Sunday, September 28, 2014

སངས་རྒྱས་ཀྱི་མཛད་པ་བཅུ་གཉིས།

སངས་རྒྱས་ཀྱི་མཛད་པ་བཅུ་གཉིས།
༡དགའ་ལྡན་ནས་བྱོན་༢ཡུམ་གྱི་ལྷུམས་སུ་ཞུགས།། ༣འཁྲུངས་ནས་༤རིག་གནས་ཀུན་ལ་མཁས་པར་སྦྱངས།།
༥བཙུན་མོའི་འཁོར་གྱིས་བསྐོར་ཀྱང་༦ངེས་པར་འབྱུང།། ༧ལོ་དྲུག་དཀའ་སྤྱད་༨བྱང་ཆུབ་ཤིང་དྲུང་བྱོན།།
༩ཉོན་མོངས་བདུད་བཏུལ་༡༠མངོན་པར་སངས་རྒྱས་ཤིང་།། ༡༡ཆོས་འཁོར་བསྐོར་ནས་༡༢མི་གནས་མྱ་ངན་འདས།།
རེ་རེའི་ནང་དོན་རྟོག་བཟོ་ཙམ་མིན་པར། །ཆོས་དང་འཇིག་རྟེན་དང་མཐུན་མདོ་ཙམ་འཆད།།
སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་འདི་ལུ་ཐེག་ཆེན་ཐེག་དམན་གཉིས་ཀྱི་བཤད་ཚུལ་མ་འདྲཝ་གཉིས་སྦེ་ཡོད། ཐེག་ཆེན་ཚུ་གིས་འབད་བ་ཅིན། སྟོན་པ་བཅོམ་ལྡན་འདས་དེ་ཧེ་མ་མ་ལས་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནི་དེ་གིས། འོག་མིན་གྱི་ཞིང་ཁམས་ལུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཞིནམ་ལས། འགྲོ་བ་སེམས་ཅན་གྱི་མཐའ་དོན་ལུ་མཆོག་གི་སྤྲུལ་སྐུ་སྦེ་བྱོན་བྱོནམ་ཨིནམ་ལས་ མཛད་པ་བཅུ་གཉིས་ག་ར་སངས་རྒྱས་ཀྱི་མཛད་པ་སྦེ་བཞག་ནི་དང་། ཐེག་དམན་ཚུ་གིས་འབད་བ་ཅིན། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་རྫོགས་རུང་། སངས་རྒྱས་གོ་འཕང་འདི་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་འོག་ལུ་བཞུགས་ཏེ་ཐོབ་ཐོབ་ཨིནམ་ལས་ སངས་རྒྱས་པའི་མཛད་པ་དང་། ཆོས་འཁོར་བསྐོར་བའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་གསུམ་འདི་སངས་རྒྱས་ཀྱི་མཛད་པ་ཨིནམ་སྦེ་བཞག་ནི་དང་། མཛད་པ་དང་པ་ལས་མཛད་པ་དགུ་པ་བདུད་བཏུལ་བའི་མཛད་པ་ཚུན་ཚོད་བྱང་ཆུབ་སེམས་དཔའི་མཛད་པ་ཨིན་ཟེར་ཨིན་མས།[16]
༡༽ འདི་ཡང་སྟོན་པ་ཤཱ་ཀྱ་ཐུབ་མཆོག་དགའ་ལྡན་གྱི་གནས་ན་ ལྷའི་བུ་ དམ་པ་ཏོག་དཀར་པོ་ཟེར་ཞུ་མི་འདི་གི་སྐྱེ་བ་བཞེས་ཏེ་ལྷ་དེ་ཚུ་ལུ་ཆོས་སྟོན་ཏེ་བཞུགས་པའི་བར་ན། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་ཛམྦུའི་གླིང་ན་བྱོན་ནི་གིས་དུས་ལུ་བབ་ཨིནམ་མཁྱེན་ཞིནམ་ལས། སྐུ་ཚབ་རྗེ་བཙུན་བྱམས་པ་མགོན་པོ་བཀོད་ཞིནམ་ལས་དགའ་ལྡན་གྱི་གནས་ལས་བྱོན་ནུག།
༢༽ དེ་སྒང་ཛམྦུའི་གླིང་གི་གྲོང་ཁྱེར་སེར་སྐྱའི་༼ཀཔིལབསྟུ། KapilVastu༽ རྒྱལ་པོ་ཟས་གཙང་༼ཤུདྡྷོདྷན༽གྱི་བཙུན་མོ་སྒྱུ་འཕྲུལ་ལྷ་མོ་༼མ་ཡ་དེ་བི༽ མཆོག་གསོ་སྦྱོང་ལུ་བཞུགས་པའི་ཕྱི་རུ་གཉིད་ལམ་ནང་། མཆོད་པའི་སྒྲ་དང་གཅིག་ཁར་གླངམ་ཆེ་ཐལ་ཁར་མཆེཝ་དྲུག་སྦེ་མི་གཅིག་མོ་གི་མཆེན་ལོགས་གཡས་པ་ལས་སྦེ་འཕོཝ་ནང་འཛུལ་བའི་གཉིད་ལམ་མཐོངམ་དང་གཅིག་ཁར་སྟོན་པ་ཤཱ་ཀྱ་ཐུབ་པ་འདི་ཡུམ་གྱི་མངལ་ལུ་ཞུགས་ནུག
༣༽ དེ་ལས་ཟླཝ་དགུ་ལངམ་ད་སྲས་སྐྱེས་ནི་གི་དོན་ལུ་ ཡུམ་མཱ་ཡ་དེ་བི་འདི་ གྲོང་ཁྱེར་སེར་སྐྱ་ཟེར་ས་ལས་མོ་རའི་ཡབ་ཀྱི་ཕོ་བྲང་ནང་བྱོན་པའི་ལམ་ཁར་ལུམྦི་ནི་ཟེར་བའི་སྐྱེད་ཚལ་ལྡུམ་ར་འདི་ནང་ལྷོདཔ་ད་ ན་ཟུག་ཆུང་ཀུ་གཅིག་རྐྱབ་ལས་ངལ་གསོ་སྟེ་བཞུགས་པའི་བར་ན་རང་སྲས་འཁྲུངས། དེ་ལས་སྲས་དེ་གིས་ཕྱོགས་བཞི་ལུ་གོམས་ཐེངས་བདུན་བདུན་སྤོ་སྟེ་བྱོན་པའི་སྐབས་ལུ་ གོམས་ག་ཏེ་སྤོ་སར་མེ་ཏོག་པདྨ་དེ་ཚུ་ཤར། དེ་ལས་ཡུམ་སྲས་འཁོར་དང་བཅས་པ་གྲོང་ཁྱེར་སེར་སྐྱ་ལུ་ལོག་ཏེ་བྱོནམ་ད། ཡབ་ཁོ་རང་གིས་སྲས་ཀྱི་མཚན་ཡང་དོན་ཀུན་གྲུབ་པ། ༼སིདྡྷརྠ། དོན་གྲུབ༽ ཟེར་བཏགས་ནུགདེ་སྦེ་བཏགས་དགོ་མི་འདི་ཡང་། ཡབ་ཟས་གཙང་ལུ་སྲས་མེད་པར་ཐུགས་གམ་སྟེ་བཞུགས་པའི་སྐབས་ལུ་ སྲས་གཅིག་འཁྲུངསམ་ལས་ཁོ་གི་བསམ་པའི་དོན་ག་ར་གྲུབ་ནི་འདི་གིས་ཨིན་མས། དེ་ལས་ཞག་བདུན་ལངམ་ད་ཡུབ་གཤགས། ཡུམ་གྱི་ནུམོ་སྐྱེ་རྒུའི་བདག་མོ་ཟེར་མི་འདི་གིས་ཡུམ་གྱི་སྐུ་ཚབ་མཛད་ཞིནམ་ལས་རྒྱལ་སྲས་གསོ་སྐྱོང་མཛད།
༤༽ དེ་ལས་རིམ་གྱིས་སྦོམ་འགྱོཝ་བཞིན་དུ་ རིག་བྱེད་ཀྱི་ཆོས་དང་ རྒྱལ་པོའི་སྲས་གཅིག་ལུ་མེད་ཐབས་མེད་པའི་རིག་གནས་ཀྱི་ཤེས་བྱ་ཡོན་ཏན་དེ་ཚུ་ག་ར་ལུ་སྦྱངས་བརྩོན་གནང་ནུག
༥༽ དེ་སྦེ་སློབ་སྦྱོང་མཛད་པའི་སྐབས་ལུ་བརྩོན་འགྲུས་བསྐྱེད་དེ་ལྷཔ་དོ་ཡོད་རུང་། བར་ན་གི་དུས་ཚོད་སྟོངམ་དེ་ཚུ་ནང་ ཨ་ལུ་གཞན་བཟུམ་སྦེ་རྩེད་རྩེད་ནི་མེད་པར་ མང་ཤོ་རང་ཁོ་རང་རྐྱངམ་གཅིག་སྦེ་མནོ་བསམ་གཏང་སྟེ་བཞུགས་ནི་དང་། ཡང་ཅིན་བསྒོམ་རྐྱབ་སྟེ་བཞུགསཔ་ལས། ཁོ་གི་སློབ་དཔོན་འདི་ལུ་ཐུགས་ཀྱི་དོགས་པ་བཞེས་ཏེ། ཡབ་ཟས་གཙང་ལུ་དེ་སྦེ་ཞུ་ནུགསྲས་དེ་གིས་རྒྱལ་སྲིད་སྐྱོང་སྟེ་བཞུགས་པ་ཅིན། འཁོར་ལོ་བསྒྱུར་བའི་རྒྱལཔོ་བཟུམ་ཅིག་ལུ་འགྱུར་ཚུགས་ནི་ཨིན་རུང་། བདག་འཛིན་ལེགས་ཤོམ་སྦེ་མ་མཛད་པ་ཅིན་ བྱ་བྲལ་བ་སྦེ་ཆོས་འབད་བར་འབྱོན་ནི་གི་ཉེན་ཁ་ཡང་འདུགཟེར་ཞུཝ་ལས་ཡབ་རྒྱལཔོ་ཐུགས་ཀྱི་ཚ་གྱང་བཞེས་ཏེ་ ཆོས་འབད་བར་མི་གཏང་ནི་གི་དོན་ལུ་ མཛེས་ཤིང་ཡིད་དུ་འོང་བའི་བུམོ་གྲགས་འཛིན་མ་ཟེར་མི་འདི་དང་གཅིག་ཁར་དགུངས་ལོ་བཅུ་དྲུག་ལས་གཉེན་བསྒྲིགས་མཛད། སོ་ཁ། བྱཱ། སེར་ཁ། དགུན་གྱི་དུས་ཚོད་དང་བསྟུན་པའི་ས་གནས་སོ་སོ་ལུ་ཕོ་བྲང་དེ་ཚུ་བཞེངས་ཏེ་ཁོ་རང་ག་དགཝ་སྦེ་བཞག་ནུག
༦༽ བཙུན་མོ་གྲགས་འཛིན་མ་དང་རྒྱལ་སྲས་གཉིས་ཆ་རང་ རྒྱུད་ལུ་བྱམས་དང་སྙིང་རྗེ་དང་ལྡན་པའི་བཟའ་ཚང་གཅིག་ཨིནམ་ལས་ ཁོང་གཉིས་ཀྱི་དུས་ཚོད་འདི་མང་ཤོ་རང་ རྒྱལ་ཁབ་མི་སེར་ཉམ་ཐག་དེ་ཚུ་ལུ་ཆ་རོགས་མཛད་པར་བྱོན་དོ་ཡོདཔ་ཨིན་མས། མི་སེར་ཉམ་ཐག་དེ་ཚུ་ དགའ་ཏོག་ཏོ་ཟེར་མི་འདི་ཡུདཔ་ཐེངས་གཅིག་ཡང་མེད་པར་སྡུག་བསྔལ་ཕོག་ཏེ་ཡོད་མི་འདི་གསལ་གསལ་རིལ་རིལ་སྦེ་གཟིགས་ནུག དེ་ཡང་མི་སེར་དེ་ཚུ་སྐྱེ་རྒ་ན་འཆི་གི་སྡུག་བསྔལ་ཕོག་པའི་སྐབས་ལུ་དང་། ལྷག་པར་འཚོ་བའི་གནས་སྟངས་ཀྱི་ཐོག་ལུ་ད་ལྟོ་ཟ་བའི་ལྟོ་ཡང་མེད་མི་ལེ་ཤ་གཟིགས་ཏེ་ ཐུགས་ལུ་སྐྱོ་བ་ཚད་མེདཔ་ཅིག་འཁྲུངས་ནུག་ས། ཡབ་རྒྱལཔོ་ཆ་རོགས་ཞུ་སྟེ་རྒྱལ་སྲིད་ཀྱི་ཕྱག་ལཱ་ནང་འབྲེལ་གཏོགས་མཛད་པའི་སྐབས་ལུ་ཡང་། བློན་པོ་དང་རྒྱལ་སྲས་གཞན་མི་ཚུ་གིས་རྒྱལ་ཁབ་ཀྱི་ཐུགས་བཞེད་མི་གནང་པར་རང་འདོད་མ་རུངས་པའི་ལཱ་འབད་མི་དེ་ཚུ་གཟིགས་ཏེ། ཡབ་རྒྱལཔོ་ལུ་ཞུཝ་ད། ཡབ་ཀྱིས། དེ་ཚུ་ཧེ་མ་ལས་ང་གིས་ཤེས། ཨིན་རུང་ མཐོང་རུང་མ་མཐོང་བརྫུ་བཏབ། ཤེས་རུང་མ་ཤེས་བརྫུ་བཏབ་སྟེ་ ཁོང་དང་བསྟུན་དགོ་པའི་གནས་སྟངས་ཡང་ལེ་ཤ་ཡོད། ཟེར་གསུངསམ་ལས། རྒྱལ་སྲས་དོན་གྲུབ་འདི་རྒྱལ་སྲིད་ཀྱི་ཕྱག་ལཱ་ལུ་ཡང་སྐྱོ་བ་གཏིང་ལས་ལངས་ནུག
དེ་ལས་རྒྱལ་སྲས་དོན་གྲུབ་དགུང་ལོ་ཉེར་དགུ་བཞེསཔ་ད་བཙུན་མོ་ལས་སྲས་གཅིག་འཁྲུངས་ནུག་ དེ་གི་ལོ་རྒྱུས་དེ་ཚུ་རྒྱལ་སྲས་ལུ་ཞུཝ་ད། ཁོ་རང་གི་ཐུགས་དགོངས་ལུ། ང་ཆོས་འབད་བར་འགྱོ་ནི་ཨིན་རུང་། འཁོར་བར་བཅིང་མི་གཅིག་སྐྱེས་ད་ཡི་ཟེར་བའི་ཐུགས་བཞེད་གནང་སྟེ། ཞལ་ལས་འཆིང་བྱེད་སྐྱེས་སོ། འཛིན་བྱེད་སྐྱེས་སོ། ༼རཱ་ཧུ་ལ་ཨུཏྤཱ་ད།༽ཟེར་ཐོནམ་ད། འཁོར་དེ་ཚུ་གི་སེམས་ཁ་ལུ་སྲས་ཀྱི་མཚན་སྒྲ་གཅན་འཛིན་༼རྰ་ཧུ་ལ༽ ཟེར་བཏགས་གནང་ཡི་ཟེར་མནོ་སྟེ་སྲས་ཀྱི་མཚན་སྒྲ་གཅན་འཛིན་ཟེར་ཆགས་ནུག
དེམ་ཅིག་གི་བར་ན་རྒྱལ་སྲས་ཀྱི་ཐུགས་ལུ་ ཡར་རྒྱལ་པོའི་ཆབ་སྲིད། མར་མི་སེར་འཚོ་སྐྱོང་ག་ཅི་ལུ་བལྟ་སྟེ་འབད་རུང་ འཇིག་རྟེན་འཁོར་བའི་ཆོས་འདི་ལུ་སྙིང་པོ་རྩ་ལས་མེད་པའི་སྡུག་བསྔལ་གྱི་རང་བཞིན་ཨིན་མས། ད་སྡུག་བསྔལ་འདི་ལས་ཐར་བའི་ཐབས་གཅིག་འཚོལ་དགོ་པས་མནོ་བའི་ཐུགས་བཞེད་གནང་ཞིནམ་ལས་བྲོས་བྱོལ་འགྱོ་ནི་གི་འཆར་གཞི་བརྩམས་ཏེ་བཞུགས་ནུག  འཆར་གཞི་དེ་ཚུ་བཙུནམ་གྱི་མཁྱེན་རུང་མ་མཁྱེན་བརྫུ་བཏབ་སྟེ་བཞུགས་ཞིནམ་ལས། ནུབ་གཅིག་སྤྲོ་སྟོན་གྱི་ཚོགས་སྟོན་གཅིག་མཇུག་བསྡུ་ཞིནམ་ལས་ མི་དེ་ཚུ་ར་གཟིར་ཏེ་ཉལ་ཚརཝ་ད་ བཙུནམོ་མཆོག་གིས་ཨ་དྲུང་ཅནྣ་ལུ་འགྱོ་ནི་གི་གྲ་བསྒྲིགས་རྐྱབ་བཅུགམོ་རང་གཟིམ་ཅུང་ནང་གཉིད་ཐལ་བརྫུ་བཏབ་སྟེ་སྡོད་པའི་སྐབས་ལུ་ རྒྱལ་སྲས་དོན་གྲུབ་ཀྱིས། བཙུན་མོ་གྲགས་འཛིན་མ་དང་། དེ་གི་མཆན་ལུ་གཉིད་ཁུག་སྟེ་ཡོད་པའི་སྲས་སྒྲ་གཅན་འཛིན་ལུ་ལོག་ཅི་ལོག་ཅི་རང་གཟིགས་ཞིནམ་ལས། ཐུགས་ཀྱི་སྐྱོ་བ་ཚད་མེདཔ་ཅིག་དང་གཅིག་ཁར་ཡུམ་སྲས་དང་ཁ་བྱལ། ཨ་དྲུང་ཅནྣ་འབོ་ཞིནམ་ལས། ཆིབས་ཁར་ཆིབས་ཏེ་ས་མཚམས་མ་བརྒལ་བར་ན་ནུབ་ཤུགས་རྐྱབ་སྟེ་བྱོན་སོང་ནུག
༧༽ དེ་ལས་དྲོ་པ་ནམ་ནངས། ས་མཚམས་བརྒལ་ཚར་བའི་ཤུལ་ལུ། ཁོ་རའི་རྒྱན་ཆ་ཚུ་ཕུད་དེ་ཨ་དྲུང་ཅནྣ་ལུ་སྤྲོད་ཞིནམ་ལས་ཡབ་ཡུམ་དང་བཙུན་མོ་ལུ་གནས་ཚུལ་དེ་ཚུ་ཞུ་དགོཔ་སྦེ་གསུངས་ཏེ་ ཆིབས་རྟ་དང་ཨ་དྲུང་ལོག་སྟེ་བཏང།ཆོས་པའི་གོ་ལ་གྱོན་ཞིནམ་ལས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཆོས་འབད་ནི་གི་དོན་ལུ་སློབ་དཔོན་འཚོལ་ཏེ། བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་སྟེ་བཞུགས་ནུག ཨིན་རུང་ཏིང་ངེ་འཛིན་དེ་གིས་འཁོར་བ་ལས་གྲོལ་ཚུགས་ནི་བཟུམ་ཅིག་མེད་ནི་དེ་གིས། མཐའ་མར་རྒྱལ་པོའི་ཁབ་ལས་བརྒྱུད་དེ་ རྡོ་རྗེ་གདན་གྱི་ཤར་ཕྱོགས་ ཆུ་བོ་ནི་རནྗ་ནའི་འགྲམ་གྱི་ཨུ་རུ་བེ་ལ་ཟེར་སའི་རི་དང་ནགས་ཚལ་ནང་། ཐར་པའི་གོ་འཕང་མ་འཐོབ་ཚུན་ཚོད་བསྒོམ་སྒྲུབ་མཛད་དེ་བཞུགས་ནི་ཨིན་ཟེར་བའི་ཁས་བླངས་དམ་བཅའ་མཛད་དེ་བཞུགས་ནུག 
དེ་བསྒང་ཡབ་ཡུམ་གྱི་ཧོང་ལས་རྒྱལ་སྲས་གདན་འདྲེན་ཞུ་བར་གཏང་མི་ཕོ་ཉ་ལྷོད་དེ་འབད་རུང་ རྒྱལ་སྲས་ཀྱིས་བྱོན་མ་བཏུབ་ལས། ཁོང་གི་གྲལ་ཁ་ལས་ཁོང་ལྔ་ཡང་རྒྱལ་སྲས་དང་གཅིག་བསྒོམ་སྒྲུབ་གནང་ཏེ་བཞུགས་མི་ཚུ་ ཤུལ་ལས་འཁོར་ལྔ་སྡེ་༼ཀུན་ཤེས་ཀཽཎྜི་ནྱ། (ཨཛྙཏ་ཀཽཎྜིནྱ) རྟ་ཐུལ། (ཨཤྦ་ཇཱིཏ) རླངས་པ། (བཱསྤ) མིང་ཆེན།(མཧཱ་ནཱམ) བཟང་ལྡན།(བྷདྲིཀ)༽ ཟེར་མི་དེ་ཚུ་ཨིན། དེ་ལས་རྒྱལ་སྲས་དང་འཁོར་ལྔཔ་དེ་ཚུ་ག་ར་གིས་ ཐར་པའི་གོ་འཕང་མ་འཐོབ་བར་ན་འཚོ་བ་བསོད་སྙོམས་ལྷང་པར་མི་འགྱོ་ཟེར་བའི་ཁས་བླངས་དམ་བཅའ་མཛད་དེ་ རི་ཁའི་ཤིང་འབྲས་ག་འཐོབ་རེ་བཞེས་ཏེ་བཞུགས་ཡུན་རིངམ་སོང་པའི་ཐ་མར་ རྒྱལ་སྲས་གསོལ་ཆུ་གཅིག་བཞེས་པར་བྱོནམ་ སྐུ་གཟུགས་ལུ་ཤུགས་མེད་པར་དྲན་མེད་བརྒལ་ཏེ་བཞུགས་སར་། གཡུས་དེ་ཁའི་ཕྱུག་པའི་བུམོ་སུ་ཇཱ་ཏ༼ལེགས་སྐྱེས་མ༽ ཟེར་མི་དེ་གིས་མཇལཝ་ལས་མོ་གིས་ཨོམ་གྱི་ཐུགཔ་དྲངས་ཡོདཔ་མ་ཚད། དེ་གི་ཤུལ་ལས་ཉིནམ་ཨ་རྟག་ར་གུང་ཚིགས་ཀྱི་གསོལཝ་མོ་གིས་དྲངས་ཏེ་བཞུགས་ནུག དེམ་ཅིག་གི་བར་ན་ གཡུས་དེ་ཁའི་རོགས་ཀྱི་མ་ཧེ་འཚོ་སྟེ་སྡོད་མི་ཨ་ལུ་བཀྲ་ཤིས་༼སུ་བསྟིགSuvastik༽ ཟེར་མི་འདི་གིས་མཇལ་ཞིནམ་ལས་ཕྲལ་ཕྲལ་འབད་རང་ རྒྱལ་སྲས་ཀྱི་བསྒོམ་སྒྲུབ་གྱི་བཞུགས་གདན་རྩ་ཀུ་ཤ་དེ་ཚུ་ཁོ་གིས་ཕུལ་ཏེ་བཞུགས་ནུག
༨༽ དེ་ལས་ཚར་གཅིག་འབདཝ་ད་ འཁོར་ལྔཔ་དེ་ཚུ་གིས་ རྒྱལ་སྲས་དོན་གྲུབ་འཇིག་རྟེན་པའི་བསོད་སྙོམས་བཞེས། སྐུ་ཁྲུས་གནང་འབད་སར་མཐོངམ་ལས་ ཁོང་ཆ་ཁྱབ་རྩིགཔ་ཟ་སྟེ་ ཁོ་ཁས་བླངས་དམ་བཅའ་ཉམས་སོང་ནུགང་བཅས་ཁོ་དང་གཅིག་མི་སྡོད་ཟེར་སླབ་ཞིནམ་ལས་ ཁོ་རང་ས་གནས་གཞན་ཁར་ཡར་སོང་ནུགདེམ་ཅིག་གི་བར་ན་ ཕོ་བྲང་ནང་ལས་བྱོན་ཞིནམ་ལས་འགོ་བཙུགས་ ཧ་ལམ་ལོ་དྲུག་དེ་ཅིག་ལངས་སོང་ནུགདེ་ལས་རྒྱལ་སྲས་མཆོག་ཡང་ས་གནས་དེ་ཁ་ལས་སྤོ་ཞིནམ་ལས་ ཆུ་བོ་ནི་རནྗ་ནའི་ནུབ་ཕྱོགས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལེ་ཤ་ཡོད་སའི་ས་ཁོངས་དེ་བྱོན་ཞིནམ་ལས་ ད་རུང་ཨ་རྟག་ཧ་ལུགས་སྦེ་བསྒོམ་སྒྲུབ་ལུ་བརྩོན་ཏེ་རང་བཞུགས་ནུག
༩༽ དེ་ལས་ནམ་ཅིག་གནམ་བྱཱ་གི་ས་ག་ཟླ་བའི་ཚེས་བཅོ་ལྔ་གི་ཕྱི་རུ་གཅིག་ལུ་ ཕྱི་ནང་ཆོས་ཐམས་ཅད་གཅིག་ལ་གཅིག་བརྟེན་པའི་རྟེན་འབྱུང་གི་ཨིན་པའི་ཆོས་ཀྱི་གནས་ལུགས་དེ་ཚུ་གཟིགས་ཏེ་ལམ་གྱི་བདེན་པ་ཐུགས་རྒྱུད་ལུ་སྐྱེས། ཉིམ་དང་ཟླཝ་ཤརཝ་ད་མུན་པ་ཡལ་དོ་བཟུམ་སྦེ་ བདུད་དང་འདྲ་བའི་རང་རྒྱུད་ཀྱི་ཉོན་མོངས་པ་དེ་ཚུ་ག་ར་རང་བཞིན་གྱི་ཡལ་སོང་ནུག
༡༠༽ དེ་ལས་དྲོ་པ་ཐོ་རངས་ལུ་ འཁོར་བར་འཁོར་ཚུལ་དང་། ཐར་པ་འཐོབ་ཚུལ་གྱི་བདེན་བཞིའི་གནས་ལུགས་ཆ་ཚང་མཁྱེན་ཞིནམ་ལས་ ཉོན་མོངས་པ་ཟད་པ་དང་། ལོག་སྟེ་མི་སྐྱེ་བའི་ཡེ་ཤེས་ཐོབ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོདཔ་དང་། དེ་ལས་བདུན་ཕྲག་བདུན་གྱི་ཞག་བཞི་བཅུ་ཞེ་དགུ་ཚུན་ཚོད་ ས་གནས་དེ་ཁ་རང་མཉམ་བཞག་གི་ཐུན་རྒྱུན་སྐྱོང་མཛད་དེ་བཞུགས་ནུག
༡༡༽ དེ་ལས་བདུན་ཕྲག་བདུན་གྱི་མཐའ་མར་ ཁོ་གིས་མཁྱེན་པའི་ཆོས་དེ་གཞན་ལུ་ཡང་སྟོན་དགོ་པས་ཟེར་བའི་ཐུགས་བཞེད་གནང་ཞིནམ་ལས་ ག་ལུ་སྟོན་དགོ་ནི་ཨིན་ན་མནོ་སྟེ་གཟིགསཔ་ད་ ཁོ་རང་སློབ་དཔོན་དེ་ཚུ་གཤགས་སོངམ་ལས། དང་པ་རང་འཁོར་ལྔཔ་དེ་ལུ་སྟོན་དགོ་ནི་ཨིན་མས་ཟེར་དགོངས་བཞེད་གནང་སྟེ་ ཁོང་འཚོལ་ཏེ་ཝ་ར་ཎཱ་སི་ཕྱོགས་ལུ་བྱོན་ནུགདེ་ལས་ཕ་ལུ་ལྷོདཔ་ད་ ཁོང་ལྔཔ་དེ་གིས་སངས་རྒྱས་མཐོང་ཞིནམ་ལས་ ཁོང་ར་བར་ན་དེ་སྦེ་སླབ་ནུགདགེ་སྦྱོང་ཁས་བླངས་དམ་བཅའ་ཉམས་མི་དེ་འོངས་དེས། ཁོ་ལུ་གུས་ཞབས་མ་འབད་སྨྲ་རེས། ཟེར་སླབ་སྟེ་སྡོད་རུང་། སངས་རྒྱས་གདོང་ཁར་ལྷོད་པའི་སྒང་ལས་ གཟི་བརྗིད་ཀྱིས་བཟོད་མ་ཚུགས་པར་ རང་དབང་མེད་པར་ཡར་ལངས་ཏེ་ཕེབས་སུ་ཞུཝ་ད་གཅིག་ཁར། བཙུན་པ༑ ཆོས་ཀྱི་བདུད་རྩི་ཐོབ་ཅི་གཟེར་སངས་རྒྱས་ལུ་ཞུཝ་ད། སངས་རྒྱས་ཀྱིས། ང་ལུ་བཙུན་པ་ཟེར་མ་སླབ། ང་ཆོས་ཀྱི་བདུད་རྩི་ཐོབ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅི། ཟེར་གསུངས་ཞིནམ་ལས་ཆོས་འཁོར་གྱི་གནས་ལུ་འཁྱིད་ཞིནམ་ལས། བདེན་པ་བཞིའི་ཆོས་དེ་ཚུ་གསུངས་ནུག
༼བདེན་པ་བཞི་ཟེར་མི་འདི་ཡང་། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཟེར་མི་བཞིཔ་དེ་ཨིན།
༡༽ དེ་ཡང་སེམས་ཅན་འཁོར་སའི་གནས་སྣོད་ཀྱི་འཇིག་རྟེན་འདི་ཡང་རྟག་པར་བརྟན་པ་མེད་པ་ནམ་ཅིག་གི་ཚེ་འཇིག་རྟེན་འགྱོ་ནི་ཨིནམ་དང་། དེ་ནང་འཁོར་མི་སེམས་ཅན་ཚུ་ཡང་། སྐད་ཅིག་གིས་འཇིག་སྟེ་འགྱོ་ནི་ཨིནམ་མ་ཚད། མཐོ་ས་དམའ་ས་ག་སྟེ་བལྟ་རུང་རང་རང་སོ་སོ་ལུ་ལྟོས་པའི་སྡུག་བསྔལ་མེད་མི་ག་ཡང་མེད་པའི་ཁར། ལྷག་པར་དུ་ཤ་ཁྲག་གི་ཕུང་པོ་འདི་ཚར་གཅིག་ལེན་ཞིནམ་ལས། དེ་ལུ་སྐྱེ་རྒ་ན་འཆི་གི་སྡུག་བསྔལ་རྫོགས་ནི་མེད་ཅིག་ཡོདཔ་ལས་ དེ་ཚུ་ལུ་སྡུག་བསྔལ་བདེན་པ་ཟེར་སླབ་ཨིན་མས།
༢༽ དེ་ལས་སྡུག་བསྔལ་དེ་ཚུ་ག་ཏེ་ལས་བྱུང་བའི་ག་ཟེར་འཚོལཝ་ད་། དེ་ཚུ་ཧེ་མ་རང་གིས་བསགས་པའི་ལས་ལས་བརྟེན་ཏེ་བྱུང་ནི་དང་། ལས་དེ་ག་ཅི་ལུ་བརྟེན་ཏེ་བསགསཔ་ཨིན་ན་ཟེར་འཚོལཝ་ད་ རང་ཕྱོགས་ལུ་ཆགས་པའི་འདོད་ཆགས་དང་། གཞན་ཕྱོགས་ལུ་སྡང་བའི་ཞེ་སྡང་གཉིས་ལས་བརྟེན་ཏེ་བྱུང། དེ་གཉིས་ག་ཏེ་ལས་བྱུང་བའི་ག་ཟེར་འཚོལཝ་ད། རང་རྒྱུད་ཀྱི་མི་ཤེས་པའི་མ་རིག་པ་ཟེར་མི་འདི་ལས་བྱུང་བྱུངམ་ཨིན་མས། མ་རིག་མི་ཤེས་པའི་དབང་གིས་ཆགས་སྡང་སྐྱེས། དེ་ལས་བརྟེན་ལས་བསགས་མི་འདི་གིས་ སྡུག་བསྔལ་ཀུན་འབྱུང་ནི་འདི་གིས་ ཉོན་མོངས་གསུམ་དང་ལས་འདི་ལུ་ཀུན་འབྱུང་ཟེར་སླབ་ཨིན།
༣༽ དེ་ལས་སྡུག་བསྔལ་སྤོང་དགོ་པ་ཅིན་ ཧེ་མ་ཀུན་འབྱུང་སྤང་དགོཔ་དང་། ཀུན་འབྱུང་སྤངས་ད་པ་ཅིན། སྡུག་བསྔལ་གསརཔ་མི་སྐྱེ་ནི་ཨིནམ་ལས་ཀུན་འབྱུང་སྤངས་མི་འདི་ལུ་ སྡུག་བསྔལ་རྩ་བ་ལས་བཀག་པའི་འགོག་པའི་བདེན་པ་ཟེར་སླབ་ཨིན།
༤༽ ད་ཀུན་འབྱུང་འདི་ག་དེ་སྦེ་སྤངས་ནི་ཨིན་ན་ཟེར་བ་ཅིན། གཉེན་པོ་ལམ་བདེན་རྒྱུད་ལུ་བརྟེན་དགོཔ་ཨིན། ལམ་བདེན་འདི་ལུ་རིམ་པ་ལེ་ཤ་ཡོད་རུང་། འགོ་བཙུགས་ས་འདི་ འཕགས་ལམ་ཡན་ལག་བརྒྱད་ཟེར་མི་འདི་ཚུ་ཨིན་མས།[17]
སྟོན་པ་བཅོམ་ལྡན་འདས་ཀྱིས་ འཁོར་བར་འཇུག་ཚུལ་དང་ལྡོག་ཚུལ་གྱི་སྐོར་ལས་གསལ་ཞིང་གསལཝ་སྦེ་གསུངས་གནང་ཞིནམ་ལས། འཁོར་ལྔ་སྡེ་གི་ནང་གི་ཀུན་ཤེས་ཀཽཎྜི་ཎ་ལུ། ཁྱོད་ཀྱིས་ཤེས་ཅི་ག་ཟེར་གསུངསམ་ད། ཁོ་གིས། ཀུན་ཤེས་སོ། ཟེར་ཞུ་སྟེ་འཕགས་པའི་ལམ་ཐོབ་མཆིཝ་ལས་ཁོ་གི་མཚན་ལུ་ཡང་ ཀུན་ཤེས་ཀཽཎྜི་ཎ་ཟེར་ཆགས་ནུག
དུས་དེ་ལས་འགོ་བཙུགས་ཏེ་ ཉིན་རེ་བཞིན་དུ་སངས་རྒྱས་ཀྱི་སྐུ་མདུན་ལུ་ ཆོས་ཉན་མི་ལེ་ཤ་འཛོམས། དེ་ཚུ་ལས་ལ་ལུ་དགེ་སློང་འབད་དེ་དགེ་འདུན་གྱི་འཁོར་དེ་ཚུ་བྱུངམ་ལས་དཀོན་མཆོག་གསུམ་གྱི་རྣམ་གཞག་དེ་ཚུ་ཡང་བྱུང་ནུག[18]དེ་ལས་སངས་རྒྱས་འཁོར་དང་བཅས་པ་རྡོ་རྗེ་གདན་དང་། དེ་ལས་མ་གྷ་དྷའི་རྒྱལ་ས་ལྟེ་བ་རྒྱལ་པོའི་ཁབ་ལུ་བྱོནམ་ད། ཆུང་ཀུ་སྒང་གི་ཆ་རོགས་ཨིན་མི་རྒྱལ་པོ་གཟུགས་ཅན་སྙིང་པོ་གིས་གདན་འདྲེན་ཞུ། བྱ་རྒོད་ཕུང་པོའི་རིའི་ཉེ་འགྲམ་གྱི་སྨྱུག་མའི་ཚལ་དེ་ སངས་རྒྱས་འཁོར་དང་བཅས་པའི་བཞུགས་གནས་ལུ་ཕུལ་སྦེ་ཆོས་ཀྱི་འགྲོ་དོན་བསྐྱངས་ཏེ་བཞུགས།
དེ་ལས་སངས་རྒྱས་འཁོར་དང་བཅས་པ་གྲོང་ཁྱེར་སེར་སྐྱ་ལུ་བྱོན། ཡབ་ཡུམ་བཙུན་མོ་སྲས་དང་བཅས་པ་མཇལ་ཕྲད་གནང་པའི་སྐབས་ལུ་ ཁོང་ཆ་ཁྱབ་ཀྱི་སེམས་ལུ་དགའ་བ་དང་སྐྱོ་བ་ཟུང་འབྲེལ་གྱི་ཚོར་སྣང་ཚད་མེདཔ་ཅིག་བྱུང་། ཡབ་ཟས་གཙང་གིས་ཕོ་བྲང་བཞུགས་དགོཔ་སྦེ་གསུངས་རུང་། སྟོན་པ་མཆོག་གིས་གསན་མ་བཏུབ་པར་ གནས་ངེས་མེད་ཀྱི་རྩྭའི་ཁང་པ་དང་ཤིང་གི་རྩ་བར་བཞུགས། དེ་ལས་རིམ་གྱིས་སྟོན་པའི་ནུ་གཅུང་ཀུན་དགའ་བོ་དང་། དགའ་བོ། སྲས་སྒྲ་གཅན་འཛིན་ཡང་དགེ་སློང་ནང་བཙུགས། ཨ་ནི་སྐྱེ་རྒུའི་བདག་མོ་འཁོར་དང་བཅས་པ་ཚུ་གིས་ཨ་ནིམ་འཛུལ་ནི་སྦེ་ཞུ་རུང་ གནས་སྐབས་ཅིག་གསན་མ་བཏུབ་པར་ལོག་སྟེ་རྒྱལ་པོའི་ཁབ་ལུ་ལོགདེ་ལས་སྐྱེ་རྒུའི་བདག་མོ་འཁོར་དང་བཅས་པའི་ཨམ་སྲུ་ལྔ་བཅུ་དེ་ཅིག་ རྒྱལ་སྲིད་ཀྱི་ལོངས་སྤྱོད་སྤངས་ཞིནམ་ལས་མགོ་གི་སྐྱ་བཞུར། ཆོས་ཀྱི་གོ་ལ་གྱོན་ཏེ་རྐང་ཐང་སྦེ་རྒྱལ་པོའི་ཁབ་ལུ་འོང་། ཀུན་དགའ་བོ་ལས་བརྒྱུད་དེ་སངས་རྒྱས་ལུ་ལོ་རྒྱུས་དེ་ཚུ་ཞུཝ་ད། ཨ་ནིམ་འབད་ནི་གི་གོ་སྐབས་གནང་མི་དེ་ འཛམ་གླིང་ཐོག་ལུ་ཨམ་སྲུ་གིས་ཆོས་འབད་ནི་གོ་སྐབས་ཐོབ་མི་དང་པ་ཨིན་མས།
དེ་ལས་ཚར་གཅིག་འབདཝ་ད་ མཉན་ཡོད་ཀྱི་ཚོང་པ་མགོན་མེད་ཟས་སྦྱིན་ཡང་ཆོས་ཞུ་བར་འོང་ཞིནམ་ལས་ སངས་རྒྱས་འཁོར་དང་བཅས་པའི་མཛེས་སྤྱོད་ཀྱིས་ཡིད་དབང་ཤོར། ཁོ་གིས་སངས་རྒྱས་འཁོར་དང་བཅས་པ་མཉན་ཡོད་ལུ་བྱོན་དགོཔ་སྦེ་ཞུ། དེ་ལས་ཁོ་རང་ཧེ་མ་སོང་ཞིནམ་ལས། མཉན་ཡོད་ཀྱི་ས་ཆ་དགའ་ཤོ་ཨིན་མི་ཤིང་འབྲས་ཨཱ་མྲའི་ཚལ་དེ་ རྒྱལ་པོ་གསེར་རྒྱལ་གྱི་སྲས་ཇེ་ཏ་ཟེར་མི་འདི་ལས་ ས་དང་འདྲན་འདྲའི་གསེར་དངུལ་བསྐངས་ཏེ་ཕུལ་ཞིནམ་ལས་ཉོ། ས་གནས་དེ་ནང་ ཤ་རི་བུའི་འགོ་འདྲེན་ཐོག་ལས་ སྟོན་པ་བཞུགས་སའི་དྲི་གཙང་ཁང་། དེ་ལས་ཉེ་གནས་ཀུན་དགའ་བོ་དང་། གནས་བརྟན་གྲེ་སོང་དེ་ཚུ་བཞུགས་སའི་གཟིམས་ཆུང་དང་། དགེ་འདུན་བཞུགས་སའི་རྩའི་ཁང་པ་དེ་ཚུ་གྲུབ་ཞིནམ་ལས་ སངས་རྒྱས་འཁོར་དང་བཅས་པ་གདན་འདྲེན་ཞུ་སྟེ་འགྲོ་བ་སེམས་ཅན་ཚུ་ལུ་ཆོས་ཀྱི་འཁོར་ལོ་རྟག་བུ་རྒྱུན་ཆད་མེད་པར་བསྐོར་ཏེ་གནང་ནུག
སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་རིང་ལུ་ བཞུགས་ས་གཙོ་བོ་ད་ལྟོ་གོང་ལུ་ཞུ་མི་དེ་ཚུ་ཨིནམ་ལས་ དེ་ཚུ་གི་གསལ་བཤད་འབདཝ་མ་གཏོགས་ དོན་ངོ་མ་ལུ་ རྒྱ་གར་ནུབ་བྱང་གི་ས་ཆ་ལེ་ཤ་ནང་ཞབས་ཟུང་ས་ཁར་བརྡབས་ཏེ་བྱོན་ཞིནམ་ལས་མི་སེར་ཚུ་དང་ཕྱད། འཇིག་རྟེན་གྱི་བསླབ་བྱ་དང་། ཆོས་ཀྱི་བདུད་རྩིས་བཟང་པོ་གིས་འགྲོ་བ་སེམས་ཅན་ག་ར་ཚིམས་པར་མཛད་ནུག

༡༢༽ དེ་ལས་སངས་རྒྱས་ཀྱི་སྐུ་ཚེ་མཐའ་མར་དགུང་ལོ་བརྒྱད་ཅུ་གྱ་གཅིག་བཞེསཔ་པའི་སྐབས་ལུ་ ཡངས་པ་ཅན་གྱི་གནས་ལུ་བཞུགས་ཏེ་ཡོདཔ་ཨིན་མས། དེ་བསྒང་དགེ་བསྙེན་ཅུནྡ་ཟེར་མི་འདི་གིས་ སངས་རྒྱས་ལུ་ཉིན་མ་གུང་ཚིགས་གསོལཝ་དྲངསམ་ད་ གསོལ་བཀྲུམ་ཕག་ཤ་གཅིག་དྲངས་ནུགདེ་གིས་རྐྱེན་འབད་དེ་སངས་རྒྱས་སྐུ་བསྙུང་ནི་འགོ་བཙུགས་ཡོདཔ་ད། དེ་ལས་རྩྭ་མཆོག་གྲོང་ལུ་བྱོན་ཞིནམ་ལས་ ཤིང་སཱ་ལ་ཟུང་གཅིག་འབྱེལ་ཏེ་ཡོད་པའི་རྩ་བ་ལུ་བཞུགས་སྦེ་ཐ་མའི་ཞལ་ཆེམས་དེ་སྦེ་གསུངས་ནུག
ད་ང་མྱྱ་ངན་ལས་འདས་པའི་དུས་ལུ་བབས་ནུགད་ན་ལས་ཕར་ཆོས་ནང་ལུ་སྟབས་བདེཝ་དང་མ་བདེཝ་ག་ཅི་བཟུམ་ཅིག་ཐོན་འོང་། དེ་བཟུམ་གྱི་གནད་དོན་འབྱུང་བའི་སྐབས་ལུ་ དོན་དག་ངོ་མ་འདི་ག་ཅི་ཨིན་ན། དེ་ཚུ་ང་གིས་ཧེ་མ་གསུངས་མི་དེ་ཚུ་དང་གཅིག་ཁར་དཔྱད་དེ་བལྟ། ཧེ་མ་ང་གིས་བཏུབ་ཟེར་གསུངས་མི་དང་མཐུན་པ་ཅིན་བཏུབ་སྦེ་བཞགམི་བཏུབ་ཟེར་གསུངས་མི་དང་མཐུན་པ་ཅིན་མ་བཏུབ་སྦེ་བཞགགསུངས་སྦེ་གཤགས་སོང་ནུག།

No comments: