Monday, July 28, 2014

ཤ་ཀུནྟ་ལ།



བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ཞེས་བྱ་བ།།


༄༅།  །རྒྱ་གར་སྐད་དུ།   ཨ་བྷི་ཛྙ་ན་ཤཱ་ཀུནྟ་ལཱ་ན་ཊ་ཀ་ནཱ་མཱ།།
བོད་སྐད་དུ།   བྱ་ལེན་[1]མངོན་པར་ཤེས་པའི་ཟློས་གར་ཞེས་བྱ་བ།།
སངས་རྒྱས་ལ་ཕྱག་འཚལ་ལོ།།

བྱེད་པོས་བྱས་པ་དང་པོ་གང་ཡིན་ཆོ་གས་ཕུལ་བའི་སྦྱིན་སྲེག་སྦྱིན་དང་ལེ་པོ་སུ།།
གང་ལ་ཐོས་པའི་ཡུལ་གྱི་དཔལ་ལྡན་གང་གིས་ཀུན་ཁྱབ་གཉིས་པོ་གང་གིས་དུས་རྣམས་བྱས།།
གང་ལ་ཀུན་གྱི་ས་བོན་ཞེས་བྱ་གང་གིས་མ་ལུས་སྐྱེ་རྒུ་གསོན་ཅིང་འཚོ་བྱེད་པའི།།
མངོན་སུམ་ཉིད་ཀྱི་སྐུ་བརྒྱད་མངའ་བའི་དབང་ཕྱུག་དེ་ཡིས་ཁྱེད་ཅག་ཀུན་ཏུ་བསྲུང་གྱུར་ཅིག།།

དགའ་ལྡན་གྱི་མཐའ་ལ།[2] 
མདོ་འཛིན་པས།[3]         ཡོལ་བ་ལ་གདོང་ཕྱོགས་ཏེ།        འཕགས་མ[4] གལ་ཏེ་ཆས་བསྒྱུར་བའི་བྱ་བ་རྣམས་གྲུབ་ན་ཚུར་བྱོན་ཅིག།
གར་མ།                    ནང་དུ་ཞུགས་ནས། རྗེའི་སྲས།     བདག་འདི་ཡིན་ནོ།། གང་བགྱི་བར་འོས་པ་བཀའ་སྩོལ་ཅིག།
མདོ་འཛིན་པས།          འཕགས་མ༑ དེ་རིང་ཚོགས་འདི་དག་ནི་ཀུན་ནས་ཡིད་དུ་འོང་བ་ཉིད་ཡིན་ན། བདག་ཅག་གིས་དངོས་པོ་གང་ཞིག་ནག་མོའི་འཁོལ་[5] གྱིས་མེ་ཏོག་གི་ཕྲེང་རྒྱུད་དུ་བྱས་པ།    བྱ་ལེན་མ་མངོན་པར་ཤེས་པ་ཞེས་བྱ་བའི་ཟློས་གར་གསར་པའི་སྐྱེས་ཀྱིས་བསྟབ་པར་བྱའོ།  དེའི་སླད་དུ་སྣོད་[6]སོ་སོ་ནས་བརྩོན་པ་སྦྱིན་པར་རིགས་སོ།། 
གར་མས།                  འཕགས་པ༑ ཁྱོད་ནི་མཁས་པའི་ཐབས་ཀྱིས་རབ་ཏུ་སྦྱོར་བ་བྱེད་པར་འགྱུར་བས།          སུ་ཞིག་གིས་ཀྱང་འཕྱ་བའི་གནས་སུ་འགོད་པར་མི་བྱེད་དོ།།

མདོ་འཛིན་པས།           ཅུང་ཟད་བགད་ནས།
མཁས་རྣམས་དགྱེས་པ་འབྱུང་གི་བར།།
རབ་སྦྱོར་ལེགས་ཞེས་བདག་མི་སེམས།།
སློབ་པ་རྣམས་ཀྱི་རང་གི་བློ།།
སྟོབས་དང་ལྡན་ཡང་ཡིད་རྟོན་ཅི།།
གར་མས།                  གུས་པ་དང་བཅས་པས།  འཕགས་པ༑ དེ་དེ་བཞིན་ནོ།། ད་ནི་གང་ཞིག་བགྱི་བར་བྱ་བ་བཀའ་སྩོལ་ཅིག
མདོ་འཛིན་པས།           ཚོགས་ཀྱི་རྣ་བ་གསལ་བར་བྱེད་པ་ལས་གཞན་ཅི་ཞིག།
གར་མས།                  ནམ་ཟླ་གང་གི་དུས་མངོན་དུ་བྱས་ནས་གླུ་བླངས་པར་བགྱི།། 
མདོ་འཛིན་པས།          ཚ་བའི་དུས་ཀྱི་ལོངས་སྤྱོད་བྱུང་ནས་རིང་པོ་མ་ལོན་པས་དེ་མངོན་དུ་བྱོས་ལ་གླུ་ལོངས་ཤིག།  ད་ལྟ་ནི།
དྲི་ཞིམ་མེ་ཏོག་རྡུལ་གཡོ་བའི། །སྐལ་བཟང་ནགས་ཀྱི་བསེར་མ་ཅན།།
མངོན་པར་དགའ་བའི་གྲིབ་བསེལ་ནི། །འབད་མེད་རྙེད་པ་ཉིན་མོའི་མཐའ།།
གར་མས།                  དེ་དེ་བཞིན་ནོ།། ཞེས་གླུ་བླངས་པ།         
རབ་གཉེན་གེ་སར་གཞོན་ནུའི་རྩེ་མོ་ལ།།
རེག་ཙམ་བུང་བའི་ཚོགས་ཀྱིས་འོ་བྱེད་པའི།།
ལེགས་ལྡན་ཤི་རི་ཥཿ[7]་ཡི་མེ་ཏོག་འདི།།
ཀུན་ཏུ་མྱོས་པ་རྣམས་ཀྱིས་རྒྱན་དུ་འཛིན།།
མདོ་འཛིན་པས།          འཕགས་མ༑   གླུ་ལེགས་པར་བླངས་སོ།།  དབྱངས་ཀྱིས་བཅིངས་པའི་ཚོགས་ཀྱི་དཀྱིལ་འཁོར་འདི་དག་རི་མོའི་གཟུགས་བརྙན་བཞིན་དུ་སྣང་ངོ་།།   ད་ནི་བར་ཏུ་སྦྱོར་བ་གང་ལ་བརྟེན་ནས་སྐྱེས་འབུལ་བར་བྱ།
གར་མས། འོ་ན་འཕགས་པས་སྔོན་བཀའ་སྩལ་པ་བྱ་ལེན་མ་མངོན་པར་ཤེས་པ་ཞེས་བྱ་བའི་སྔོན་མེད་པའི་ཟློས་གར་གྱི་བར་ཏུ་སྦྱོར་བ་ལ་བརྟེན་ཏེ་བྱའོ།།
མདོ་འཛིན་པས།          ཨེ་མ༑ འཕགས་མས་སྐད་ཅིག་འདི་ལ་ཡང་དག་པར་རྗེས་སུ་དྲན་པར་བྱས་སོ།། བདག་གིས་ནི་བརྗེད་དེ། གང་གི་ཕྱིར།    
ཇི་ལྟར་མི་སྐྱོང་དུཤྱནྟ།    །རི༌དགས༌གཞོན༌ནུས༌དྲངས༌པ༌ལྟར།།     
ཁྱོད༌ཀྱི༌གླུ༌དབྱངས༌འཕྲོག༌བྱེད༌ཀྱིས། །འདིར༌ནི༌ཁོ༌བོ༌རིང༌དུ༌དྲངས།།         
ཞེས༌ཟླས༌ནས༌གཉིས༌ཀ༌སླར་ལོག༌གོ།
ཞེས༌པ༌རབ༌བསྟོད༌དོ།།


ཡན༌ལག༌དང༌པོ༌ནི།
དེ་ནས་རི་དྭགས་ཀྱི་རྗེས་སུ་འགྲོ་བའི་རྒྱལ་པོ་ལག་ན་མདའ་གཞུ་ཅན་ཤིང་རྟ་ལ་ཞོན་པ་ཁ་ལོ་པ་དང་བཅས་པ་བྱུང་ནས།
ཁ༌ལོ༌པས།                 རི༌དྭགས༌དང༌རྒྱལ༌པོ༌ལ༌བལྟ༌བཞིན། བྷོཚེ༌དང༌ལྡན༌པ
བཀང༌བའི༌གཞུ༌ལ༌མདའ༌བརྟེན༌ཅིང༌།    །ཀྲིཥྞ་སཱ་ར༌[8]བལྟ༌བ༌ཁྱོད།།
རི༌སྐྱེས༌བུ༌[9]ཡི༌རྗེས༌སྙེགས༌པའི། །མདའ༌ལྡན་[10]མངོན༌སུམ༌བཞིན༌དུ༌མཐོང༌།།
རྒྱལ༌པོས།                  ཀྱེ༌ཁ༌ལོ༌པ༑  རི༌དྭགས༌འདིས༌ཡུ༌བུ༌ཅག༌རྒྱང༌རིང༌པོར༌དྲངས་ན། དེ་ནི༌ད༌དུང༌ཡང༌་་་་།
སྒེག༌པའི༌མགྲིན༌པ༌འཁྱོག༌པོའི༌གདོང༌གིས༌སྐད༌ཅིག༌རེ༌བཞིན༌ཤིང༌རྟ༌ལ༌ནི༌བལྟ༌བྱེད༌ཅིང༌།།
རྣོན༌པོའི༌ཉག༌ཕྲན༌[11]འབབ༌ལ༌འཚེར༌བས༌རོ༌སྨད༌དག༌ནི༌བྲང་གི༌ཁོངས༌སུ༌སྡུད༌པར༌བྱེད།།  ངལ༌བའི༌ཁ༌ནས༌ཀུན༌ཏུ༌ལྷུང༌བའི༌ཕྱེད༌ཟས༌རྩ༌རྣམས༌ལམ༌གྱི༌ངོས༌སུ༌བཀྲམ༌བཞིན༌དུ།། རྨིག༌རྩེ༌ས༌ལ༌ཡུད༌ཙམ༌རེག༌སྟེ༌ནམ༌མཁའི༌དབྱིངས༌ན༌མཆོངས༌ཤིང༌རྒྱུགས༌པར༌བྱེད༌ལ༌ལྟོས།།
ངོ༌མཚར༌དང༌བཅས།
ཀྱེ་མ་རི་དྭགས་འདི་དེང་ཁོ་ནར་རྗེས་སུ་འགྲོ་བ་བདག་ཅག་གིས་བསྒྲིམ་སྟེ་མཐོང་བར་བྱ་བའི་ཡུལ་ཉིད་དུ་གྱུར་ཏོ།།
ཁ་ལོ་པས།                 ཚེ་དང་ལྡན་པ༑ བདག་གིས་ས་འབུར་གཤོངས་ཅན་དུ་མཐོང་ནས་སྲབ་འཐེན་ཏེ། དེའི་ཕྱིར་འདི་རིང་དུ་གྱུར་ཏོ། འོན་ཀྱང་ད་ནི་ཐང་འཁོད་སྙོམས་པར་སླེབས་པས་དཀའ་ཚེགས་མེད་དོ།།
རྒྱལ་པོས།                  དེའི་ཕྱིར་སྲབ་གློད་ཅིག
ཁ་ལོ་པས།                 གང་ཚེ་དང་ལྡན་པས་བཀའ་གནང་པའོ།། ཞེས་སྲབ་ལྷོད་པོར་བྱས་ནས་ཤིང་རྟའི་ཤུགས་ལ་ལྟ་བཞིན་དུ།  ཚེ་དང་ལྡན་པ༑  གཟིགས་ཤིག༑ གཟིགས་ཤིག༑
སྲབ་ལས་ཐར་ནས་མགྱོགས་འགྲོ་[12]འདི་རྣམས་གཉའ་བ་ཀུན་ཏུ་བརྐྱངས་གྱུར་ཅིང་།།
གཡོ་མེད་འགྲེང་བའི་རྔ་ཡབ་ཅོད་པན་[13]སྤྱི་བོའི་གཙུག་ན་ལྷང་ངེར་གནས།། རང༌གིས༌བཙུབ༌པའི༌ཆེ༌བའི༌རྡུལ༌གྱི༌རྡུལ༌ཕྲན༌དག༌ཀྱང༌མ༌རེག༌པར།།
རི༌དྭགས༌བང༌ལ༌འགྲན༌པ༌བཞིན༌དུ༌རྣ༌བ༌ཀྲོང༌ཞིང༌རྒྱུགས༌པར༌བྱེད།།
རྒྱལ༌པོས།                  དགའ༌བ༌དང༌བཅས། བདེན་པ་ཉིད་དོ། རྟ་ལྗང་ཁུ་[14]ཡང་ཕམ་པར་བྱེད་པ་བདག་ཅག་གི་རྟ་འདི་དག་གོ། དེ་བཞིན་དུ།
བདག་ལ་གློ་བུར་ཕྲ་རབ་དག་ཀྱང་ཆེ་བའི་ཕུང་པོ་ཉིད་དུ་སྣང་།།
རང་བཞིན་ཉིད་ཀྱིས་འཁྱོག་པ་དག་ཀྱང་རིམ་པ་གཅིག་པའི་དྲང་པོར་གྱུར།།
སོ་སོར་ཆད་པའི་ཆ་ཤས་ཀུན་ཀྱང་ལྷན་ཅིག་འབྱར་བའི་རྒྱུད་དུ་སྟེ།།
སྐད་ཅིག་རེ་ལ་མཐོང་བའི་ཆ་རྣམས་རྒྱང་ན་མ་ཡིན་དྲུང་ན་མིན།།
ཀྱེ༌ཁ༌ལོ༌པ༑      མཛེས༌པ༌འདི༌ལ༌ལྟོས༌ཤིག  ཅེས༌མདའ༌བཀང༌ངོ༌།

ཡོལ་བའི་ཕུག་ནས།       ཀྱེ་ཀྱེ་རྒྱལ་པོ༑ མ་གསོད་ཅིག བསྟི་གནས་[15]ཀྱི་རི་དྭགས་འདི་མ་གསོད་ཅིག   
ཁ༌ལོ༌པས།                 མཉན༌ཅིང༌བལྟས༌ནས། ཀྱེ༌ཚེ༌དང༌ལྡན༌པ༑ མདའ་བའི་ལམ་དུ་མཆིས་པའི་ཀྲྀཥྞ་སཱ་ར་དང་། ཁྱོད་ཀྱི་བར་འདིར་དཀར་ཐུབ་པ་ཞིག་ཉེ་བར་གནས་སོ།། 
རྒྱལ༌པོས།                  འོ༌ན༌རྟ༌རྣམས༌མྱུར༌དུ༌ཟུངས༌ཤིག།
ཁ༌ལོ༌པོས།                 དེ་བཞིན་ནོ།  ཞེས་ཤིང་རྟ་བཀག་གོ
དེ་ནས་རང་ཉིད་གཉིས་དང་བཅས་པའི་བཀའ་ཐུབ་པ་[16]ནང་དུ་སླེབས་ཏེ།
དཀའ་ཐུབ་པས།          ཐལ་མོ་བློང་བཞིན། ཀྱེ་མ་རྒྱལ་པོ། མ་གསོད་ཅིག བསྟི་གནས་ཀྱི་རི་དྭགས་འདི་མ་གསོད་ཅིག།
མ་ཡིན་མ་ཡིན་འཇམ་པའི་རས་བལ་དག་ལ་དྲག་པོའི་མེ་ལྕེ་བཞིན།།
མཛེས་པའི་རི་དྭགས་འདི་ཡི་ལུས་ལ་སྒྲོ་ལྡན་[17]མཚོན་གྱིས་མ་བཏབ་ཅིག།
ཨ་ཧོ་སྡུག་གུ་ཉམ་ཆུང་འདི་ཡི་འདར་བའི་སྲོག་ནི་ཅི་ཙམ་ཞིག།
རྡོ་རྗེའི་སྙིང་པོ་རྣོ་ངར་འབབ་པ་ཁྱོད་ཀྱི་ཉག་ཕྲན་ཅི་ལྟ་ཞིག།

རྒྱལ་པོ་དེའི་ཕྱིར་ལེགས་པར་སྦྱར་བ་ཡི།།
མདའ་འདི་བོར་ཅིག་གང་ཕྱིར་ཁྱོད་ཀྱི་མཚོན།།
ཉོ་མོངས་སྐྱེས་བུ་བསྲུང་བའི་སླད་དུ་སྟེ།།
ཉེས་པ་མེད་རྣམས་གཞོམ་པའི་སླད་དུ་མིན།།

རྒྱལ་པོས།                  གུས་པ་དང་བཅས་གཞུ་རྒྱུད་ལྷོད་དེ། འདི་མི་བསད་དོ། ཞེས་སྨྲས་ནས་དེ་བཞིན་དུ་བྱས་སོ།།
དཀའ་ཐུབ་པས།           དགའ་བ་དང་བཅས།  པུ་རིའི་རིགས་ཀྱི་སྒྲོན་མ་[18]ཁྱོད་ནི་ཆོས་བཞིན་དུ་མཛད་དོ།།
འདི་ལྟར་གང་དུ་འཁྲུངས་གྱུར་པའི།  །པུ་རིའི་རིགས་ཀྱི་ཆོས་བཞིན་དུ།།
ལེགས་མཛད་ཡོན་ཏན་ལྡན་པ་གང་།  འཁོར་ལོས་བསྒྱུར་བའི་སྲས་འགྲུབ་ཤོག།

གཞན་གཉིས་ཀྱང་།          ལག་པ་གྱེན་དུ་བཏེག་སྟེ། ངེས་པར་འཁོར་ལོས་བསྒྱུར་བའི་སྲས་ཉིད་དང་ལྡན་པར་ཤོག་ཅིག།
དཀའ་ཐུབ་པས།                        ཀྱེ་རྒྱལ་པོ། འདི་ནི་ཆུ་ཀླུང་ཕྲེང་ལྡན་མའི་འགྲམ། རིགས་ཀྱི་བདག་པོ་ཀ་ན་ཝའི་[19]བསྟི་གནས་ལགས་ཏེ། བདག་ཅག་ཡམ་ཤིང་[20]འཐུ་རུ་འགྲོ་བ་ལགས་ན།  གལ་ཏེ་བགྱི་བ་གཞན་མེད་ན་མགྲོན་གྱི་བཀུར་བསྟི་དག་བཞེས་པར་རིགས་སོ།།  གཞན་ཡང་།

སྙིང་རྗེར་འོས་པའི་དཀའ་ཐུབ་ལུས་ཅན་ཡང་།།
ཡིད་འོང་ལས་ཀྱིས་ཕས་རྒོལ་གཞོམ་བྱས་ཏེ།།
གཞུ་རྒྱུད་དྲེགས་པའི་མཚན་མ་ཆགས་པའི་ཕྱག།
ཇི་ལྟར་བསྲུང་བ་གཟིགས་ན་མཁྱེན་པར་འགྱུར།།
                  
རྒྱལ་པོས།                               རིགས་ཀྱི་བདག་པོ་[21]འདིར་བཞུགས་སམ།
དཀའ་ཐུབ་པས།                        ད་ལྟ་ནི་བུ་མོ་བྱ་ལེན་མ་གྲོང་པ་རྣམས་ཀྱི་བཀུར་བསྟིའི་ཡུལ་ཉིད་དུ་བཞག་ནས། མོའི་བསོད་ནམས་ཀྱི་མི་མཐུན་པ་དག་ཞི་བར་བྱ་བའི་སླད་དུ་ཀུན་ཏུ་རྒྱུའི་ཟླ་བ་[22] ལ་གཤེགས་སོ།།
རྒྱལ་པོས།                      འོ་ན་བདག་ཅག་གིས་ཇི་ལྟར་གུས་པར་བྱས་པ་རྣམས་སྲས་མོས་གཟིགས་ནས་དྲང་སྲོང་ཆེན་པོ་ལ་སྦྲན་པར་འགྱུར་ཏུ་ངེས་པས། བདག་ཅག་དེར་མཆིའོ།།
དཀའ་ཐུབ་པས།                        ལེགས་སོ།།  འོ་ན་བདག་ཅག་སྔོན་དུ་འགྲོ་བར་འཚལ་ལོ།། ཞེས་སློབ་མ་དང་བཅས་སོང་ངོ།།

རྒྱལ་པོས།                               ཀྱེ་ཁ་ལོ་པ༑   བསོད་ནམས་ཀྱི་གཞི་བལྟ་བ་ནི་རང་ཉིད་དག་པར་བྱེད་པ་ཡིན་པས།  རྟ་རྣམས་ཁ་སྒྱུར་ཅིག།
ཁ་ལོ་པས།                               གང་ཚེ་དང་ལྡན་པས་བཀའ་སྩལ་པའོ།  ཞེས་སླར་ཡང་ཤིང་རྟའི་ཤུགས་སྣང་བར་བྱས་སོ།། རྒྱལ་པོས་ཕྱོགས་ཀུན་ཏུ་བལྟས་ཏེ།  ཀྱེ་ཁ་ལོ་པ༑ རེ་ཞིག་མ་སྨོས་ན་ཡང་ཕྱོགས་འདི་ནི་དཀའ་ཐུབ་ཀྱི་ནགས་ཚལ་ཡིན་ནོ་ཞེས་བདག་གིས་ཤེས་སོ།།
ཁ་ལོ་པས།                     ཅི་ལྟར།

རྒྱལ་པོས།                               ཅི་ཁྱོད་མི་མཐོང་ངམ། 
ཤིང་སྦུབས་ནེའུ་ཙོའི་ཚང་ནས་ལྷུང་བའི་མ་རྨོས་སཱ་ལུ་[23]ལྗོན་པ་རྣམས་ཀྱི་དྲུང་ན་སྟེ།།
འགའ་ཞིག་དག་ན་ཨངྒུ་དི་ཡི་འབྲས་བུ་བརྡུང་བའི་སྣུམ་གྱིས་བགོས་པའི་རྡོ་དག་མཐོང་།།
ཆུ་ངོགས་ལམ་གྱི་ངོས་རྣམས་ཀུན་ན་ཤིང་ཤུན་གོས་ཀྱི་འདབ་མ་ཞུ་བའི་ཆུ་ཐིག་སྟེ།།
ཡིད་བརྟན་ཐོབ་སླད་མྱུར་དུ་མི་འབྲོས་རི་དྭགས་ཚོགས་རྣམས་ཅ་ཅོའི་སྒྲ་ལ་འཇིགས་མི་བྱེད།།
གཞན་ཡང་། 
རླུང་གིས་བསྐྱོད་པའི་ཆུ་ངོགས་རླབས་ཀྱིས་རྩ་བ་བཀྲུས་པའི་ཡལ་ག་ཅན།།
སྦྱིན་སྲེག་དུ་བའི་ཚོན་གྱིས་བསྒྱུར་བའི་རྣམ་པ་གཞན་གྱི་ལོ་འདབ་འཛིན།།
ཀུ་ཤ་གཞོན་ནུའི་མྱུ་གུ་འཐོར་བའི་ཉེ་བའི་ས་ཡི་མཐོང་དག་ནས།།
འཇིགས་པ་མེད་པའི་རི་དགས་བུ་རྣམས་མདུན་གྱི་ངོས་སུ་དལ་བུར་རྒྱུ།།
ཁ་ལོ་པས།                               བལྟས་ནས། ཐམས་ཅད་དེ་དེ་བཞིན་ནོ།།
རྒྱལ་པོས།                               ཀྱེ་ཁ་ལོ་པ༑  དཀའ་ཐུབ་པ་རྣམས་ལ་མི་གནོད་པའི་ཕྱིར་ཤིང་རྟ་འདིར་ཞོག་ཅིག  བདག་འབབ་པར་བགྱིའོ།  བབས་ནས།  ཀྱེ་ཁ་ལོ་པ༑  ང་ཞི་བའི་ཆས་ཀྱིས་བསྟི་གནས་སུ་འདོང་བར་བྱ་ཡི་འདི་རྣམས་ལོངས་ཤིག།  ཅེས་མདའ་གཞུ་དང་རྒྱན་ཕུད་ནས་གཏད་དོ། ཀྱེ་ཁ་ལོ་པ༑  ཇི་སྲིད་དུ་ང་བསྟི་གནས་ནས་ལྡོག་གི་བར་ཁྱོད་འདིར་སྡོད་ལ་རྟ་རྣམས་ཀྱི་རྒྱབ་བསིལ་བར་གྱིས་ཤིག།
ཁ་ལོ་པས།                               དེ་བཞིན་ནོ།།  ཞེས་སྨྲ་ནས་སོང་ངོ་།།
རྒྱལ་པོས།                               ཅུང་ཟད་འཆག་[24]སྟེ་ཀུན་ཏུ་བལྟས་ནས།  འདི་ནི་བསྟི་གནས་ཀྱི་སྒོ་ཡིན་ནོ།།  འོ་ན་བདག་འཇུག་པར་བགྱིའོ།།   ཞུགས་པ་དང་མཚན་མ་མཐོང་ནས་ངོ་མཚར་དང་བཅས།  
དཀའ་ཐུབ་དགོན་པར་དཔུང་པ་འགུལ་གྱུར་ན།།[25]
ཞི་བའི་ནགས་སུ་འདི་ལ་འབྲས་བུ་གང་།།
འོན་ཏེ་ཡང་ན་མ་འོངས་དངོས་པོ་རྣམས།།
འབྱུང་བའི་སྒོ་ནི་ཕྱོགས་རྣམས་ཀུན་ན་མཆིས།།

ཡོལ་བའི་ཕུག་ནས།           འདི་ན།  འདི་ན།  གྲོགས་མོ༑
རྒྱལ་པོས།                      རྣ་བ་གཏད་དེ།  ཨེ་མ།   སྐྱེད་ཚལ་གྱི་ལྗོན་པའི་གཡོན་ལོགས་ནས་གཏམ་འདྲ་བ་མཐོས་སོ།། འོ་ན་དེར་འགྲོ་བར་བྱའོ།། ཅུང་ཟད་སོང་བ་དང་བལྟས་ནས།  ཨེ་མ། དྲང་སྲོང་གི་བུ་མོ་རྣམས་རང་རང་གི་བོང་ཚོད་དང་འཚམ་པའི་བུམ་པ་དག་ཐོགས་ཏེ་ཤིང་གཞོན་ནུ་རྣམས་ལ་ཆུ་འགྲེམས་པའི་སླད་དུ་འོངས་སོ།།
ཨེ་མ་ཧོ།  འདི་དག་གི་བྱད་ཀྱི་མཛེས་སྡུག
གལ་ཏེ་སླས་[26]སུ་རྙེད་དཀའི་ལང་ཚོ་མ།།
དཀའ་ཐུབ་ནགས་ཀྱི་ལུས་ཅན་འདི་དག་ན།།
ནགས་ཀྱི་འཁྲི་ཤིང་རང་གི་ཡོན་ཏན་གྱིས།།
ཀུན་དགའ་རྭ་བའི་འཁྲི་ཤིང་ཕམ་པ་ཉིད།།
འོ་ན་ཤིང་གི་གྲིབ་མ་འདི་ལ་ཡིབ་ནས་བལྟ་བར་བྱའོ།།  ཞེས་དེ་བཞིན་དུ་དང་བྱས་སོ།།

བྱ་ལེན་མས།                   འདི་ན༑ འདི་ན༑    གྲོགས་མོ༑
མ་སྨད་མས།                   ཀྱེ་བྱ་ལེན་མ༑   མེས་པོ་ཀ་ན་ཝ་ནི་ནགས་ཀྱི་མལླི་ཀའི་མེ་ཏོག་དང་འདྲ་བའི་མཛེས་མ་ཁྱོད་ཀྱང་ཤིང་ལ་ཆུ་འགྲེམ་པའི་སླད་དུ་བསྐུལ་ན།   ཅི་བསྟི་གནས་ཀྱི་ཤིང་ཕྲན་འདི་དག་ལ་ཁྱོད་ལས་ཀྱང་བྱམས་པ་ཉིད་དུ་ལྟ།
བྱ་ལེན་མས།                   ཡབ་ཀྱི་བཀའ་ཁོ་ན་མ་ཡིན་གྱི་བདག་རང་ཉིད་ཀྱང་ཤིང་ལྗོན་པ་འདི་དག་ལ་སྤུན་གྱི་བརྩེ་བ་ཉིད་མཆིས་སོ།།    ཞེས་ཤིང་ལ་རྫིང་སྐྱིལ་བར་བྱེད་དོ།།
རྒྱལ་པོས།                               རང་ལ། (ཆིག་ལབ་ཏུ་) ཀ་ན་ཝའི་བུ་མོ་ནི་འདི་ཡིན་ནོ།། ངོ་མཚར་དང་བཅས། ཀྱེ་མ༑ ཀ་ན་ཝ་ནི་ལེགས་པར་མི་སེམས་པ་ཉིད་དེ། གང་གི་ཕྱིར་བུ་མོ་འདི་འདྲ་བ་ཡང་བསྟི་གནས་ཀྱི་ཆོས་སུ་བཅུག་གོ། 
ཐུབ་པ་གང་ཞིག་ཡིད་འཕྲོག་འདི་ལུས་ཀྱིས།།
ངེས་པར་དཀའ་ཐུབ་གྲུབ་པ་དོན་གཉེར་བ།།
དེ་ནི་ཨུཏྤལ་སྔོན་པོའི་འདབ་མ་ཡིས།།
མཆོད་སྦྱིན་[27]ཡམ་ཤིང་གཅོད་ལ་བརྩོན་པ་ཉིད།།
འོ་ན་ཤིང་གི་གསེབ་ཏུ་བག་ལྷོད་ལ་བལྟ་བར་བྱའོ།། ཞེས་དེ་བཞིན་དུ་བྱས་སོ།།

དེ་ནས་བཤད་པར་ལྟར་གྱི་ལས་བྱེད་པའི་བྱ་ལེན་མ་གྲོགས་མོ་གཉིས་དང་བཅས་པ་སླེབས་ནས།
བྱ་ལེན་མས།         ཀྱེ་གྲོགས་མོ་མ་སྨད་མ༑ པྲི་ཡཾ་བ་དཱས་བདག་ལ་ཤིང་ཤུན་བསྐོན་པ་འདི་ཤིན་ཏུ་ཡང་བསྡམས་པ་གྱུར་གྱིས། ཅུང་ཟད་གློད་ཅིག།
མ་སྨད་མས།                            དེ་བཞིན་དུ་བྱའོ།། ཞེས་ལྷོད་པོར་བྱས་སོ།།
པྲི་ཡཾ་བ་དཱས།                            གད་མོ་དང་བཅས། ཀ་ཡེ༑ བྱ་ལེན་མ༑  ཁྱོད་རང་གི་ནུ་མ་འཕེལ་བར་བྱེད་པའི་རང་ཉིད་ཀྱི་ལང་ཚོ་ལ་སྐྱོན་བརྗོད་པར་རིགས་ཀྱི་བདག་ལ་སྐྱོན་དུ་མ་སྨྲ་ཞིག།
རྒྱལ་པོས།                      (རང་ལ་) ལེགས་པར་སྨྲས་སོ།།  
ཕྲག་པའི་ཡུལ་དུ་ཕྲ་མོའི་མདུད་པ་བཅས།།
ནུ་མའི་འབུར་གྱིས་མཐོ་བའི་ཤིང་ཤུན་འདིས།།
ལོ་མ་སེར་སྐྱེས་གཡོགས་པའི་མེ་ཏོག་བཞིན།།
གཞོན་ལུས་འདི་ལ་ལང་ཚོ་སྤེལ་བ་བྱས།།
ཡང་བསམ་ནས། རྣམ་པ་གཅིག་ཏུ་ན་ཤིང་ཤུན་འདི་འདིའི་ཚེ་དང་མི་མཐུན་དུ་ཆུད་ཀྱང་ཅིའི་ཕྱིར་འདི་ལ་རྒྱན་གྱི་བྱ་བ་དག་ཀྱང་མ་བྱས།།
འདམ་བུའི་ཚལ་ན་མཚོ་སྐྱེས་མཛེས་པ་སྟེ།།
ར་རིས་བརྒྱན་པའི་ཟླ་བ་ཡིད་འོང་ཉིད།།
ཤིང་ཤུན་གྱོན་ཡང་ཕྲ་ལ་ལྡེམ་པའི་ལུས།།
མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་།
བྱ་ལེན་མས།               སྔོན་དུ་བལྟས་ནས།  ཀེ་ས་རའི་ཤིང་ལྗོན་པ་འདིས་རླུང་གིས་བསྐྱོད་པའི་སོར་མོས་བདག་ལ་འབོད་པར་བྱེད་དོ།།  འོ་ན་འདིར་འགྲོ་བར་བྱའོ།། བྱ་ལེན་མ་དེར་སོང་ནས་ཤིང་ལ་སྙེས་ཏེ་འགྲེང་བཞིན་གནས།
པྲི་ཡཾ་བ་དཱས།              ཀྱེ་བྱ་ལེན་མ༑   འདིར་ཅུང་ཟད་སྡོད་ཅིག  ཁྱོད་དང་ལྷན་ཅིག་པའི་ཀེ་ས་རའི་ཤིང་ལྗོན་པ་འདི་འཁྲི་ཤིང་དང་བཅས་པ་བཞིན་དུ་མཐོང་ངོ་།།
བྱ་ལེན་མས།               ཀྱེ༑ དེའི་ཕྱིར་ཁྱོད་པྲི་ཡཾ་བ་དཱ།[28] ཡིན་ནོ།། 
རྒྱལ་པོས།                  རང་ལ།  སྨྲ་འཇམ་མ་ཡིན་དུ་ཟད་མོད།  སྨྲས་པ་དེ་ནི་དེ་ཁོ་ན་བཞིན་ནོ།།
གསར་སྐྱེས་འདབ་མའི་མདངས་ལྡན་མཆུ་ཡི་སྒྲོས།།
ཡིད་འོང་ལྕུགས་མའི་རྗེས་བྱེད་ལག་པ་ཟུང་།།
ཡང་དག་འདོད་བྱ་མེ་ཏོག་ལྟ་བུ་ཡི།།
ལང་ཚོའི་དཔལ་གྱིས་ཡན་ལག་རྣམས་ལ་འཁྱུད།།
མ་སྨད་མས།               ཀྱེ་བྱ་ལེན་མ༑  ཁྱོད་གང་ལ་ནགས་ཀྱི་འོད་ཟེར་མ་[29]ཞེས་རྟག་ཏུ་འབོད་པ། བདག་པོ་ཨ་མྲའི་རྐང་འཐུང་གི་ཆུང་མར་གྱུར་པའི་མལླི་ཀ་གསར་པ་འདི་མཆིས་ན། ཅི་ཁྱོད་དེ་ལ་ཆུ་སྦྱིན་པ་བརྗེད་པར་གྱུར་ཏམ།[30]
བྱ་ལེན་མས།               དེ་བརྗེད་པ་ནི་བདག་ཉིད་བརྗེད་པ་ཡིན་ནོ།། འཁྲི་ཤིང་ལ་བལྟས་ནས། ཨེ་མ། འཁྲི་ཤིང་གཞོན་ནུ་མ་རྐང་འཐུང་དང་བཅས་པ་འདི་ལ་ཡིད་འཕྲོག་པའི་དུས་ཀྱི་འགྱུར་བ་དག་གསལ་ཏེ། ནགས་ཀྱི་འོད་ཟེར་མའི་ལང་ཚོའི་མེ་ཏོག་ནི་ཤར། འཇམ་ལ་མཉེན་པའི་ཨམྲའི་ལོ་འདབ་རྣམས་ནི་ལོངས་སྤྱོད་པར་འོས་པ་ཉིད་དུ་གྱུར་ཏོ།།
པྲི་ཡཾ་བ་དཱས།              འཛུམ་དམུལ་ཏེ། མ་སྨད་མ༑ གང་གི་སླད་དུ་བྱ་ལེན་མ་ནགས་ཀྱི་འོད་ཟེར་མ་ལ་ནན་ཏན་ཏུ་ལྟ་བར་བྱེད།
མ་སྨད་མས།               གྲོགས་མོ༑   མི་ཤེས་ཀྱི་སྨོས་ཤིག།
པྲ་ཡཾ་བ་དཱས། ཇི་ལྟར་ནགས་ཀྱི་འོད་ཟེར་མ་འདི་མཐུན་པའི་རྐང་འཐུང་དང་ལྷན་ཅིག་པ་བཞིན་དུ་བདག་ཀྱང་བདག་ཉིད་མཐུན་པའི་བདག་པོ་དང་ལྷན་ཅིག་ཏུ་ནམ་ཞིག་ན་གནས་པར་འགྱུར་སྙམ་དུ་རྗེས་སུ་སེམས་ཤིང་བལྟའོ།།
བྱ་ལེན་མས།               སྨད་དུ་བྱུང་བ་དང་བཅས། ཁྱོད་རང་ཉིད་དེ་ལྟར་འདོད་པ་ཡིན་ནོ།། ཞེས་བུམ་པ་བཏེགས་སོ།།
རྒྱལ་པོས།                  རང་ལ། ཀྱེ་མ༑  འདི་ནི་རིགས་ཀྱི་བདག་པོའི་རང་རིགས་ཀྱི་ཞིང་ལས་བྱུང་བ་ཡིན་པས་དེ་ལྟ་ན་ནི་རིགས་མཆོག་གི་བྲམ་ཟེ་བུ་མོ་རྒྱལ་རིགས་ལ་ཅི་ལྟར་སྦྱིན  ཡང་ན་ནི་རྟོག་པ་དོན་མ་མཆིས་པ་ཉིད་དེ། 
རང་སེམས་འཕགས་པས་འདམ་ཕྱིར་ན་ཅུང་འདི།།
ངེས་པར་རྒྱལ་པོའི་རིགས་ཀྱིས་བཟུང་བྱར་ཤེས།།
གང་ཕྱིར་ཐེ་ཚོམ་དོན་ལ་དཔྱོད་པ་ན།།
དམ་པ་རྣམས་ལ་རང་བློ་ཚད་མ་ཉིད།།
འོན་ཀྱང་འདིའི་ངེས་པ་ཉིད་མོ་ལས་ཤེས་པར་བྱའོ།།

བྱ་ལེན་མས།               འཇིགས་པ་དང་བཅས། ཨེ་མ༑ ཆུའི་ཉར་མ་[31]ཕོགས་པ་ལས་སྦྲང་རྩི་བྱེད་པ་[32]རྣམས་མལླི་ཀ་བོར་ནས་བདག་གི་གདོང་ལ་འོངས་སོ།། ཞེས་སྨྲས་པ་དང་སྦྲང་རྩི་བྱེད་པ་རྣམས་གར་བྱེད་དོ།།  
རྒྱལ་པོས།                  རང་ལ་བལྟས་ནས། ཨེ་མ༑ རེ་ཞིག་འདི་འཇིགས་པའི་དབང་གིས་གདོང་བསྒྱུར་པ་ཉིད་ཀྱང་ཡིད་དུ་འོངས་པ་ཉིད་ཡིན་ནོ།།
གང་དང་གང་དུ་བུང་བ་ལྡིང་འཁོར་བ།།
དེ་དང་དེ་རུ་རྣམ་པར་གཡོ་བའི་མིག།
དེ་རིང་གློ་བུར་འཇིགས་པའི་བྲེད་ཤ་[33]འདིས།།
མི་འདོད་མཛེས་མའི་རྣམ་འགྱུར་ཁྱོད་ལ་བརླབ།།
སྨད་དུ་བྱུང་བ་དང་བཅས། 
རྣམ་པར་འཕྲུལ་བའི་བལྟ་བ་དང་བཅས་བསྐྱོད་ཅིང་བསྐྱོད་པའི་ལུས་ཅན་ལུས་ལ་རེག་བྱེད་ཅིང་།།
ཉེ་བར་འཁོར་ནས་རྣ་བའི་དྲུང་དུ་གསང་བའི་གཏམ་བཞིན་འཇམ་པའི་དབྱངས་དག་བླངས་བྱས་ཏེ།།
ཀུན་ནས་མྱོས་བྱེད་དམར་བའི་མཆུ་སྒྲོས་མ་ལུས་ཆང་གི་ཉིང་ཁུ་ལ་ནི་འཐུང་བྱེད་པ།།
ཀྭ་ཡེ་རེ་འབྲས་རྫོགས་པའི་བུང་བ་དོན་དམ་བསམ་ན་ཁྱོད་ཀྱིས་ཁོ་བོ་བསད་པ་ཉིད།།
བྱ་ལེན་མས།               ངན་པ་འདི་དག་ད་དུང་ཡང་མི་འགྲོ་ན་བདག་གཞན་དུ་མཆིའོ།། གོམ་པ་འགའ་བོར་ནས་མིག་གཡོ་བཞིན། ཅི་ལྟ་བུ་ཞིག། འདིར་ཡང་སླེབས་སོ།། ཀྱེ༑ གྲོགས་མོ་དག༑ སྦྲང་བུ་མ་དུལ་བ་དག་གིས་བདག་གཙེར་པར་བྱས་ཀྱི་སྲུང་ཤིག
གཉིས་ཀས།                གད་མོ་དང་བཅས། བདག་ཅག་གིས་ག་ལ་བསྲུང་བར་ནུས།  དཀའ་ཐུབ་ཀྱི་ནགས་ཚལ་འདི། གང་གིས་བསྲུང་བའི་རྒྱལ་པོ་དུཥྱནྟ་ལ་སྨོས་ཤིག། 
རྒྱལ་པོས།                  བདག་རྣམ་པར་གསལ་བའི་དུས་ནི་འདི་ཡིན་ནོ་སྙམ་ནས།  མ་འཇིགས།  ཞེས་ཕྱེད་ཙམ་སྨྲས་ནས། བདག་རྒྱལ་པོ་ཉིད་དུ་འཚལ་བར་འགྱུར་གྲང་། འོ་ན་འདི་ལྟར་སྨྲའོ།།
བྱ་ལེན་མས།               གོམས་སྟོབས་བཅས་མིག་གིས་བལྟས་ཏེ། ཅི་འདིར་ཡང་བདག་གི་རྗེས་སུ་འོངས་སོ།།

རྒྱལ་པོས།                  མྱུར་དུ་ཉེ་བར་སླེབས་ནས།
ངན་པ་རྣམ་འཇོམས་གང་པོའི་རིགས།  །ས་འདི་སྐྱོང་བར་གྱུར་བ་ན།།
རྨོངས་མ་དྲང་སྲོང་བུ་མོ་རྣམས།  །སུ་ཞིག་གིས་ནི་གཙེས་པར་བྱས།།
ཐམས་ཅད་རྒྱལ་པོ་ལ་བལྟས་ནས་ཅུང་ཟད་ངོ་ཚ་བཞིན་གནས་སོ།།

མ་སྨད་མས།               ཇོ་བོ༑ སུས་ཀྱང་གཙེས་པར་མ་བྱས་ཀྱི། བུང་བ་རྣམས་ཀྱིས་བདག་ཅག་གི་མཛའ་བོ་གྲོགས་མོ་འདི་ཞུམས་པར་བྱས་སོ།། ཞེས་བྱ་ལེན་མ་བསྟན་ནོ།།
རྒྱལ་པོས།                  བྱ་ལེན་མ་ལ་མངོན་དུ་བལྟས་ཏེ། དཀའ་ཐུབ་འཕེལ་ལམ།
བྱ་ལེན་མས།               གདོང་བཏུད་དེ་ལན་མི་སྨྲ་བར་སྡོད་དོ།།
མ་སྨད་མས།               དེང་མགྲོན་གྱི་དམ་པ་སྩལ་ནའོ།། བྱ་ལེན་མ་ལ་ཕྱོགས་ཏེ། ཀྱེ་བྱ་ལེན་མ༑ སྤྱིལ་པོར་[34]སོང་ལ་ཤིང་འབྲས་དང་མཆོད་ཡོན་ཁྱེར་ལ་ཤོག་ཅིག། འདིས་ཞབས་བསིལ་བར་བགྱིའོ།། ཞེས་ཆུ་འབུམ་ལ་བལྟའོ།།
རྒྱལ་པོས།                  ཁྱེད་ཅག་གིས་ལེགས་པར་འདོན་པའི་ཚིག་ཉིད་ཀྱིས་གློ་བུར་བའི་[35]བསྙེན་བཀུར་བསྟབ་ཟིན་ཏོ།།
པྲི་ཡཾ་བ་དཱས།              འོ་ན་ལོ་མ་བདུན་པའི་[36]འཇུག་སྟེགས་[37]ཀྱི་གྲིབ་བསིལ་འདིར་བཞུགས་ལ་སྙེལ་[38]བསངས་པར་མཛོད་ཅིག།
རྒྱལ་པོས།                  འོ་ན་ཁྱེད་ཅག་ཀྱང་ལས་ཀྱིས་དུབ་པར་ཤེས་སོ།།
མ་སྨད་མས།               བྱ་ལེན་མ་གློ་བུར་བ་རྣམས་ལ་བསྙེན་པ་ནི་རིགས་པ་ཉིད་ཡིན་པས་བདག་ཅག་ཀྱང་འདིར་སྡོད་དོ།།
བྱ་ལེན་མས།               རང་ལ། ཅི་ལྟ་བུ་ཞིག་བདག་གིས་འདི་ལ་དྲང་སྲོང་གི་གནས་དང་མི་མཐུན་པའི་སེམས་ཀྱི་རྣམ་འགྱུར་དག་མཐོང་ངོ་།།
རྒྱལ་པོས།                  གསུམ་ཀ་ལ་བལྟས་ནས། ཨེ་མ་ཁྱེད་ཅག་གཟུགས་དང་ན་ཚོད་མཉམ་པ་བཞིན་དུ་ལེགས་པའི་སེམས་ཉིད་ཀྱང་ཡིན་ནོ།།
པྲི་ཡཾ་བ་དཱས།              གྲོགས་ཀྱི་ནང་དུ་ཕྱོགས་ནས། མ་སྨད་མ༑ འདིས་འཇམ་པར་སྨྲས་པའི་ཚིག་འདི་ཉིད་ཀྱིས་མཁས་པ་ཟབ་མོའི་གཡོ་བ་ཅན་དུ་སྟོན་པར་བྱེད་དོ།།
མ་སྨད་མས།               གྲགས་མོ༑ བདག་ཀྱང་ངོ་མཚར་རོ།། འོ་ན་ཁོ་རང་ལ་དྲིའོ།། རབ་ཏུ་གསལ་བར་བྱས་ནས། ཁྱོད་ཀྱིས་འཇམ་པར་གསུངས་པ་ཉིད་ཀྱིས་བསྐྱེད་པའི་སྤོབས་པ་འདིས་ངན་བུ་[39]ལ་གཏམ་བྱ་བའི་སྐབས་ཉིད་བསྟན་ན། ཇོ་བོ་ཁྱོད། རྒྱལ་པོའི་དྲང་སྲོང་གི་རིགས་གང་གི་རྒྱན་ཏུ་གྱུར།[40] གང་ཞིག་བྲལ་བ་ལས་ཐུགས་ལ་བཅགས་པའི་ལུས་ཅན་དག་ཀྱང་གང་དུ་མཆིས། གང་གི་སླད་དུ་གཞོན་ཤ་ཅན་གྱི་སྐུ་དཀའ་ཐུབ་ཀྱི་ནགས་སུ་ཉོན་མོངས་པར་མཛད།
བྱ་ལེན་མས།               རང་ལ། ཀྱེ༑ ཡིད་བྲལ་མ་བྱེད་ཅིག མ་སྨད་མས་ཁྱོད་གང་འདོད་པ་དྲིས་སོ།།
རྒྱལ་པོས།                  རང་ལ། བདག་གིས་གང་ཞིག་གསལ་བར་བྱ། ཅི་ལྟར་རང་ཉིད་༼རྫུན་སྨྲས་ནས༽ བསླུ་བར་ཡང་བགྱིད། འོ་ན་འདི་ཙམ་སྨྲ་བར་བྱའོ།། རབ་ཏུ་གསལ་བར་བྱས་ནས། གང་ལ་པུ་རིའི་རིགས་ཀྱི་རྒྱལ་པོས་ཆོས་ཀྱི་གོ་འཕང་དུ་བཞག་པ་[41]དེ་ང་ཡིན་ཏེ། བྱ་བ་གེགས་མེད་པར་གྲུབ་པའི་སླད་དུ་ཆོས་ཀྱི་ནགས་ཚལ་འདིར་འོངས་སོ།།
མ་སྨད་མས།               ཆོས་སྤྱོད་པ་རྣམས་མགོན་དང་བཅས་པའོ།།
བྱ་ལེན་མ་ངོ་ཚ་དང་བཅས་སྟེ་སྡོད་དོ།།
གྲོགས་མོ་གཉིས་ཀས།              རྒྱལ་པོ་དང་བུ་མོའི་རྣམ་འགྱུར་མཐོང་ནས་ཚུར་ཁ་ཕྱོགས་ཏེ། བྱ་ལེན་མ༑ དེ་རིང་ཡབ་ཉེ་བར་བཞུགས་ན་ཨང་།
བྱ་ལེན་མས།                        ཅུང་ཟད་ཁྲོ་བ་དང་བཅས། དེས་ན་ཅིར་འགྱུར།
གྲོགས་མོ་གཉིས་ཀས།              འདི་ལྟ་བུའི་མགྲོན་ཁྱད་པར་བ་ནི་འཚོ་བའི་བར་དུ་[42]འབྲས་བུ་དང་བཅས་པར་བྱེད་ནུས་སོ།།
བྱ་ལེན་མས།                        ཕར་སོང་ཞིག ཁྱེད་ཅག་ནི་གཞན་སེམས་ཤིང་གཞན་སྨྲ་བར་བྱེད་པས་བདག་མཉན་པར་མི་སྤྲོའོ།།
རྒྱལ་པོས།                            བདག་ཀྱང་ཁྱོད་ཀྱི་གྲོགས་མོའི་གཏམ་འགའ་ཞིག་འདྲི་བར་འདོད་དོ།།
གྲོགས་མོ་གཉིས་ཀྱིས།               གསུངས་བར་ཅི་གནང་།
རྒྱལ་པོས།                            སྐལ་ལྡན་ཀ་ན་ཝ་ནི་ཚངས་པར་སྤྱོད་པ་[43]ཉིད་ཡིན་ནོ། ཞེས་ཀུན་ཏུ་གྲགས་ན། ཁྱེད་ཅག་གི་གྲོགས་མོ་འདི་ལ་གང་གི་སྲས་མོ་ཞེས་སྨྲ་བ་ཅི་ལྟ་བུ་ཞིག
མ་སྨད་མས།                        ཇོ་བོ་གསན་ཏུ་གསོལ། ཀཽ་ཤི་ཀ་ཞེས་བྱ་བའི་རིགས་ཀྱི་མཚན་ཅན་རྒྱལ་པོའི་དྲང་སྲོང་རྫུ་འཕྲུལ་ཆེ་བ་ཞིག་མཆིས་སོ།།
རྒྱལ་པོས།                            དེ་ཡིན་ནོ།།
མ་སྨད་མས།                        དེ་ནི་བདག་ཅག་གི་གྲོགས་མོ་འདིའི་སྐྱེད་པའི་ཡབ་ཡིན་ནོ་ཞེས་དགོངས་ཞིག གང་གི་ཚེ་བོར་བ་ན་བདག་གིར་མཛད་ནས་སྐྱེད་སྲིང་བའི་ཡབ་ནི་མེས་པོ་ཀ་ན་ཝ་ཉིད་ཡིན་ནོ།།
རྒྱལ་པོས།                            བོར་བ་ཞེས་བྱ་བའི་ཚིག་གིས་བདག་ཡ་མཚན་པ་ཉིད་དུ་འགྱུར་གྱི།                                                                      གཏམ་གྱི་གཞི་ནས་མཉན་པར་འདོད་དོ།།
མ་སྨད་མས།                        གསན་ཏུ་གསོལ། གང་གི་ཚེ་དྲང་སྲོང་དེ། གོོ་ཏ་མའི་ཆུ་བོའི་འགྲམ་ན་དྲག་པོའི་དཀའ་ཐུབ་ལ་གཞོལ་བ་ན། ལྷ་རྣམས་འཇིགས་ནས་གེགས་བྱེད་པའི་སླད་དུ་མཻ་ན་ཀ་[44]ཞེས་བྱ་བའི་ལྷའི་བུ་མོ་ཞིག་བཏང་ངོ་།།
རྒྱལ་པོས།                            ལྷ་རྣམས་ནི་ཆོས་ཉིད་ཀྱིས་ནི་གཞན་གྱི་བསམ་གཏན་ལ་འཇིགས་པའོ།། དེ་ནས། དེ་ནས།་་་་་་་་་་
མ་སྨད་མས།                        ནམ་དཔྱིད་ཟླ་ར་བ་ལ་བབས་པ་ན་དྲང་སྲོང་གིས་མྱོས་བྱེད་ཀྱི་གཟུགས་ཅན་མ་དེ་མཐོང་ནས་་་་་་་། ཞེས་ཕྱེད་སྨྲས་ནས་ངོ་ཚ་བས་བསྡད་དོ། དེ་ནས། མཻ་ན་ཀ་དྲང་སྲོང་དང་འདུས་པ་ལས་བུ་མོ་ཞིག་བཙས་ཏེ་བོར་བ། བྱ་རྣམས་ཀྱིས་བསྐོར་ཅིང་བསྲུང་བ་ན།[45] ཀ་ན་ཝས་མཐོང་ནས་བསྐྱེད་པ་ནི་བྱ་ལེན་མའོ། ཞེས་བཤད་དོ།།
རྒྱལ་པོས།                            ཕ་རོལ་ཏུ་ཤེས་སོ། ཐམས་ཅད་དུ་ལྷ་ལས་བྱུང་བ་ཉིད་ཡིན་ནོ།།
མ་སྨད་མས།                        དེ་ལས་གཞན་དུ་ཅི།
རྒྱལ་པོས།                            མཇལ་ཏོ། གཞན་དུ་ན།
མི་མོ་མི་ལས་སྐྱེས་པ་ལ། །ལང་ཚོ་འདི་ལྟ་ག་ལ་འོངས།།
རབ་གསལ་ཟླ་བའི་འོད་དག་ནི། །ས་ཡི་མཐིལ་ལས་འབྱུང་བ་མིན།།
བྱ་ལེན་མ་གདོང་སྨད་ནས་གནས་སོ།།
རྒྱལ་པོས།                  རང་ལ། བདག་གི་རེ་བའི་འབྲས་བུ་མ་སྟོང་ངོ་།། འོན་ཀྱང་གྲོགས་མོ་གད་མོ་དང་བཅས་ཁྱིམ་ཐབ་ཀྱི་རེ་བ་ཡང་གསལ་བར་བྱས་པ་འདི་ནི་རེ་ཞིག་ཐེ་ཚོམ་གྱི་གནས་སོ།།
པྲི་ཡཾ་བ་དཱས།              བྱ་ལེན་མའི་གདོང་ལ་བལྟས་ནས་ཅུང་ཟད་འཛུམ་སྟེ། འདྲེན་པའི་གདོང་དུ་ཕྱོགས་ནས།
ཇོ་བོ་ནི་དོན་གཞན་ཡང་ཅུང་ཟད་ཅིག་གསུང་བཞེད་པ་ལྟར་སྣང་ངོ་།།
བྱ་ལེན་མས།               གྲོགས་མོ་དེ་ལྟར་མ་སྨྲ་ཞིག ཞེས་པའི་སོར་བརྡ་བྱེད་དོ།།
རྒྱལ་པོས།                  ཁྱོད་ལེགས་པར་རིགས་ཏེ། དམ་པའི་སྤྱོད་པ་འཚོལ་བའི་ཕྱིར་བདག་གཞན་ཡང་དྲི་བར་འདོད་དོ།།
པྲི་ཡཾ་བ་དཱས།              དཀའ་ཐུབ་ཀྱི་སྐྱེས་བུ་རྣམས་ནི་དྲི་བ་ལ་དགག་པ་ཅི་ཡང་མ་མཆིས་ཀྱི། ཅི་བཞེད་པ་གསུང་ཞིག
རྒྱལ་པོས།                  ཅི་ཞེས་ཁྱོད་ཀྱི་གྲོགས་མོའི་ཚུལ་ཅུང་ཟད་ཅིག་ཤེས་པར་འདོད་དོ།།
ཅི་འདི་ཡིད་སྲུབས་བསམ་པ་རྣམ་འགོག་པའི།།
དཀའ་ཐུབ་ཚུལ་འདིས་བག་མའི་བར་དུའམ།།
འོན་ཏེ་རི་དྭགས་མྱོས་པའི་མིག་ཅན་མ།།
འདི་རྣམས་འགྲོགས་ནས་རྟག་ཏུ་སྡོད་པ་ལ།།
པྲི་ཡཾ་བ་དཱས།              ཇོ་བོ༑ རེ་ཞིག་ལུས་ཅན་མ་འདི་ཆོས་སྤྱོད་པ་ཡང་གཞན་གྱི་དབང་ཅན་ཡིན་མོད། འོན་ཀྱང་འདིའི་བླ་མ་[46]ནི་མཐུན་པའི་བདག་པོ་ལ་སྟེར་བར་བཞེད་དོ།།
རྒྱལ་པོས།                  བཞེད་པ་དེ་ལ་ཚེགས་མེད་དོ།། རང་ལ།
ཀྭ་ཡེ་ཡིད་གཉིས་རྣམ་སྤོང་ལ། །དགའ་བའི་རེ་འདོད་ལྡན་པར་མཛོད།།
གང་ལ་མེ་ཞེས་ཁྱོད་སེམས་པ། །རེག་པར་བྱ་བའི་ནོར་བུ་ཉིད།།
བྱ་ལེན་མས།               འཇིགས་པ་ལྟར་ཡར་ལངས་ཏེ། མ་སྨད་མ༑ བདག་འགྲོ་བར་བགྱིའོ།།
མ་སྨད་མས།               ཅིའི་ཕྱིར།
བྱ་ལེན་མས། པྲི་ཡཾ་བ་དཱས་མི་རིགས་པའི་གཏམ་འདི་སྙེད་ཅིག་སྨྲས་པ་དག་བདག་འཕགས་མ་གོོ་ཏ་མི་ལ་ཞུ་བའི་སླད་དུ་འགྲོའོ།།
མ་སྨད་མས།               གྲོགས་མོ༑ དེ་ལྟར་མ་བྱེད་ཅིག གློ་བུར་བའི་མགྲོན་ལ་གུས་པ་མེད་པར་སྤངས་ནས་རང་འདོད་ཀྱིས་འགྲོ་བ་དེ་ནི་མི་རིགས་སོ།།
བྱ་ལེན་མས།               ལན་མ་སྨྲ་བར་སོང་ངོ།།
རྒྱལ་པོས།                  བཟུང་ན་སྙམ་ཡང་རང་ཉིད་བསྡམས་ནས། ཀྱེ་མ་འདོད་པའི་སྐྱེས་བུ་རྣམས་ཀྱི་ལུས་ཅི་ལྟ་བ་དེ་ལྟ་བུར་སེམས་ཀྱང་ཡིན་ནོ།།
དྲང་སོང་བུ་མོའི་རྗེས་སྙེགས་པ། །སྐད་ཅིག་དུལ་བས་བསྡམས་བྱས་ཏེ།།
གནས་ལས་གཡོ་བར་མ་བྱས་ཀྱང་། །སོང་ནས་ལྡོག་པ་ཡིན་སྙམ་བྱེད།།
པྲི་ཡཾ་བ་དཱས།              མྱུར་དུ་བྱ་ལེན་མ་བཟུང་ནས། ཀྱེ༑ ཁྱོད་འགྲོ་བ་མི་རིགས་སོ།།
བྱ་ལེན་མས།               སྨིན་མའི་རྣམ་འགྱུར་དང་བཅས། ཅིའི་སླད་དུ།
པྲི་ཡཾ་བ་དཱས།              ཁྱོད་ད་དུང་རང་གི་སྐལ་བའི་ཤིང་ཕྲན་གཉིས་ལ་ཆུ་མ་བཏང་ངོ་།། ཤོག་ཅིག རྗེ་རང་ཉིད་ཐར་པར་གྱིས་ལ་དེ་ནས་སོང་ཞིག ཅེས་ཤུགས་ཀྱིས་དྲངས་སོ།།
རྒྱལ་པོས།                  ཀྱེ༑ བཟང་མོ་འདི་ལས་མང་དུ་བྱས་པས་ངལ་ལོ་སྙམ་སྟེ། འདི་ལྟ་བུའི་ཕྱིར།
ཆུ་འབུམ་སྟེགས་ལས་དམར་བའི་ལག་པ་ཕྲག་པའི་ངོས་ནས་ལྷུང་གྱུར་ཅིང་།།
བཞིན་རས་རྔུལ་ཆུའི་དྲ་བའི་ཁུར་གྱིས་རྣ་བའི་མེ་ཏོག་འཕྱང་བར་ལྡན།།
བཅིང་བ་རབ་བྲལ་འཛིངས་པའི་མགོ་སྐྱེས་ཡ་གཅིག་ལག་པས་འཛིན་བཞིན་དུ།།
ད་དུང་ཚད་ལས་འདས་པའི་དབུགས་ཀྱིས་ནུ་མ་ཟུང་དག་འགུལ་བར་བྱེད།།

དེའི་ཕྱིར་བདག་འདི་ལ་བུ་ལོན་མེད་པར་བྱ་བའི་[47]སླད་དུ་སོར་གདུབ་འདི་སྟེར་བར་བྱའོ།།
སྙམ་ནས་སོར་གདུབ་གཏད་དོ།།
གཉིས་ཀས།[48]              སོར་གདུབ་ཀྱི་ཡི་གེ་བཀླགས་ཏེ། སོར་རྒྱའི་སྟེང་དུ། རྒྱལ་པོས་ཡོངས་སུ་བཟུང་བ། བྱ་བ་ཡོད་པས་ཕན་ཚུན་མིག་གིས་ལྟ་བར་བྱེད་དོ།།
རྒྱལ་པོས།                  བཟང་མོ་དག༑ གཞན་དུ་མ་སེམས་ཤིག གང་། རྒྱལ་པོས་ཡོངས་སུ་བཟུང་བ། ཞེས་བྱ་བས་ནི། བདག་ལ་[49]རྒྱལ་པོའི་སྐྱེས་བུ་ཉིད་དུ་ལྟ་བར་བྱ་བའོ།།
པྲི་ཡཾ་བ་དཱས།              འོ་ན་སོར་རྒྱན་འདི་སོར་མོ་ལས་ཕྲལ་བར་ཡང་མི་དགོས་ཀྱི། ཇོ་བོའི་གསུང་[50]འབའ་ཞིག་གིས་འདི་ལ་བུ་ལོན་མེད་པར་བྱའོ།། བྱ་ལེན་མ༑ ད་ནི་སྙིང་རྗེ་ཅན་གྱི་ཇོ་བོའམ་རྒྱལ་པོ་ཆེན་པོ་འདིས་ཁྱོད་རྣམ་པར་ཐར་པར་བྱས་ཟིན་པས་གང་དགའ་བར་སོང་ཞིག།
བྱ་ལེན་མས།               རང་ལ། གལ་ཏེ་ཁྱོད་འགྲོ་ནུས་ན་འགྲོ་བར་ཟད་དོ།། ངག་ཏུ་གསལ་བར་བྱས་ནས། བདག་སྐད་ཅིག་སྐད་ཅིག་གིས་འཆིང་བ་དང་ཐར་བྱེད་པ་ཁྱོད་སུ་ཞིག།
རྒྱལ་པོས།                  བྱ་ལེན་མ་ལ་བལྟས་ནས་རང་ལ། ཇི་ལྟ་བུ། འོན་ཏེ་བདག་འདི་ལ་ཡིན་པ་བཞིན་དུ་འདི་བདག་ལ་ཡང་ཡིན་ནམ། ཡང་ན་ནི་བསམ་པའི་གནས་གཞན་ཏེ། གང་གི་ཕྱིར།
ལྷན་ཅིག་སྨྲ་བའི་ཚིག་ལན་མི་སྟེར་ཡང་།།
བརྗོད་པའི་གཏམ་ལ་རྣ་བ་གཏོད་པ་བཞིན།།
གདོང་ལ་གདོང་དུ་ཕྱོགས་པར་མི་སྡོད་དེ།།
གཞན་ལ་གཡེང་བ་དྲན་པ་བསྡུས་པ་བཞིན།།
ཡོལ་བའི་ཕུགས་ནས།     ཀྱེ་ཀྱེ༑ བཀའ་ཐུབ་པ་རྣམས། བཀའ་ཐུབ་ཀྱི་ནགས་བསྲུང་བའི་སྟ་གོན་གྱིས་ཤིག ས་སྐྱོང་དུཥྱནྟ་རྔོན་བྱེད་དུ་ཉེ་བར་སླེབས་སོ།།
འདི་ལྟར་མགྱོགས་འགྲོའི་རྨིག་པས་བརྡུང་བའི་རྡུལ།།
འཛིན་པའི་ཤིང་ལས་ཆུ་ཐིག་དམར་པོའི་ཚོགས།།
མཚམས་ཀྱི་འོད་ཆགས་ནུབ་ཀའི་སྦྲང་ཚོགས་བཞིན།།
ཤིང་ཤུན་གྱོན་པའི་སྟེང་དུ་འབེབས་པར་བྱེད།།
གཞན་ཡང་།
སྟོབས་ཀྱིས་བཅགས་པའི་ཤིང་ཆེན་ཡལ་ག་མཆེ་བ་གཅིག་གིས་རྣམ་ཐོགས་ཤིང་།།
མྱུར་མགྱོགས་རྐང་པས་འཐེན་ཅིང་དྲངས་པའི་འཁྲི་ཤིང་ཞགས་པའི་གདུབ་ཀོར་ཅན།།
ཤིང་རྟ་མཐོང་ནས་འཇིགས་པའི་གླང་པོ་རི་དྭགས་ཚོགས་རྣམས་དབྱེར་བྱེད་པ།།
དཀའ་ཐུབ་གེགས་བྱེད་གཟུགས་ཅན་བཞིན་[51]དུ་ཆོས་ཀྱི་ནགས་ཚལ་ནང་འདིར་སླེབས།།

རྒྱལ་པོས།                  རང་ལ། ཨ་ཧོ༑ གྲོང་པ་རྣམས་བདག་ལ་བལྟ་བའི་ཕྱིར་ནགས་ཚལ་གང་ཞིག་ན་ལྷགས་སོ།། འོ་ན་དེ་དག་གི་མདུན་དུ་འགྲོ་བར་བྱའོ།།
གྲོགས་མོ་གཉིས་ཀྱིས།    
ཇོ་བོ༑ ནགས་ཀྱི་ཅ་ཅོ་འདིས་ཡིད་བློང་བློང་པར་བྱེད་པས། བདག་ཅག་སྤྱིལ་པོ་ལ་འགྲོ་བའི་སླད་དུ་གནང་བར་མཛད་དུ་གསོལ།། 
རྒྱལ་པོས།                  མྱུར་དུ། ཁྱེད་རྣམས་གཤེགས་པར་མཛོད་ཅིག བདག་ཀྱང་བསྟི་གནས་ལ་མི་གནོད་པའི་སླད་དུ་བརྩོན་པར་བྱའོ།།
ཐམས་ཅད་ཡར་ལངས་ནས།
གྲོགས་མོ་གཉིས་ཀྱིས།     ཇོ་བོ་ལ་གློ་བུར་བའི་བསྙེན་བཀུར་ཉིད་ཀྱང་བསྟབ་མ་ནུས་པས། སླར་མཇལ་བའི་སླད་དུ་གསལ་བ་ལ་ཡང་གཡར་ཚའོ།།
རྒྱལ་པོས།                  མ་ཡིན་ནོ།། དེ་ལྟར་མ་ཡིན་ནོ།། ཁྱེད་ཅག་དང་མཇལ་བར་ཉིད་བདག་གི་བསྙེན་བཀུར་ཡིན་ནོ།།
བྱ་ལེན་མས།               རྒྱལ་པོ་ལ་བལྟས་ནས་ཕྱི་བཤོལ་ཅུད་ཟད་དང་བཅས་གྲོགས་མོ་གཉིས་དང་ལྷན་ཅིག་ཏུ་སོང་ངོ།།
རྒྱལ་པོས།                  རང་ལ། བདག་གྲོང་དུ་འགྲོ་བ་ལ་འདོད་པ་མ་མཆིས་ཀྱི། མ་ལ༑ རྗེས་སུ་འབྲང་བ་རྣམས་དང་འཕྲད་པར་བྱས་ལ་ནགས་དང་ཉེ་བར་བཞག་པར་བྱའོ།། ཀྱེ་མ་བདག་གི་ཡིད་ནི་བྱ་ལེན་མས་རྣམ་པ་འདི་ལས་འབྲལ་བར་མི་ནུས་སོ།།
ལུས་ནི་མདུན་དུ་འགྲོ་བྱེད་ཅིང་། །སེམས་ནི་རྒྱབ་ཏུ་སླར་རྒྱུགས་པ།།
བཟློག་སྟེ་རླུང་ལ་འཁྱེར་བ་ཡི། །རྒྱ་ནག་དར་གྱི་བ་དན་བཞིན།།[52]
ཅེས་ཐམས་ཅད་ཕྱིར་ལོག་གོ།། ཞེས་པ་ཡན་ལག་དང་པོའོ།།

བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ཅེས་བྱ་བ་སློབ་དཔོན་བདག་ཉིད་ཆེན་པོ་ནག་མོའི་འཁོལ་གྱིས་མཛད་པ་ལས་ཡན་ལག་དང་པོ་ཟུར་དུ་ཕྱུངས་པ་རེ་ཞིག་རྫོགས་སོ།།                   །།
བདག་དགེ་འདུན་ཆོས་འཕེལ་གྱིས་ཡོས་ལོའི་སོས་ཀ་ཡུལ་དབུས་ཀྱི་གྲོང་ཁྱེར་སྐྱ་ནར་གྱི་བུ་[53]བྱ་བར་བསྡད་ཅིང་སུག་བྲིས་སུ་བྱས་པའི་དཔེ་ལགས།།

དུས་རབས་ཉི་ཤུ་པའི་ལོ་ཙ་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་འདི་ཡང་། རབ་གནས་ཆུ་སྦྲུལ་ལོའི་སྣྲོན་ཟླ་ཡར་ངོའི་ཚེས་ལ།༼15/6/2013༽མཐོ་རིམ་ལོ་ངོ་གསུམ་པའི་སློབ་ཕྲུག་པདྨ་མཚོ་མོ་དང་། ངག་དབང་རྒྱལ་མཚན་གཉིས་ཀྱིས་བྲིས་ཤིང་། བསམ་གཏན་རང་གིས་ཞུ་དག་དང་མཆན། བལྟ་བདེ་བའི་བཀོད་བསྒྲིགས་དང་བཅས་པར་བཟོས་པ་འདིས་ཀྱང་། སྙན་ངག་འབྲི་བར་འདོད་པ་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག།    །།



[1]    བྱ་ལེན་མ་ནི། དྲང་སྲོང་ཚེ་ལས་འདས་པའི་སྲས་མོ་བྱ་རྣམས་ཀྱིས་གསོས་པ་དེའི་མིང་ཡིན།
[2]    དགའ་ལྡན་གྱི་མཐའ་ནི། ཟློས་གར་སྟོན་སའི་འཁྲབ་སྟེགས།
[3]    མདོ་འཛིན་པ་ནི། གསལ་བཤད་པ།
[4]    འཕགས་པ་དང་འཕགས་མ་ནི། བཟང་སྤྱོད་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ལ་གུས་ཞབས་ཀྱི་སྒོ་ནས་འབོད་པའི་ཚིག
[5]   ནག་མོའི་ཁོལ་ནི། རྒྱ་གར་གྱི་གྲགས་ཅན་སྙན་ངག་མཁན་ཀཱ་ལི་དཱས་ཞེས་པ་དེ་ཡིན།
[6]   སྣོད་ནི། སྐབས་འདིར་འཁྲབ་རྩེད་པ།
[7]   ཤི་རི་ཥཿ རྒྱ་གར་གྱི་ཤིང་སྡོང་ཞིག་གི་མིང་།
[8]       ཀྲྀཥྞ་སཱ་ར་ནི། རི་དྭགས་ཞིག་གི་མིང་ཡིན་ཏེ། དེའི་པགས་པ་དཀའ་ཐུབ་པ་དག་གི་གོས་སུ་གྱོན་པ་ཡང་བྱུང་ངོ་།།
[9]     རི་སྐྱེས་བུ་ནི། ལྷ་མོ་ཨུ་མཱཿའི་བུ་གཞོན་ནུ་གདོང་དྲུག
[10]       མདའ༌ལྡན་ནི། འདོད༌ལྷ
[11]      ཉག་ཕྲན་ནི། མདའ།
[12]     མགྱོགས་འགྲོ་ནི། རྟ།
[13]     རྔ་ཡབ་ཅོད་པཎ། རྨ་བྱའི་སྒྲོ་ལ་སོགས་པས་བཟོས་པའི་མགོའི་རྒྱན་ཆ།
[14]     རྟ་ལྗང་ཁུ་ནི། ཉི་མའི་ཤིང་རྟ་འདྲེན་པའི་རྟ།
[15]  བསྟི་གནས། དྲང་སྲོང་རྣམས་བཞུགས་སའི་དབེན་པའི་གནས།
[16]     དཀའ་ཐུབ་པ། དཀའ་སྤྱད་གནང་མཁན་ལ་མི་ཟེར་བ། ཆོས་ཕྱིར་དཀའ་བ་སྤྱད་པའི་རྣལ་འབྱོར་པ་ལ་ཟེར་བ་ཡིན།
[17]    སྒྲོ་ལྡན་ནི། མདའ།
[18]    པུ་རིའི་རིགས་ཀྱི་སྒྲོན་མ་ནི། པུ་རི་ཞེས་པ་རྒྱ་གར་གྱི་རིགས་དང་། དེའི་སྒྲོན་མ་ནི་རིགས་དེ་སྐྱོབ་པའི་སྐྱབས་དང་མགོན།
[19]    ཀ་ན་ཝ་ནི། དྲང་སྲོང་ཞིག་གི་མིང།
[20]   ཡམ་ཤིང་ནི། སྦྱིན་སྲེག་གི་ཤིང་།

[21]   རིགས་ཀྱི་བདག་པོ་ནི། གཙོ་བོ་ཞེས་པའི་དོན་དང་། སྐབས་འདིར་དྲང་སྲོང་ཀ་ན་ཝ།
[22]    ཀུན་ཏུ་རྒྱུའི་ཟླ་བ་ནི། མུ་སྟེགས་རྣམས་གནས་བསྐོར་འགྲོ་བའི་དུས་སྟེ་ཧོར་ཟླ་ལྔ་པ།
[23]    སཱ་ལུ། འབྲས་ཀྱི་རིགས། ཆུམ།
[24]འཆག་ནི། འགྲོ་འཆག་ཉལ་འདུག་ནང་གྱི་འཆག་པ་སྟེ། ཁ་འདོན་དང་། ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པའི་སྒོ་ནས་ཕར་
      ཚུར་འགྲོ་བ། སྐབས་བབས་བསམ་བློ་གཏོང་ནས་ཕར་ཚུར་འགྲོ་བ།
[25]      སྐྱེས་པའི་དཔུང་གཡས་དང་། བུད་མེད་ཀྱི་གཡོན་འགུལ་བ་བུད་མེད་དང་སྐྱེས་པ་འཕྲད་པའི་མཚན་མར་གྲགས།

[26]    སླས་ནི།   རི་ལ་ཕྱུགས་རྣམས་སྡོད་སའི་ར་བ་བཅས་པ་སྟེ། ནོར་གྱི་སླ་ཞེས་པ་ལྟ་བུ། སྐབས་འདིར་དབེན་པའི་ནགས་ཁྲོད།
     དེ་ལ་རྙེད་དཀའ་བ་ཞེས་པ་ནི། དབེན་པའི་ནགས་ཁྲོད་ནས་དེ་འདྲ་བའི་བུ་མོ་རྙེད་དཀའ་བའི་དོན།
[27]     མཆོད་སྦྱིན་ནི། སྦྱིན་སྲེག།
[28]   དགའ་བར་སྨྲས་བའམ་སྨྲ་བ་འཇམ་པ།
[29]      ནགས་ཀྱི་འོད་ཟེར་མ་ནི། ནགས་ཀྱི་སྒྲོན་མེ་ཟེར་བ་ལྟར་ནགས་ཁྲོད་ཀྱི་སྐད་གྲགས་ཆེ་བའི་དངོས་པོ་སྟེ། མེ་ཏོག་མལླི་ཀ།
[30]   བྱ་ལེན་མ་མལླི་ཀ་ལ་ཤིན་ཏུ་གཅེས་སྤྲས་ཆེ་བར་སློབ་དཔོན་གྱིས་བཅོས་སོ།

[31]    ཆུའི་ཉར་མ་ནི། ཆུའི་གཟེགས་མའམ། ཟིལ་པ་འཐོར་བའི་དོན།
[32]    སྦྲང་རྩི་བྱེད་པ་ནི། བུང་བ།
[33]      བྲེད་ཤ་ནི། འཇིགས་པ་དང་དངངས་པའི་བཞིན་གྱི་རྣམ་འགྱུར་གྱི་དོན།
[34]       སྤྱིལ་པོ་ནི། རྣལ་འབྱོར་པ་རྣམས་ཀྱི་བཞུགས་གནས་རྩྭའི་ཁང་པ།
[35]      བློ་གློ་བུར་བ་ནི། གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པ་ཞེས་མགྲོན་གྱི་དོན་ཡིན།
[36]   ལོ་མ་བདུན་པ་ནི། ཤིང་ལོ་འདབ་བདུན་ཅན་ཞིག་གི་མིང་།
[37]       འཇུག་སྟེགས་ནི། ཤིང་གི་གྲིབ་བསིལ་གྱི་འོག་ཏུ་སྟེགས་བུ་བརྩིག་ནས་མི་རྣམས་ཀྱི་ངལ་གསོའི་གནས།
[38]      སྙེལ་བསངས་པ་ནི། སྐུ་ངལ་གནང་བའི་བྱེ་འབྲེལ་ལས་ཚིག
[39]    ངན་བུ་ནི། བུ་ངན་པ་ཟེར་བ་ཡིན་ཀྱང་། སྐབས་འདིར་ཁེངས་པ་སྐྱུང་བའི་ཚིག
[40]   རིགས་གཉིས་ལས། གཽ་ཏ་མ་སོགས་རྒྱལ་པོའི་དྲང་སྲོང་དང་། ཀཤྱ་པ་སོགས་བྲམ་ཟེའི་དྲང་སྲོང་དུ་བཤད་དོ།།
[41]   འདིར་རྒྱལ་པོའི་སྐྱེས་བུའམ་སྣ་བོར་གོ་བར་བྱེད་དོ།།
[42]   འཚོ་བའི་བར་དུ་ནི། མ་ཤི་ཚུན།
[43]    ཚངས་པར་སྤྱོད་པ་ནི། བུད་མེད་དང་འབྲེལ་བ་མེད་པར་དགེ་སློང་ལྟར་ཆོས་ཀྱི་སྡོམ་པ་ལ་གནས་པ།
[44]   མཻ་ན་ཀ་ནི། ལྷའི་མཛེས་མའི་མིང་ངོ་།།
[45]   བྱ་རྣམས་ཀྱིས་བསྐོར་ཞིང་བསྲུང་བ་ཞེས་པ་ནི། བུ་མོ་འདིའི་མཚན་ལ་བྱ་ལེན་མ་ཞེས་བཏགས་པའི་རྒྱུ་མཚན་ཡིན་འདུག  
[46]   བླ་མ་ནི། ཡབ་ཀྱི་ཞེས་སའི་ཚིག
[47]   བུ་ལོན་ནི། སྐབས་འདིར་རྒྱ་གར་གྱི་བུ་མོ་གནའ་མར་འགྲོ་དུས་ཁྱོ་ག་ལ་རྒྱུ་ནོར་མང་པོ་སྤྲོད་དགོས་པའི་དབང་གིས་
   ཕ་མ་དང་བུ་མོ་རང་གི་སེམས་ལ་བུ་ལོན་ཡོད་པ་ལྟ་བུའི་ཚོར་སྣང་ཡོད་པ་དེ་ཡིན་ནམ་སྙམ།
[48]   གཉིས་ཀ་ནི། སྐབས་འདིར་པྲི་ཡཾ་བ་དཱ་དང་བྱ་ལེན་མ།
[49]   བདག་ལ་ནི། སྐབས་འདིར་བྱ་ལེན་མ་རང་ལ་ཞེས་པའི་དོན།
[50]   ཇོ་བོའི་གསུང་ནི། ཡབ་དྲང་སྲོང་ཀ་ན་ཝའི་བཀའ།
[51]      གཟུགས་ཅན་ནི། མི་མ་ཡིན་པ་སོགས་འཚེ་བ་བྱེད་པའི་མིང་།
[52]   འདི་ལ། ཅཱི་ནཱཾ་ཤུ་ཀ་མེ་བ་ཀེ་ཏོཿ ཞེས་འབྱུང་སྟེ། འགྲེལ་པར་ཡང་། རྒྱ་ཙི་ནའི་དར་གྱི་རྒྱལ་མཚན་ཅེས་བཤད་དོ།། དེ་ལྟར་ན། སློབ་དཔོན་འདིའི་དུས་ཙ་ན་ཡང་རྒྱ་ནག་གི་དར་ཟབ་ཡུལ་འདིར་ཡང་གྲགས་པ་ཡིན་ནོ།། ༼མཆན་འདི་དགེ་ཆོས་རང་གིས་མཛད་འདུག༽
[53]  གྲོང་ཁྱེར་སྐྱ་ནར་གྱི་བུ།  ད་ལྟ་བི་ཧར་མངའ་སྡེའི་ལྟེ་བ་གྲོང་ཁྱེར་པཊ་ན།

No comments: