Monday, July 28, 2014

དབྱར་ཁའི་གུང་སེང་གི་ཚོར་བ།




དབྱར་ཁའི་གུང་སེང་གི་ཚོར་བ།

༈ དེ་རིང་ནི་སྤྱི་ཟླ་༥པའི་སྤྱི་ཚེས་༢༢གཉིས་ཡིན། ཞོག་པའི་ཉིན་ཤར་གྱི་དུས་ཉིད་ནས་སྤྲིན་དང་སྨུག་པ་སོགས་ཀྱི་སྒྲིབ་གཡོག་དང་བྲལ་བའི་ཉི་འོད་ཤིན་ཏུ་ཚ་ཞིང་། བྱ་བྱིའུ་རྣམས་ཀྱང་ཤིང་སྡོང་ཨཱ་མྲའི་ཡལ་གའི་གྲིབ་ངོས་སུ་ཁས་བླངས་མེད་པའི་སྨྲ་བཅད་ཀྱི་སྨྱུང་གནས་ལ་བརྩོན་ཞིང་གནས་ལ། བྲེལ་ཟིང་ཆེ་བའི་རྒྱ་གར་བ་རྣམས་ཀྱང་ལྕགས་བསྲེགས་ཀྱི་ས་གཞི་ལྟར་འབར་བའི་དཔྱིད་ཀའི་ཁྲོམ་ར་འདིར་ཡོང་སྙིང་མི་འདོད་པས་ཡིན་ནམ། ཡང་ན་སོ་སོའི་ལས་ལས་བརྩོན་པས་ཡིན། གང་ལྟར་ཡང་དེ་དག་རེ་ཟུང་ཙམ་ལས་གཞན་མིག་ལམ་དུ་མཐོང་རྒྱུ་དཀོན། གོང་སྨོས་དེ་དག་ལས་ལྡོག་སྟེ་རང་རེའི་ཝཱ་ར་ཎ་སཱི་བོད་ཀྱི་མཐོ་སློབ་ཁང་འདིར་ནི། ཁ་སིང་སྤྱི་ཚེས་༢༡ཉིན་མོའི་ཚོུད་༢པ་ནས་ཐ་མའི་མིང་ཐོ་བཀླགས་ཏེ་དབྱར་ཁའི་གུང་སེང་བཏང་ཟིན་པར་བརྟེན། སློབ་ཕྲུག་རྣམ་པ་སྦྲང་ཚང་དུ་རྡོ་འཕོགས་པ་ལྟར་འགྲིམ་འགྲུལ་གྱི་བྱ་བས་འཁྲུག་ཆ་ཤིན་ཏུ་ནས་དོད། ཕ་མ་སྤུན་འཁོར་ཐུག་འདོད་ཀྱི་དགའ་ཚོར་གྱིས་ཁེངས་པའི་སློབ་ཕྲུག་མེད་ཅེས་ཐག་གཅོད་མི་ཐུབ་ཀྱང་། སྙིང་གྲོགས་ཉེ་བ་ན་གནས་པའི་ན་གཞོན་བུ་དང་བུ་མོ་རྣམས་ཕན་ཚུན་བྲལ་བའི་སྡུག་བསྔལ་གྱིས་གནོན་ནས་གུང་སེང་འགྲོ་མི་འདོད་པ་ནི་མང་།
རང་ཉིད་ནི་ཁ་སིང་ནས་ཉོས་པའི་ཕ་མ་ཉེ་དུ་ལ་འབུལ་རྒྱུའི་བརྔན་པ་ཡུལ་ཀཱ་ཤི་ཀའི་རས་གོས་འགའ་དང་ང་རང་གི་གྱོན་ཆས། དེ་ནས་ཀློག་དེབ་ཁ་ཤས་བཅས་སྦེག་གཅིག་ནང་བརྫངས་ནས་འགྲོ་ཆས་སྒྲིག་བཞིན་ཡོད། འོན་ཀྱང་དེ་བས་ཀྱང་གལ་ཆེ་བ་ཞིག་ནི། ལོ་ཤས་རིང་སེམས་ཀྱི་གཏིང་ནས་འབྲེལ་བའི་ན་གཞོན་མ་ཞིག་ཡོད་པ་དེ་དང་སཱར་ནཱ་ཐ་ལ་ཐུག་རྒྱུའི་དུས་བཏབ་པ་དེ་རེད། ངས་དད་པ་མོས་གུས་ཆེས་མདོག་ཁ་པོའི་ངང་ནས། དགེ་བསྙེན་ཆོས་སྐྱོང་གིས་བཞེངས་པའི་སཱར་ནཱ་ཐའི་དྲི་གཙང་ཁང་དེར་དུས་མ་ཡིན་པ་ཉིན་གུང་ཆུ་ཚོད་༡༢ཙམ་ལ་བསྐོར་ར་ཞིག་རྒྱབ་ནས། འཁོར་ལྔ་སྡེ་བཟང་པོའི་སྐུ་བརྙན་བཞུགས་སའི་རྒྱབ་ངོས་ཤིང་སྡོང་ཞིག་གི་འོག་ཏུ་སྐར་ཆ་ཁ་ཤས་རིང་ངང་སྒུག་བྱས་ནས་བསྡད།
མི་མཐུན་མི་དང་ཕྲད་པའི་སྐབས་དང་ནི། །སྙིང་མཐུན་འདོད་པའི་དུས་ནི་ཡུད་ཙམ་ཡང་།།
ཞག་ཟླ་ལོ་ལས་ལྷག་པའི་ཚོར་སྣང་ཞིག །བྱུང་བ་སེམས་ཅན་ཀུན་གྱི་ཆོས་ཉིད་ཡིན།།

དྲོད་ཚད་༤༧བརྒལ་བའི་དཔྱིད་ཀའི་ཉིང་གུང་འགྲོ་བསྐྱོད་དང་ངང་བསྒུགས་བྱེད་རྒྱུ་ནི་ཅི་འདྲའི་དཀའ་ངལ་ཞིག་ཡིན་པ་སྨོས་མི་དགོས། ཡུད་ཙམ་ནས་ཁོང་སྟོང་ཐུང་ནག་པོ་ཞིག་སྐེད་པར་དཀྲིས། ནུ་ཤ་ཕྱིར་དོད་པའི་ནང་འཇམ་སྲབ་མོ་ཞིག་གྱོན། སྐྲའི་ལྷས་མ་གློད་ནས་ཞལ་རས་གཡས་བསྒྱུར་གཡོན་བསྒྱུར་གྱིས་ཕྱོགས་དང་ཕྱོགས་སུ་བལྟ་ཞིང་། བགྲོད་སྟངས་ལ་བལྟས་ན་ཅུང་ཟད་དངངས་ཚབ་དང་ལྡན་པའི་ཟོལ་གྱིས་བསླེབས་བྱུང། དེ་ནས་ང་གཉིས་རྒྱུན་ལྡན་ལྟར་གཞན་གྱིས་བྱུས་གཏོགས་དང་ལབ་གླེང་ངང་དུ་དུས་ཡུན་ཆུ་ཚོད་༣ཙམ་འདས།
དེ་ནས་ངས་ཁོང་ལ། ག་ལེར་ཕེབས་ཨཱ། ང་ཡང་འགྲོ་རན་འདུག ཅེས་ཞུས་པ་ན། ཁོང་ནི་ཞལ་རས་ལ་སྐྱོ་གདུང་གི་ཉམས་དང་། ཕྲ་ལ་རིང་བའི་སྤྱན་ཟུང་མིག་གཉིས་ལ་མཆི་མའི་རྒྱུན་གྱིས་ཁེངས་ཞིང་། འཇམ་ཞིང་མཉེན་པའི་ཕྱག་གིས་ངའི་ལག་པ་ནས་བཟུང། སྤྱན་གཉིས་འབུར་ཚུགས་སུ་ང་ལ་བལྟ་བཞིན་འདི་ལྟར་གསུངས་བྱུང་།
ཁྱོད་དང་རེ་ཞིག་བྲལ་བའི་སྡུག་བསྔལ་ནི། །ཅི་ཞིག་ལྟར་ཡང་བདག་གིས་བཟོད་ནུས་ཀྱི།།
མིག་ལས་ཡོལ་ཚེ་སེམས་ལས་བརྗེད་ནས་ནི། །གཞན་དང་འགྲོགས་པའི་ངལ་བ་མ་གནང་རོགས།།
ཞེས་སོ།། སྐབས་དེར་ངས་ལག་པས་མོའི་འཕྲག་པ་ནས་སྐྱོར་ཞིང་མགོ་བོ་ངའི་བྲང་ལ་སྦྱར་དུ་བཅུག སྣུམ་ཞིང་འཇམ་པའི་སྐྲ་ལ་བྱིལ་བྱིལ་བྱས་ནས་ལན་འདི་ལྟར་ཞུས།།
ཕོ་མོ་མཇལ་ཕྲད་མིག་གིས་བྱེད་གྱུར་ཀྱང་། །ཕན་ཚུན་དགའ་བའི་མདུད་པ་སེམས་ཀྱིས་འདེབས།།
མི་དགའ་མདུན་ན་གནས་ཀྱང་རིང་བ་དང་། །དགའ་ན་ས་ཐག་རིང་ཡང་གདོང་སྐོར་ཡིན།།
ཞེས་ཞུས། ཡང་མོས་ཅུང་ཟད་གདེངས་ཚོད་ཡོད་པའི་ཟོལ་གྱིས།
དགའ་བའི་མདུད་པ་སེམས་ནས་ལྷོད་མེད་ནའང་། །བསིལ་སར་ཡུན་རིང་ཆུ་ལ་འབྲས་བུ་བཏགས།།
བརྩེ་དུང་ལུས་ཀྱི་རྨ་བཞིན་མ་སྲུངས་ན། །སྐྱེས་པ་དར་མའི་བློ་ལ་འགྱུར་ལྡོག་ཆེ།།
ཞེས་གསུངས།། དེ་ནས་ངས།
བརྩེ་དུང་མཚོན་པ་རི་ཡི་རྒྱལ་པོ་སྟེ། །འགྱུར་བ་མིག་གིས་མཐོང་སམ་རྣ་བས་ཐོས།།
དྲི་ཟའི་ལྷ་མོས་དོར་བའི་ནོར་བཟང་རྒྱལ། །ལྔ་བརྒྱ་བཙུན་མོའི་ཕྱོགས་སུ་ཡིད་གཡོ་འམ།།
ཞེས་ཞུས་པ་ན་མོས་ང་ལ་འདི་ལྟར་གསུངས་བྱུང། དེ་ལྟར་ཡིན་ན་ལྟ་དགའ་སྟེ། ཁ་ཞེ་མཐུན་དཀའ། ཞེས་གསུངས་ནས་བལྟ་བས་ངོམས་པ་མེད་པའི་མིག་ཟུང་གཉིས་ནས་མཆི་མ་འཁྲུག་བཞིན་འདུག། དེ་ནས་ངས་ལམ་སང་ང་རང་གི་སྐེ་ལ་དཀྲིས་ནས་ཡོད་པའི་ཀཱ་ཤི་ཀའི་རས་འཇམ་འདིས་མོའི་ཞལ་རས་དཀར་གསལ་ཟླ་བ་ནས་བབས་པའི་མཆི་མའི་རྒྱུན་ཕྱིས་བཞིན།
གཞོན་ནུའི་མིག་ལས་ལྷུང་བའི་མཆི་མའི་རྒྱུན། །ཐིག་པ་རེ་རེའི་རིན་ཐང་བསམ་མི་ཁྱབ།།
གང་གིས་དེ་ཡི་རིན་ཐང་མི་ཤེས་པ། །དེ་བས་བླུན་པ་ས་སྟེང་འདི་ན་མེད།།
ཅེས་ཞུས་པ་ན། མོས་དེ་ལྟར་ཡིན་པའི་བརྡར་མགོ་བོ་གུག་ཙམ་གུག་ཙམ་བྱེད་བཞིན་འདུག། ངས་ད་དུང་མུ་མཐུད་ནས།
གནས་ཀྱི་རྩེ་མོ་གངས་དཀར་ཏི་སི་རུ། །དབང་ཕྱུག་ཨུ་མ་བདེ་སྟོང་ངང་དུ་མཇལ།།
འཛམ་གླིང་དབུས་གྱུར་གསལ་ལྡན་ལྗོངས་ཉིད་དུའང་། །ཁྱེད་དང་ང་གཉིས་དགའ་སྤྲོའི་ངང་དུ་མཇལ།།
ནུབ་རིའི་རྩེ་ལ་ཉེ་བའི་རྟ་མདུན་དབང་། སོང་ནས་ལོག་རྒྱུ་མེད་པའི་གཙང་ཆབ་མིན།།
རང་ཡུལ་བསྐྱོད་པའི་སློབ་ཕྲུག་རང་ཉིད་ཀྱང་། །སློབ་དཔོན་ཐོན་ནས་འགྲོ་བ་ག་ལ་ཡིན།།
ཞེས་ཞུས་ནས་སེམས་གསོ་བྱེད་ཅིང་། ད་དུང་མུ་མཐུད་ནས། ཡཱ། སྐད་ཆ་འདི་གཡུག་ཞོག ཁྱེད་རང་བརྔན་པ་ག་རེ་དགོས། ཞེས་དྲིས། མོས་མཛུབ་མོ་མགོ་བོར་དཔག་ནས་ཏོག་ཙམ་བསམ་བློ་གཏོང་ཁུལ་དུ་བསྡད་ནས་མཐར། ཁྱེད་རང་གང་དགའ་བ་དེ་ཁྱེར་ཤོག། ཅེས་གསུངས། ངས། ཁྱེད་རང་གཉིས་པ་ཞིག་འབྲུག་ཡུལ་ནས་རག་གི་མ་རེད། གལ་སྲིད་རག་ན་ལྟ། འཁྲིད་ནས་ཡོང་ཆོག། ཡིན་ནའང་ཁོང་ཁྲོ་མ་ལངས་ཨ། ཞེས་ཞུས་པར། མོས་ངའི་དཔུང་པ་ཐལ་ཙེག་ཅིག་ཞུས་ནས། ཧིང་། བརྙས་མ་སྐུལ་ཨ། ཞེས་གསུངས། དེ་ནས་ངས། ཡཱ།  ད་འགྲོ་གི་ཡིན་ད། བཞུགས་ཨ། ཞུས་པས། མོང་ཡང་མིག་མཆི་མས་བསྣར་བཞིན་ལག་པས་ང་ལ། bye bye ཞེས་པའི་བརྡ་མཚོན་དུ་ཕྱག་སོར་གཡུག་ཙམ་བྱས་ཀྱང་ངག་ནས་ཚིག་གཅིག་ཀྱང་གསུངས་རྒྱུ་མེད་པར་ལུས་སོ།།

བསམ་གཏན། 
༡༩/༠༧/༠༤

དེའང་རང་ཉིད་ཝཱ་ར་ཎ་སིར་སློབ་སྦྱོང་བྱས་ནས་བསྡད་པའི་སྐབས་ཞིག་ལ། རིག་གནས་སློབ་དཔོན་ནཱ་ག་སངས་རྒྱས་བསྟན་དར་ནས་ང་ཚོ་སློབ་ཕྲུག་དམངས་ལ་དབྱར་ཁའི་གུང་སེང་སྐབས་ཀྱི་ཚོར་བ་གང་བྱུང་ཞིག་རྩོམ་གྱི་ཐོག་ནས་བྲིས་ཏེ་ཁྱེར་ཤོག་ཅེས་པའི་བཀའ་ལྟར་འདི་ཉིད་བྲིས་ནས་ཕུལ་བ་ན། སློབ་དཔོན་མཆོག་གིས་དག་བཅོས་དང་རྩོམ་ལ་སྤྲོ་བ་སྤེལ་ཕྱིར་ཆེད་རྩོམ་འདི་འདྲ་ཞིག་གནང་འདུག།
རྩོམ་རྩལ་བྱ་གཤོག་རྒྱས་ལ་མངོན་ཕྱོགས་པའི། །བྱེད་པོ་མཁའ་ལྡིང་ཆེད་རྩོམ་ནམ་མཁའ་ཡི།།
མི་མངོན་དབྱིངས་ལ་རྩོམ་རྩལ་རྫོགས་འདོད་ན། །བསྐུལ་བའི་ངག་བཞིན་རྩོམ་གྱི་བྱ་བར་བྲེལ།།
དོན་གྱི་བརྗོད་བྱ་ཚིག་གི་རྗོད་བྱེད་བཅས། །གང་ལའང་མི་སྙན་མ་དག་མ་མཆིས་ཀྱང་།།
རྩོམ་ཐུང་རྐྱང་པས་ཚིམ་པར་བྱས་གྱུར་ན། །རིང་པོའི་རྩོམ་རྣམས་མི་བྱེད་འགྱུར་སྙམ་ཆེ།།
ཁྱེད་ཀྱི་རྟོག་པ་བཟང་རབ་རྒྱ་བསྐྱེད་ན། །རིང་པོར་མི་ཐོགས་རྩོམ་པ་གྲགས་ཅན་ཞིག།
མ་གྱུར་ན་ཡང་མིས་སྨོན་རང་སྐྱིད་ཅིག །འོང་བར་བློ་ལྡན་སུ་ཞིག་འཕྱང་མོ་ཉུག།
བདག་ཉིད་ལེགས་རབ་ཅིག་གྱུར་རྟོགས་པ་ནི། །རང་དོན་ཡིན་གྱི་ཐེག་ཆེན་བསླབ་བྱ་མིན།།
དེས་ན་རང་དང་སྐལ་མཉམ་འཛིན་གྲོགས་རྣམས། །མཉམ་འཕྲིད་བྱ་ཕྱིར་ནན་ཏན་སྐུལ་མ་མཛོད།།

ནཱ་ག་སངས་རྒྱས་བསྟན་དར།   
༢༠༠༤/༧/༢༡

No comments: