Friday, September 19, 2014

ཁྲུས་བབས་ཀྱི་སྐོར།

ད་རེས་དབྱིན་ཟླ་༩པའི་དབྱིན་ཚེས་༢༣དང་། རང་ལུགས་གནམ་ལོ་ཤིང་ཕོ་རྟ་ལོ་ཟླ་བ་བདུན་པའི་ཚེས་༢༩ གྱི་ཉིནམ་དེ་ ཁྲུས་བབས་ཀྱི་ཉིནམ་ཨིནམ་ལས་དེ་གི་སྐོར་ལས་གསལ་བཤད་མདོར་བསྡུས་ཅིག་ཞུ་ནི་ཨིན།

དེ་ཡང་
༡༽ དང་པ་ དཔྱེ་གཏམ་དང་འབྲེལ་བའི་ལོ་རྒྱུས་དང་།
༢༽ གཉིས་པ་གནམ་རིག་སྐར་རྩིས་དང་འབྲེལ་བའི་ལོ་རྒྱུས།
༣༽ གསུམ་པ་རྒྱ་གར་འཕགས་པའི་ཡུལ་གྱི་སྔར་སྲོལ་ལམ་ལུགས་དང་འབྲེལ་བའི་ལོ་རྒྱུས་དང་བཅས་ཏེ་དོན་ཚན་གསུམ་གྱི་སྒོ་ལས་ཞུ་ནི་ཨིན།

༼༡༽ དང་པ་དཔྱེ་གཏམ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་ལས་ཞུ་བ་ཅིན། ཧེ་མ་བསྐལ་པ་བཟང་པོའི་དུས་ལུ་ ལྷ་དང་དྲང་སྲོང་དེ་ཚུ་གིས་ ནོར་བུའི་རིགས་ག་ར་གཅིག་ཁར་བསྡུས་ཏེ་ ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ནང་ལུ་ སངས་རྒྱས་རྣམ་སྣང་གངས་ཅན་མཚོ་རྒྱལ་གྱི་སྐུ་གཅིག་བཞེངསམ་ད་ལུ་ སྐུ་དེ་གི་དབུའི་གཙུག་ཏོར་དེ་ ནོར་བུ་ཆུ་ཤེལ་གྱིས་བཞེངས་ནུག་ཟེར་ཨིན་མས།
དེ་ལས་གནམ་ཁའི་རྒྱུ་སྐར་གྱི་གྲལ་ཁར་ དྲང་སྲོང་རྀ་ཥི་ཟེར་བའི་སྐརམ་གཅིག་ཡང་ཡོདཔ་ཨིན། སྐརམ་དེ་གི་གཞལ་ཡས་ཁང་ཟེར་ བཞུགས་སའི་ཕོ་བྲང་དེ་ནོར་བུ་ཀེ་ཏ་ཀ་ཟེར་མི་དེ་ལས་གྲུབ་གྲུབ་ཨིན་ཟེར་ཨིན་མས།
དེ་ལས་སྐར་མ་རྀ་ཥི་ཕོ་བྲང་དང་གཅིག་ཁར་ གནམ་ཁ་ལུ་སྐོར་ར་རྐྱབ་སྟེ་འགྱོཝ་ད་ལུ་ ཟླ་བ་བརྒྱད་པའི་དབུགས་འཐོབ་ཀྱི་ཉིནམ་ཟེར་ ཁྲུས་བབས་ཀྱི་ཉིནམ་དེ་ལུ་ ལྷོ་ཕྱོགས་རྒྱ་མཚོ་ནང་བཞེངས་ཏེ་ཡོད་མི་ རྣམ་སྣང་གངས་ཅན་མཚོ་རྒྱལ་གྱི་དབུའི་གཙུག་ཏོར་ནོར་བུ་ཆུ་ཤེལ་ལས་གྲུབ་མི་དེ་དང་ཕྱེདཔ་ཨིན་ཟེར་ཨིན་མས།
དུས་ཚོད་དེ་གི་སྐབས་ལུ་ སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། དྲང་སྲོང་རྀ་ཥིའི་བདེན་ཚིག་གྲུབ་པའི་རྟེན་འབྲེལ་ལས་བརྟེན་ཏེ་ སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལས་བདུད་རྩི་གི་ཆུ་རྒྱུན་བབས་མི་དེ་གིས་ གངས་ཆུ་འབབ་ཆུ་ལ་སོགས་པའི་འཛམ་གླིང་གི་ཆུ་དེ་ཚུ་ག་ར་ བདུད་རྩི་ལུ་བསྒྱུར་ནི་དེ་གིས་ དུས་ཚོད་དེ་ལུ་སྐུ་ཁྲུས་གནང་པ་ཅིན་ ལུས་ཀྱི་ནད་དང་སེམས་ཀྱི་སྒྲིབ་པ་དེ་ཚུ་དག་ཚུགས་ཟེར་བཤདཔ་ཨིན་མས།

གཉིས་པ་གནམ་རིག་སྐར་རྩིས་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་ཅིག་ཞུ་བ་ཅིན།
གནམ་དགུན་གྱི་དུས་ཚོད་ལུ་ ཉིམ་དེ་འཛམ་གླིང་ཚངས་ཐིག་གི་འོག་ལས་འགྱོ་ནི་དེ་གིས་ འཛམ་གླིང་བྱང་མའི་སྟེང་ལུ་དྲོད་ཤུགས་ཆུང་ནི་དང་། ཆར་ཆུ་མེད་ནི་དེ་གིས་ སྲོག་ཆགས་འབུ་སྲིན་དེ་ཚུ་ཡང་ ཉུངམ་ཨིན།
དེ་ལས་གནམ་བྱར་གྱི་དུས་ལུ་ ཉིནམ་དེ་ འཛམ་གླིང་ཚངས་ཐིག་གི་སྟེང་ལས་ཕར་འགྱོ་ནི་དེ་གིས་ འཛམ་གླིང་བྱང་མའི་སྟེང་ལུ་དྲོད་ཤུགས་ཚ་ཤོས་དང་ ཆརཔ་གི་དུས་ཚོད་ངོ་མ་དེ་འགོ་བཙུགསཔ་ཨིན། ཆརཔ་གི་དུས་ཚོད་དེ་ལུ་ ཆུ་དེ་ཚུ་དུག་ལུ་འགྱུརཝ་ཨིན་ཟེར་བཤད་ནི་ཡོད། དེ་སྦེ་བཤད་དགོ་མི་དེ་ཡང་ དུས་ཚོད་དེ་ལུ་ གནམ་ཁར་ཐལཝ་གིས་གང་སྟེ་ཡོདཔ་ལས་ གནམ་ལས་འབབ་པའི་ཆར་ཆུ་དེ་ཡང་དུག་གི་རང་བཞིན་བཟུམ་ཅིག་དང་། ས་དང་ཆུ་ལུ་ དྲོད་གཤེར་ལས་སྐྱེས་པའི་སྲོག་ཆགས་འབུ་སྲིན་གྱངས་ཁ་མ་ཆོདཔ་ཅིག་སྐྱེས་ནི་དེ་གིས་ གངས་ཆུ་འབབ་ཆུ་ལ་སོགས་པའི་ཆུ་དེ་ཚུ་ཡང་ དུག་ཆུ་བཟུམ་ཅིག་སྦེ་བརྩིཝ་ཨིན།
བྱར་གི་ཉིན་ལོག་ཐལ་ཏེ་ཟླ་བ་གསུམ་གྱི་ཤུལ་མ་ སྟོན་ཀ་ཉིན་མཚན་མཉམ་པའི་དུས་དེ་ལུ་ ཁྲུས་འབབ་ཀྱི་ཉིནམ་ཟེར་བརྩི་ནི་དང་། དེ་ལས་འགོ་བཟུང་སྟེ་ཆུ་དེ་ཚུ་བདུད་རྩི་ལུ་འགྱུརཝ་ཨིན་ཟེར་བཤདཔ་ཨིན། དེ་སྦེ་བཤད་དགོ་མི་དེ་ཡང་ དུས་ཚོད་དེ་ལས་འགོ་བཟུང་སྟེ་ ཉི་མའི་དྲོད་ཤུགས་འཛམ་གླིང་ལྷོ་མའི་སྟེང་ལུ་ཡར་སོངམ་ལས་ འཛམ་གླིང་བྱང་མའི་སྟེང་ལུ་ རང་བཞིན་གྱིས་བསིལ་བཏགས་ཏེ་ སྲོག་ཆགས་འབུ་སྲིན་རིམ་གྱིས་ཡལ་ཏེ་ གངས་ཆུ་འབབ་ཆུ་དེ་ཚུ་ཡང་གཙང་ཏོག་ཏོ་འོང་ནི་དང་། གནམ་གྱི་ཐལ་རྡུལ་དེ་ཡང་ གནམ་བྱར་གྱི་ཆརཔ་གྱིས་བཤལ་བཏང་ནི་དེ་གིས་ ཆར་ཆུ་བབས་རུང་ ཧིང་སངས་ས་འོང་ནི་དེ་གིས་ ཆུ་དེ་ཚུ་བདུད་རྩི་ལུ་འགྱུརཝ་ཨིན་ཟེར་བཤདཔ་ཨིན།

གསུམ་པ་རྒྱ་གར་འཕགས་པའི་ཡུལ་གྱི་སྔར་སྲོལ་ལམ་ལུགས་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་ཅིག་ཞུ་བ་ཅིན།
གོང་ལུ་ཞུ་མི་རྒྱུ་མཚན་དེ་ལུ་བརྟེན་ཏེ་ གནམ་བྱཱ་གི་ཆར་ཆུ་ལངས་པའི་དུས་ཚོད་ལུ་ ས་ཁར་འབུ་སྲིན་གྲངས་མེད་ཡོད་ནི་དེ་གིས་ ཧེ་མ་རྒྱ་གར་འཕགས་པའི་གཡུས་ཁ་ལུ་བཞུགས་མི་ ཕྱི་རོལ་པའི་དྲང་སྲོང་དང་ ནང་པའི་དགེ་སློང་ག་ར་ཨིན་རུང་ དུས་ཚོད་དེ་མ་རྫོགས་ཚུན་ཚོད་ ག་ཏེ་ལུ་ཡང་མི་བྱོན་པར་ རང་གི་བཞུགས་གནས་དེ་ཁར་ དབྱར་གནས་བཞུགས་ནི་དང་། ཆུ་དེ་ཚུ་ཡང་ཆུ་བཙགས་རྐྱབ་སྟེ་བཞེས་སྲོལ་ཡོད་དོ་བཟུམ་སྦེ་ ང་བཅས་རའི་འབྲུག་ཡུལ་འདི་ནང་ཡང་ གནམ་བྱར་གྱི་དུས་ལུ་དབྱར་གནས་གནང་སྟེ་ར་ཡོད།
ཆར་དུས་ཚར་ཞིནམ་ལས་ དགག་དབྱེ་ཟེར་ ཧེ་མ་ག་སྟེ་ལུ་ཡང་འགྱོ་མ་ཆོག་པའི་མཚམས་བཙུགས་སྟེ་བཞག་མི་འདི་ ཁ་ཕྱེ་ཞིནམ་ལས་ གཞན་ཁ་ལུ་འགྱོ་ནི་གི་གནང་བ་བྱིནམ་ཨིན།  དེ་འབད་གནང་སྲོལ་ཡོད་མི་དེ་ཡང་  གནམ་བྱ་ལུ་ཆུ་དུག་ལུ་འགྱུར་བའི་དུས་ཚོད་དང་། སེར་ཁའི་དུས་དེ་ལས་འགོ་བཙུགས་སྟེ་ ཆུ་བདུད་རྩི་ལུ་འགྱུར་བའི་ལོ་རྒྱུས་དང་འབྲེལ་བ་སྦོམ་སྦེ་ཡོད་ནི་དེ་གིས་ཨིན་མས་ཟེར་ཞུ་ནི་ཨིན།
༼༤༽ དོགས་དཔྱོད།
གོང་ལུ་ཞུ་མི་དེ་ལུ་དོགས་དཔྱོད་ཆུང་ཀུ་ཅིག་ཞུ་བ་ཅིན། རྒྱ་གར་གྱི་ལུགས་སྲོལ་ལྟར་དུ་འབད་བ་ཅིན་ དབྱར་གནས་ཟླ་བ་གསུམ་བཞུགས་དགོཔ་ཨིན་རུང་ བོད་དང་འབྲུག་གི་ས་གནས་དེ་ཚུ་ནང་ གསོ་སྦྱོང་གསུམ་ཟེར་ཞག་གྲངས་བཞི་བཅུ་ཞེ་ལྔ་ལས་བཞུགས་མ་དགོ་མི་དེ་ རྒྱ་གར་གྱི་ས་གནས་དེ་ཚུ་ ཆར་དུས་ཀྱི་སྲོག་ཆགས་སྐྱེས་པའི་དུས་ཚོད་མང་ནི་དང་། བོད་དང་འབྲུག་གི་ས་གནས་དེ་ཚུ་ དུས་ཚོད་དེམ་ཅིག་མེད་ནི་དེ་གིས་ཨིན་ནི་དང་།
དེ་ལས་ ཁྲུས་འབབ་ཀྱི་དུས་དང་ དབྱར་གནས་གྲོལ་བའི་དགག་དབྱེ་གི་དུས་ཚོད་མ་འདྲཝ་བྱུང་མི་དེ་ཡང་ དབྱར་གནས་དང་དགག་དབྱེ་དེ་ ཟླ་བའི་ཚེས་ཞག་དང་བསྟུན་ཏེ་བརྩི་ནི་དང་། ཁྲུས་བབས་འདི་ ཉི་མའི་ཁྱིམ་ཞག་ཟེར་མི་དེ་ལུ་བརྟེན་ཏེ་བརྩི་དགོ་ནི་དེ་གིས་ དུས་ཚོད་སྔ་ཕྱི་མ་འདྲ་བའི་ཁྱད་པར་ཆུང་ཀུ་ཅིག་བྱུངམ་ཨིན་མས་ཟེར་ཞུ་ནི་ཨིན།།

མཇུག་རང་ ད་རེས་དབྱིན་ལོ་ ༢༠༡༤ རང་ཟླ་བདུན་པའི་ཚེས་ ༢༩  དབྱིན་ཟླ་དགུ་པའི་དབྱིན་ཚེས་ ༢༣ གྱི་ཉིན་དེ་ལུ་ ཁྲུས་བབས་ཀྱི་དུས་ཚོད་འདི་ དྲོ་པ་ཆུ་ཚོད་བརྒྱད་དང་སྐར་མ་ཉེར་བཞི། ༼དུས་ཚོད་བརྩི་ཐངས་མ་འདྲཝ་ཆུང་ཀུ་ཅིག་ཡོདཔ་ཨིན། དེ་ཡང་ནམ་ལངས་ཡོས་ཀྱི་དུས་ཚོད་འདི་ཆུ་ཚོད་ལྔ་དང་དྲུག་ཟེརཝ་ད་ ཆུ་ཚོད་བཞི་དང་སྐར་མ་གཅིག་ལས་དྲུག་ཚུན་ཚོད་བརྩི་བ་ཅིན། ཁྲུས་བབས་ཀྱི་དུས་ཚོད་འདི་ ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུ་རྩ་བཞི་ལུ་ཕོགཔ་ཨིན་རུང་། དུས་ཚོད་ཀྱི་འོས་འབབ་འདི་ ལྔ་དང་དྲུག་ཟེརཝ་ད་ ལྔ་ལས་འགོ་བཙུགས་ཏེ་དྲུག་དང་ང་དགུ་ཚུན་ཚོད་ཕོག་ནི་ཨིནམ་ལས་ ཁྲུས་བབས་ཀྱི་དུས་ཚོད་འདི་ཆུ་ཚོད་དགུ་དང་སྐར་མ་ཉི་ཤུ་རྩ་གསུམ་ལུ་ཕོག་ནི་ཨིན་མས། ༽ ལུ་ཨིནམ་ལས་ དུས་ཚོད་དེ་ཁར་ སྐུ་ཁྲུས་གནང་པའི་སྐབས་ལུ་ ཕྱི་ལུས་ཀྱི་དྲེག་པ་བཤལཝ་དང་ཅིག་ཁར་ ནང་སེམས་ཀྱི་མནོ་བསམ་ངན་པ་དེ་ཚུ་ཡང་ ག་ར་བཤལ་ཏེ་བཏང་ཞིནམ་ལས་ བསམ་པ་བཟང་པའི་མི་ཅིག་ལུ་འགྱུར་ཚུགས་པའི་རེ་བ་དང་སྨོན་ལམ་སྦོམ་སྦེ་ཡོད།

No comments: