའི་ཡུལ་གྱི་ས་རྡོ་རི་བྲག་ལ་སོགས་པ་ཐམས་ཅད་དག་པ་འཕགས་པའི་སྐུར་མོས་ཤིང༌།
དེ་བཞིན་རྣ་བའི་དབང་པོར་གྲགས་ཚད་ཀྱི་སྒྲ་ཐམས་ཅད་འཕགས་པའི་གསུང་ཡི་གེ་དྲུག་མ།
ཡིད་ཀྱི་དྲན་རྟོག་ཐམས་ཅད་འཕགས་པའི་ཐུགས་རིག་སྟོང་དབྱེར་མེད།
མཐར་སྣང་གྲགས་རིག་གསུམ་དེ་ཡང་དབྱེར་མེད་སྟོང་པའི་ངང་དུ་ཐིམ་ནས་ཅུང་ཟད་མཉམ་པར་བཞག་པར་བྱའོ།།
རྗེས་ཀྱི་ཆོ་ག་ནི།
མཐར་མཉམ་བཞག་དེ་ལས་ལྡང་བ་ན།།
དགེ་བ་འདི་ཡིས་མྱུར་དུ་བདག
།སྤྱན་རས་གཟིགས་དབང་འགྲུབ་འགྲུབ་འགྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།
།དེ་ཡི་ས་ལ་འགོད་པར་ཤོག།
ཅེས་དང༌།
གཞན་ཡང་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་གང་ལ་གང་འོས་ཀྱིས་བརྒྱན་པར་བྱའོ།།
།།
ཞེས་ཐོག་མར་ལོ་རྒྱུས་དང༌།
དེ་རྗེས་བསྒོམ་བཟླས་དངོས་ཀྱི་འགྲེལ་བཤད་མདོར་བསྡུས་དང་བཅས་པ་འདི་ཉིད།
སྟོན་པ་བཀའ་དྲིན་ཅན་དེ་འདས་ནས་མི་ལོ་༢༥༥༠ འཁོར་བའི་ཟླ་བ་བཅུ་པའི་ཡར་ཚེས༼༢༠༠༧ ༡༠
༡༡༽ ལ་འཕགས་ཡུལ་གསལ་ལྡན་གྱི་ལྗོངས་སུ་སྦྱར་བ་འདིས་ཀྱང་རང་མཉམ་གྱི་ལས་དང་པོ་བ་ལ་ཕན་པའི་རྒྱུར་གྱུར་ཅིག།
1 comment:
ཤིན་ཏུ་ལེགས། གང་གི་དགེ་ལ་རྗེས་སུ་ཡི་རང་དུས་ཀུན་ཏུ་ཕུལ་ལོ།།
Post a Comment