Friday, September 26, 2014

སྐྱེས་རྩིས་ཀྱི་དཔེ།

༄༅།  །ཁྱིམ་བདག་རྡོ་རྗེ་དབང་འདུས་དང་རྣམ་རྒྱལ་གཉིས་ཀྱི་རིགས་ཀྱི་བུ་ཆུང་
འོད་གསལ་རིག་ལྡན་རྡོ་རྗེ་གང་གི་ཚེ་རབས་ལས་རྩིས་བཞུགས་སོ།།


༄༅།།བསླུ་བ་མེད་པའི་མཆོག་གསུམ་བདེན་པའི་མཐུས།།
ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་དང༌།།
སེམས་དཔའི་ཚུལ་བཟུང་གཞོན་ནུ་འཇམ་དཔལ་གྱིས།།
ཤེས་བྱ་ཀུན་ལ་ཐོགས་མེད་བློ་མཆོག་སྩོལ།།
རབ་གནས་ལྕགས་ཡོས་དབོ་ཟླ་སྔ་མ་ཡི།།
ཟླ་བ་མར་ངོ་དགའ་བ་གཉིས་པ་དང༌།།
སྐར་མ་ལྷ་མཚམས་རེས་གཟའ་པ་སངས་ཉིན།།
སྐྱེས་པའི་རིགས་སྲས་གང་དེའི་སྐྱེས་རྩིས་བཤད།།

འོད་ཀྱི་བཀྲག་མདངས་གསལ་བ་ལ། །རིག་པའི་རྣོར་ངར་ལྡན་པ་དང༌།།
རྡོ་རྗེའི་སྲས་སུ་འཁྲུངས་ཕྱིར་མཚན། །འོད་གསལ་རིག་ལྡན་རྡོ་རྗེར་གསོལ།།


༈  ཐོག་མར་གཟའ་ཚེས་སྐར་སྦྱོར་དང༌། །བྱེད་པ་ལྔ་ཡི་འབྲས་བུ་བཤད།། ༼༡༽ རེས་གཟའ་པ་སངས་ལ་སྐྱེས་པས། །རིག་པ་གསལ་ཞིང་ཚེ་ཡང་རིང༌།། ༼༢༽ མར་ངོའི་དགའ་བ་གཉིས་པའི་འབྲས། །ཤེས་རབ་ཆེ་ཡང་དགེ་མཚན་འབྲིང༌། ། ༼༣༽ རྒྱུ་སྐར་ལྷ་མཚམས་ལ་སྐྱེས་པས། །དཀར་པོའི་ཆོས་ལ་སྤྱོད་པ་དང༌།། ནོར་ལྡན་ཚིག་འཇམ་བྱེས་འགྲོ་བཟང༌། །ཁྲིམ་གཙང་ཤེས་ལྡན་གཟུགས་བཟང་ཞིང༌། །ཉེར་བརྒྱད་ལས་བརྒལ་ཡུན་དུ་གནས།། ༼༤༽ཉི་ཟླ་བསྲེས་པའི་རྡོ་རྗེའི་སྦྱོར། །རང་གི་བསམ་པའི་འདོད་དོན་འགྲུབ།། ༼༥༽ སྔ་ཆའི་བྱེད་པ་ཁྱིམ་སྐྱེས་ལས། །ཞིང་ལས་ཁྱིམ་རྩིག་སོགས་ལ་བཟང༌།།

༈  ད་ནི་ལོ་ཟླ་ཞག་དུས་ཀྱི། །འབྲས་བུ་མདོར་ཙམ་བཤད་པར་བྱ། །༼༡༽ དྲུག་ཅུ་ལོ་ཡི་འབྲས་བུ་སྟེ།། ལྕགས་ཡོས་ལོ་པ་ཤེས་ཡོན་ལྡན། །གཏོང་སེམས་ལྡན་ཞིང་གྲིར་ཤི་དོགས། །ནད་མང་ནོར་འཕེལ་བྱམས་སེམས་ཆེ། །ཚེ་ཚད་རེ་གཅིག་བར་ཆད་ལྔ། །བུ་སྐལ་ལྔ་ཡོད་བསེན་མོས་གནོད། །གོས་རྒྱན་ཁ་དོག་དཀར་སྔོ་ལྗང༌། །ལེགས་ཤིང་སྡོད་ཁྱིམ་སྒོ་སྔས་ཕྱོགས། །ཤར་གྱི་ཕྱོགས་སུ་བསྟན་པ་བཟང༌།།  ༼༢༽ཟླ་བ་གཉིས་པ་སྦྲུལ་ཟླ་སྟེ། །དཔྱིད་ཟླ་ར་བར་སྐྱེས་པས་ན།།ཞག་ལྔ་ཟླ་དྲུག་འབྲུག་ཟླའི་ཉིན།།ཆག་ཆེ་དེ་འདས་སྐྱིད་པ་འོང༌།།  ༼༣༽ ཞག་ནི་མར་ངོའི་ཚེས་དྲུག་སྟེ། །འབྲས་བུ་མདོར་ཙམ་སྔར་བཤད་ཟིན། །ཉིན་དེའི་སྤར་སྨེ་གཉིས་ཀྱི་འབྲས། །གསུམ་མཐིང་ལ་སྐྱེ་བ་སྔོན། །གླང་ཆེན་སྐྱེས་ཤིང་མ་འོངས་ཆེད། །སངས་རྒྱས་སྐུ་བཞེངས་མི་ལུས་འཐོབ། །ཟིན་དུས་ལ་སྐྱེས་རྨང་འདྲེ་ཆེ། །གདུགས་དཀར་སྲུང་འདོགས་བྱ་བར་བརྩོན།། ༼༤༽ དུས་ཚོད་ཉིན་ཕྱེད་ལུག་ལ་སྐྱེས། །ལྷག་བསམ་དཀར་ཞིང་སྨྲ་བ་ཉུང༌། །བློ་དང་ཤེས་རབ་ཆེ་ན་ཡང༌། །འདུ་འཛི་མང་བའི་སྐྱོན་དུ་འགྱུར།།

༈  སྐྱེས་བརྟག་འཁོར་ལོ་རྐང་པ་ལ། །གནས་པས་ཚེ་མཐུང་ཟེར་ན་ཡང༌། །འཕྲོད་པའི་ཟས་དང་ཀུན་སྤྱོད་བསྟེན། །བློ་གཏད་མཆོག་གསུམ་ལ་བཅོལ་ན། །གོང་འོག་ཀུན་གྱི་སྟངས་གཅོད་ལྟར། །སྐུ་ཚེ་ཡུན་དུ་བརྟན་པར་འགྱུར།།

༈  ད་ནི་དྲང་སྲོང་གཟའ་དགུ་པོས། །སྐར་ཁྱིམ་སྤྱོད་པའི་འབྲས་བུ་བཤད། །སྐྱེས་པའི་དུས་ཀྱི་སྦྱོར་བ་ལས།། ཀར་ཊར་སྐྱེས་པས་བྱམས་སེམས་ལྡན། །ཤེས་རབ་ཆེ་བར་གྱུར་ན་ཡང༌། །ཀེ་ཏུ་སྤེན་པས་མཐོང་བས་ན།། ལུས་ལ་ནད་ཡམས་འབྱུང་ཉེན་ཆེ། །སྤུན་སར་སྤེན་པ་གནས་ན་ཡང༌། །ཞིང་བདག་ལྷག་པས་རྒྱང་ནས་མཐོང༌། །ཚེ་སྟོད་སྤུན་གྱིས་ཕན་མེད་ཀྱང༌། །ཚེ་སྨད་དེ་ཡིས་ཕན་པ་སྲིད། །བུ་སར་ཟླ་བ་གནས་པ་དང༌།། ཞིང་བདག་དམར་པོས་མཐོང་བས་ན། །བུ་བརྒྱུད་བུ་མོ་གཅིག་དང་ནི། །བུ་གཅིག་འོང་དེས་རང་ལ་ཕན།། དགྲ་སར་རཱ་ཧུ་གནས་པ་དང༌། །ཞིང་བདག་དགྲ་བོ་ཀེ་ཏུས་མཐོང༌། །ལུས་དང་དཔལ་འབྱོར་ལ་སོགས་པ།། དོན་མེད་དགྲ་ཡི་གནོད་པ་འོང༌། །དུར་སར་དམར་པོ་གནས་པ་དང༌། ཞིང་བདག་དགྲ་བོས་དེ་ལ་མཐོང༌།། ལུས་ལ་དམར་ངོ་འབྱུང་བ་དང༌། །འཆི་བའི་རྐྱེན་ཡང་དེས་བྱེད་སྲིད།།ཆོས་སར་ཞིང་བདག་ཕུར་བུ་གནས།། ཞིང་དགྲ་སྤེན་པས་དེ་ལ་མཐོང༌། །ཆོས་ཀྱི་གོ་སྐབས་བཟང་ན་ཡང༌། །འབད་པ་མེད་ན་བར་ཆད་འོང༌།། ལས་སར་ཞིང་གི་བདག་པོས་མཐོང༌། །ལས་གཡོག་རྙེད་ཀྱང་འཕོ་འགྱུར་མང༌། །རྙེད་སར་ཞིང་བདག་མཐོང་བས་ན། །ལོངས་སྤྱོད་མང་ཙམ་འབྱུང་ན་ཡང༌། །སྟོར་བའི་ས་ལ་ཀེ་ཏུ་གནས། །རྙེད་པ་སྟོར་བའི་ཡུལ་ནི་མང༌། །ལོ་ངོ་བཅུ་ཕྲག་སུམ་ཙམ་ན། །སྤྱན་མིག་གཡས་པར་གནོད་པ་འབྱུང༌། གལ་ཏེ་བར་ཆད་དེ་འདས་ན། །རིང་དུ་འཚོ་ཞིང་བདེ་བར་འགྱུར།།


༈  ད་ནི་ཀུན་གཟིགས་དབྱངས་འཆར་ལས། །སྐྱེས་བུའི་ཚེ་ལོ་བརྒྱ་ཉི་ཤུ། །འཆད་ཚུལ་རྒྱ་བོད་ལུགས་གཉིས་ལས།།འདིར་ནི་འཕགས་ཡུལ་ལུགས་ལྟར་འཆད།།གཟའ་དགུས་རང་རང་དབང་བའི་དུས། །རེའུ་མིག་ལྟར་དུ་ཡིན་པ་དང༌། །སོ་སོས་དབང་བའི་དུས་དེ་ལ། །དགེ་སྡིག་གང་འབྱུང་མདོ་ཙམ་འཆད།།

སྤེན་པས་ལོ་བདག་བྱེད་པའི་རིང༌།། (24-3-2011----20-8-2016) བློ་གྲོས་མི་གསལ་ལེ་ལོ་ཆེ། །མི་མཐུན་ཕྱོགས་ཀྱིས་འཚེ་བ་དང༌།། ཡམས་རིམས་ཀླུ་ནད་གཞོག་ཕྱེད་ན། །དེར་དམིགས་ལམ་བཅོས་ཚ་ཚ་འདབ།། ལན་ཆགས་གཏོར་མ་བརྒྱ་རྩ་དང༌། །ཀླུ་བསངས་ཀླུ་གཏོར་ཡང་ཡང་གཏོང༌། །རྒྱལ་བའི་གསུངས་རབས་ཀློག་པ་དང༌། །འདུས་པའི་སྡེ་ལ་བསྙེན་བཀུར་ཕུལ། །ལྷོ་ཕྱོགས་ཆུ་ཡི་འགྲམ་ཉིད་དུ། །ཟངས་ཀྱི་སྣོད་ལ་ཆུས་བཀང་ཞིང༌། །ཤ་སྣ་ཁྲག་སྣ་སྦྱར་ནས་ནི། །བྱ་རོག་རྣམས་ལ་སྦྱིན་པ་གཏོང༌།།

ལྷག་པས་ལོ་བདག་བྱེད་པའི་རིང༌།(20-8-2016------20-8-2033)།ལུས་ལ་རླུང་ཁྲག་རིམས་ཀྱིས་གནོད།  །འོན་ཀྱང་གནོད་སྐྱོན་མི་ཆེ་ཞིང༌། །ཤེས་རབ་འཕེལ་ཞིང་གཞན་མགོ་ནོན། །ལོངས་སྤྱོད་འཕེལ་ཁ་རྒྱས་པ་དང༌།། སྐལ་བཟང་ཕུན་སུམ་ཚོགས་པར་འགྱུར།།

ཀེ་ཏུས་ལོ་བདག་བྱེད་པའི་རིང༌།། (20-8-2033----20-8-2040) ནོར་རྣམས་ཟད་ཅིང་དགྲ་དང་ཕྲད།། ལས་དང་བྱ་བ་འགྲུབ་དཀའ་ཞིང༌། །དོན་མེད་སྡུག་བསྔལ་འབྱུང་ངོ་ཡོད། །ངན་འབྲས་ཞི་ཐབས་གདུགས་དཀར་དང༌། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདོན། །འདུས་སྡེར་བསྙེན་བཀུར་འབུལ་བ་དང༌། །རང་ལུས་གོས་ཀྱི་སྤོང་ཐག་འབུལ། །རི་མགོར་དར་འཛུགས་ཀླུང་རྟ་བསགས། །སྲུང་མའི་བསྐང་གསོ་དྲག་ཏུ་བྱ།།
པ་སངས་ལོ་བདག་བྱེད་པའི་རིང༌།། (20-8-2040----20-8-2060) དཀར་པོའི་ཆོས་དང་བུད་མེད་འཐོབ།། བསམ་པའི་དོན་འགྲུབ་དགེ་བ་འཕེལ། །དབྱིག་སོགས་ནོར་འཐོབ་གྲགས་པ་རྒྱས། །ཕུན་སུམ་ཐམས་ཅད་འབྱུང་བ་དང༌། །ཁྱད་པར་དགའ་བའི་གྲོགས་ཀྱིས་བརྩེ།།

ཉི་མས་ལོ་བདག་བྱེད་པའི་རིང༌།། (20-8-2060----20-8-2066) གོང་མ་སོགས་ནས་རྙེད་པ་འབྱུང༌།། ལུས་ལ་དམར་ཁྲག་ཆམ་རིམས་དང༌། །ཚད་མཁྲིས་ནད་ཀྱི་ངོ་ཡང་ཆེ། །འདོད་དོན་སྒྲུབ་དཀའ་བསྒྲུབས་ན་ཡང༌། །ཕན་ཐོགས་ཆེ་བར་མི་འབྱུང་ངོ༌། །དེར་དམིགས་སྦྱིན་བསྲེག་བྱ་བ་དང༌། །ཕྱོགས་བཅུ་མུན་སེལ་སྒྲོལ་མ་འདོན། །རབ་བྱུང་སྡེའམ་སྔགས་འཆང་ལ། །བསྙེན་བཀུར་ཟངས་དང་དར་དམར་འབུལ། །ཁང་སྟེང་ཉི་ཁྱིམ་བཅུ་གཉིས་ཀྱི། །བྱད་གཟུགས་བཟོས་ནས་དར་དམར་བརྒྱན།།

ཟླ་བས་ལོ་བདག་བྱེད་པའི་དུས།། (20-8-2066----20-8-2076) གཉིད་ཆེ་མཛའ་གྲོགས་གོས་རྒྱན་འཐོབ།། དྲག་ལས་མི་དགེ་ཕྱི་ཐལ་ཆེ།། གཞན་གང་སྒྲུབ་ཀྱང་འགྲུབ་པར་འགྱུར། །དགྲ་ལས་རྒྱལ་ཞིང་བདེ་ཞིང་སྐྱིད།། མངལ་ཆགས་བུ་མོ་སྐྱེ་བར་འགྱུར།།

མིག་དམར་ལོ་བདག་བྱེད་པའི་རིང༌།། (20-8-2076----20-8-2083) དགྲ་དང་གྱོད་ཁའི་མེ་ལྕེ་མཆེད།། ལོངས་སྤྱོད་ཉམས་ཞིང་དོན་མི་འགྲུབ། །གཞན་གྱི་བུད་མེད་རྣམས་དང་འགྲོགས། །ལུས་ལ་ཁྲག་མཁྲིས་དམར་ངོ་ཆེ། །ཁྱིམ་ལའང་མེ་ཡིས་འཇིག་ཉེན་ཡོད།།དེ་ཚེ་ཏོག་གཟུངས་གདུགས་དཀར་དང༌། །ཤེར་ཕྱིན་དཀོན་མཆོག་བརྩེགས་པ་འདོན།། གསེར་སྦྱང་ལ་ནི་རང་གི་མིང༌། །བྲིས་ཏེ་ཤར་ལྷོའི་ཕྱོགས་སུ་འཛུགས།།

སྒྲ་གཅན་ལོ་བདག་བྱེད་པའི་དུས།། (20-8-2083----20-8-2101) ནོར་ཟད་གཉེན་བྲལ་སྡུག་བསྔལ་འབྱུང༌། །དེ་ཚེ་འདུས་སྡེར་བསྙེན་བཀུར་དང༌། །ལྕགས་དང་རགས་གན་དག་ཀྱང་འབུལ། །བཅོས་ཀ་སྐྱེས་པར་ཆང་སྦྱིན་ཞིང༌། །རྒྱལ་མཚན་རྩེ་ལ་གོས་རྒྱན་བཏགས། །དེ་ལྟར་བྱེད་ན་ཚེ་སྲིངས་ཞིང༌། །འདོད་དོན་ངང་གིས་འགྲུབ་པར་འགྱུར།།
ཕུར་བུས་ལོ་བདག་བྱེད་པའི་རིང༌།། (20-8-2101----20-8-2117) ཆོས་ནོར་གོས་འཕེལ་འདོད་དོན་འགྲུབ། །རིགས་སྔགས་འགྲུབ་ཅིང་མཁས་པ་དང༌། །ཉམས་དང་རྟོགས་པའི་ཡོན་ཏན་རྒྱས།།

དེ་ལྟར་བར་ཆད་གོང་མ་ལས། །ཐར་ན་ཕྱི་མ་འབྱུང་མ་གཏོགས།།
ཚེ་ལོ་བརྒྱ་དང་བདུན་ཡོད་ཅེས། །བག་མེད་ངང་དུ་བཞུགས་མི་བྱ།།

བླ་མ་ལྷ་དང་དཀོན་མཆོག་རིན་པོ་ཆེ། །དེང་འདིར་སྐྱེས་པའི་བུ་ལ་བྱིན་གྱིས་རློབས།།
ཁྱད་པར་དུད་སོལ་ལྷ་མོ་འཁོར་བཅས་ཀྱིས། །ལུས་དང་གྲིབ་མ་བཞིན་དུ་སྲུང་གྱུར་ཅིག།

ཅེས་ཁྱིམ་བདག་རྡོ་རྗེ་དབང་འདུས་དང་རྣམ་རྒྱལ་གཉིས་ཀྱི་རིགས་ཀྱི་བུ་ཆུང་འོད་གསལ་རིག་ལྡན་རྡོ་རྗེ་གང་གི་ཚེ་རབས་ལས་རྩིས་ཀྱི་འབྲས་བཤད་མདོར་བསྡུས་འདི་ཡང༌། བུ་ཆུང་གང་གི་ཨ་ཁུ་བསམ་གཏན་མིང་པས་རབ་གནས་ལྕགས་ཡོས་སྟེ་སྐར་རྩིས་ལྟར་ན་ལྕགས་སྟག་དབོ་ཟླ་རྗེས་མའི་མར་ངོ་རྫོགས་པ་གཉིས་པའི་ཉིན་ལ་རྫོགས་པར་བྲིས་པའི་དགེ་བ་འདིས་ཀྱང་བུ་ཆུང་གང་ལ་ཚེ་རིང་ནད་མེད་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག། བྷ་བ་ཏུ་སརྦ་མངྒ་ལཾ།།  །།

No comments: