༄༅། །བག་རྩིས་ཀྱི་འགྲེལ་པ་ནམ་མཁའི་ནོར་བུ་ཞེས་བྱ་བ་བཞུགས་སོ།།
དང་པ་ལོའི་མཐུན་བསྡེབས།
༄༅། །གཉིས་པ་ཁབ་སོ་བག་མའི་རྩིས། །བོད་རྩིས་ཀུན་གྱི་བཅུད་ཕྱུང་བ།
།ལོ་དང་སྤར་སྨེ་མཐུན་བསྡེབ་དང་།
།བརྫངས་ལུགས་དང་བཅས་རྣམ་པ་བཞི།།
དང་པོ་ལོ་ཁམས་ཁྱོ་ཤུགས་གཉིས།
།བདུན་ཟུར་འཕྲད་དམ་དུར་ལོ་འཕྲད།
།ལོ་སྐར་ཆེ་ཆུང་དག་འཕྲད་ན། །དེ་དག་སོ་སོའི་བཅོས་རིམ་དང་།
།ཁྱད་པར་བདུན་ཟུར་ལ་བབ་ན།
།སྙིང་རྗེ་པད་ཀར་མཚན་བརྗོད་དོན།
།ཡུལ་ལྷའི་གཏོར་སྐུ་དག་ཀྱང་གཟུགས།
།དུར་མིག་ལ་བབ་དུར་འདོན་དང་།
།བགྲེས་མོས་ཞུས་མདོ་ཚར་མང་ཀློག
།ལོ་སྐར་ཆེ་ཆུང་ཉེས་སེལ་དང་།
།དག་པ་གསེར་མདོ་ཚེ་མདོ་བསྒྲགས།།
ལྕགས་ཀྱི་ཁྱི་ཕག་བྱི་གླང་བཞི།
།ལྕགས་བཞི་ཡིན་ཏེ་ནང་མི་བསྡེབས།
།དེ་བཞིན་མེ་ཡི་སྟག་ཡོས་དང་།
།འབྲུག་སྦྲུལ་རྟ་ལུག་སྤྲལ་བྱ་བཅས།
མེ་བརྒྱད་ཕན་ཚུན་ནང་མི་བསྡེབས།
།བསྡེབས་ན་ལྕགས་བཞི་མེ་བརྒྱད་རྣམས།
།སོ་སོའི་མདོས་དང་འཁོར་ལོ་གདགས།།
༈ ལྕགས་བྱ་མེ་ཕག་ས་སྤྲེལ་འབྲུག
།ལྕགས་ལུག་ལྕགས་ཀྱི་མེ་གླང་བཅས།
།ཐན་པ་མེ་བདུན་ནང་བསྡེབས་ན།
།ས་བདག་སྙིང་བཅོས་འཁྲུགས་བཅོས་བྱ།།
༈ ལྕགས་ཀྱི་བྱ་ཁྱི་མེ་གླང་སྤྲེལ།
།ས་འབྲུག་ཆུ་སྦྲུལ་སྐར་ཆུང་དྲུག
།བསྡེབས་ན་མདོ་སྡེ་ཕལ་ཆེན་སྒྲོགས།།
༈ ཆུ་སྟག་མེ་སྟག་ཆུ་མོ་སྦྲུལ།
།ལྕགས་དང་ཤིང་གི་སྤྲེལ་ཕག་བདུན།
།སྨེ་བ་གཉིས་ནག་ལ་སྐྱེས་པ།
།ལོ་ནག་མཆེ་བ་ཅན་དུ་གྲགས།
།བསྡེབས་ན་ཡུགས་ཕུད་བྱུར་ཕུད་བྱ།
།དེ་སྟེང་མེ་ཡི་ས་སྤྲེལ་བྱི།
།ཆུ་ཕག་ལྕགས་བྱ་གཉིས་ནག་ལོ།
།བསྣན་པས་ནག་བསྡུས་ལོ་བཅུ་གཉིས།
།དེ་དག་ཕན་ཚུན་བསྡེབས་པ་མིན།
།བསྡེབས་ན་ས་བདག་དབང་ཆེན་དང་།
།གཉིས་ནག་སྨེ་བའི་བཅོས་རིམ་དང་།
།བཀྲ་ཤིས་བརྩེགས་པ་གང་མང་བཀློག།
༈ མེ་སྦྲུལ་ཆུ་ཕག་ཆུ་ཤིང་བྱ།
།ལྕགས་ལུག་ས་བྱ་ལྟས་ངན་ལོ།
།དེ་ལ་ས་བདག་སྙིང་བསྡུམ་བྱ།།
༈ ལུག་དང་སྦྲུལ་གཉིས་རྟ་དང་འབྲུག
།གཤེད་བཞི་བྱི་ཕག་བསྡེབས་པ་ན།
།གཡང་ལེན་གོད་མནན་ཀག་བཟློག་བྱ། །ས་བྱི་ཆུ་ལུག་བསྡེབས་པ་ན།
།ཉེས་པ་ཀུན་སེལ་གཏོ་ཡིས་བཅོས།།
༈ དེ་ལས་གཞན་པའི་ལོ་རྟ་རྣམས།
།མཐུན་པ་ཉིད་དུ་གཅེས་པར་བཟུང་།།
༈ གཞན་ཡང་འབྱུང་བ་ཁམས་འཕྲོད་རྩིས།
།སྲོག་ལུས་དབང་ཀླུང་བཞི་པོ་ལ། །སྲོག་ཀླུང་སྐྱེས་པར་རྩིས་བྱར་བཟུང་།
།བུད་མེད་སྲོག་ཀླུང་གཉིས་ལ་འཐབ། །ལུས་དབང་བུད་མེད་རྩིས་བྱར་བཟུང་།
།སྐྱེས་པའི་ལུས་དབང་གཉིས་ལ་འཐབ། །དེ་དག་བཞི་ཀར་མ་བུ་འཕྲད།
།ལས་ཀྱི་ཆུང་མ་ཞེས་ཏེ་བཟང་། །གཞན་དུ་སྲོག་ལུས་དབང་ཀླུང་རྣམས།
།མ་བུར་གྲོགས་འཕྲད་མཐུན་པ་སྟེ། །དགྲ་དང་འཕྲད་ན་མཐུན་པ་མིན།
།ནང་འཕྲད་མེ་ལྕགས་ཤིང་གསུམ་འབྲིང་། །ས་ཆུ་ནང་འཕྲད་འགྱུར་ན་བཟང་། །སྲོག་མ་མཐུན་ན་སྲོག་བསླུ་དང་།
།འཆི་བསླུ་ཚེ་ཆོག་དུར་སྲི་མནན། །སྲོག་བསྐྱེད་འཁོར་ལོ་སྐྱེས་པར་འདོགས།
།ལུས་མ་མཐུན་ན་སྲིད་སྤེལ་དང་། །ཆུང་མར་ལུས་བསྐྱེད་འཁོར་ལོ་བཏགས།
།དབང་ཐང་མི་མཐུན་གཡང་ལེན་དང་། །ཚོགས་གསོག་སྦྱིན་པ་རྒྱ་ཆེན་གཏོང་།
།མདོ་སྡེ་གསེར་འོད་ཚར་མང་བཀླག །དབང་བསྐྱེད་འཁོར་ལོ་ཆུང་མར་འདོགས།
།ཀླུང་རྟ་མི་མཐུན་དགྲ་བཟློག་དང་། །མི་ཁའི་བཟློག་པ་དགྲ་མནན་དང་།
།ལམ་འཕྲང་བཅོས་དང་ཟམ་ཆད་འཛུགས། །སྐྱེས་པར་ཀླུང་བསྐྱེད་འཁོར་ལོ་གདགས།།
གཉིས་པ་སྤར་ཁའི་མཐུན་བསྡེབས།
༈
གཉིས་པ་སྤར་ཁའི་མཐུན་བསྡེབས་ནི། །ཁྱོ་ཤུགས་སྐྱེས་སྤར་སོ་སོར་སྤྲད།
།གནམ་སྨན་དང་ནི་དཔལ་བསྐྱེད་དང་། །སྲོག་འཚོ་ཕྱྭ་ལོན་འཕྲད་ན་བཟང་།
།དེས་ན་དེ་དག་བརྩི་མི་དགོས། །གཞན་དག་འདྲེ་ལྔ་དང་འཕྲད་པ།
།ལི་དྭ་གྲྭ་ལྔ་ནོར་རྒྱུན་བཀླག །ཁོན་ཟོན་གྲྭ་ལྔ་ཚེ་མདོ་བསྒྲགས།
།གིན་ཁམ་གཤིན་རྗེའི་བཟློག་པ་དང་། །དགྲ་སྲི་མནན་པ་མར་མེ་འབུལ།
།ཁེན་ཟིན་མདོ་སྡེ་བསྐལ་བཟང་དང་། །སྟོབས་པོ་ཆེ་འདོན་སཱ་ཙྪ་འདེབས།
།དེ་བཞིན་བདུད་གཅོད་འཕྲད་པ་དང་། །ལི་ཁེན་བདུད་བཟློག་དམ་སྲིད་དཀར།
།དྭ་ཟིན་མཚན་བརྗོད་སྡོང་བརྒྱན་འདོན། །ཁོན་ཁམ་ཏོག་གཟུངས་སྤྱི་མདོས་བྱ།
།གིན་ཟོན་ཕལ་ཆེན་ཏོག་གཟུངས་བཀླག །གནམ་ཁྱི་ནག་པོའི་མདོས་ཀྱང་བྱ།
།ལུས་ཆད་ལི་ཁོན་ཤེར་ཕྱིན་བཀློག །དྭ་ཟིན་ས་བདག་གཏེར་མདོས་དང་། །ཚེ་ཆོག་ལེན་མེད་སྟོན་མོ་གཏོང་།
།གིན་ཟོན་བསྐོར་བའི་ཕན་ཡོན་འདོན། །ཁེན་ཁམ་དགྲ་བཟློག་དགྲ་སྲི་མནན།
།གནོད་པ་ཞེས་བྱ་ལི་གིན་གཉིས། །ལེན་མེད་སྟོན་མོ་ནོར་གཡང་ལེན།
།ཁོན་ཟོན་གྲྭ་ཏོག་ཕལ་ཆེན་བཀླག །དྭ་ཁམ་བྱེ་བྲལ་གཏོ་བཅོས་དང་།
།འཕགས་པ་དཀོན་མཆོག་བརྩེགས་པ་བསྒྲགས། །སྤར་ཁ་ནང་འདོམ་དག་ལ་ཡང་།
།རང་རང་གཞུང་གི་བཅོས་རིམ་བྱ།།
༈
གསུམ་པ་སྨེ་བའི་མཐུན་བསྡེབས་ནི། །ཡར་བཞི་སྲོག་ལ་མར་བཞི་དབང་།
།གང་སྐྱེས་ལུས་སྨེ་མཐུན་གསུམ་ཀླུང་། །རྒྱས་ན་དེ་དག་བཞི་ཀ་བརྩི།
།བསྡུ་ན་སྐྱེས་སྨེ་ཁོ་ན་གཙོ། །སྐྱེས་པའི་ལྔ་སེར་གཉིས་ལ་བརྩི།
།བུད་མེད་ལྔ་སེར་བདུན་ལ་བརྩི། །དགུ་གཅིག་གཉིས་དྲུག་བདུན་བརྒྱད་དང་།
།གསུམ་བཞི་གནམ་སྨན་རབ་ཀྱི་རབ། །དགུ་གསུམ་གཉིས་བརྒྱད་བདུན་དྲུག་དང་།
།བཞི་གཅིག་སྲོག་འཚོ་རབ་ཀྱི་འབྲིང་། །དགུ་བཞི་བདུན་གཉིས་དྲུག་བརྒྱད་དང་།
།གསུམ་གཅིག་དཔལ་བསྐྱེད་རབ་ཀྱི་ཐ། །དགུ་དགུ་བརྒྱད་བརྒྱད་བདུན་བདུན་དང་།
།དྲུག་དྲུག་ཕྱྭ་ལོན་འབྲིང་གི་རབ། །དེ་དག་གང་དང་གང་འཕྲད་ཀྱང་།
།བསམ་དགུ་འགྲུབ་ལ་ནོར་ཕྱུགས་འཕེལ། །ཚེ་རིང་བུ་མང་གྲོགས་ཡུན་རིང་།
།གཅིག་གཅིག་གཉིས་གཉིས་གསུམ་གསུམ་དང་། །བཞི་བཞི་ཕྱྭ་ཉམས་འབྲིང་གི་འབྲིང་།
།གོད་མནན་གཡང་ལེན་ཡུལ་ལྷ་མཆོད། །དགུ་བརྒྱད་བཞི་དྲུག་བདུན་གཅིག་དང་།
།གཉིས་གསུམ་གནོད་པ་འབྲིང་གི་ཐ། །གཡང་ལེན་ནོར་རྒྱུན་ཕུར་བཟློག་བྱ།
།དགུ་བདུན་དྲུག་གསུམ་བརྒྱད་གཅིག་དང་། །བཞི་གཉིས་འདྲེ་ལྔ་ཐ་མའི་རབ།
།འབུམ་ཆུང་སྡེ་ལྔ་ལྕགས་མཆུ་འདོན། །མར་མེ་ལོ་གྲངས་ཕྱོགས་དེར་བསྐྱལ།
།དགུ་དྲུག་གཉིས་གཅིག་གསུམ་བདུན་དང་། །བརྒྱད་བཞི་བདུད་གཅོད་ཐ་མའི་འབྲིང་།
།རྒྱ་ཆེ་རོལ་འདོན་སཱ་ཙྪ་གཏོང་། །བདུད་མདོས་དགྲ་བཟློག་དགྲ་མནན་བྱ།
།དགུ་གཉིས་བདུན་བཞི་དྲུག་གཅིག་དང་། །བརྒྱད་གསུམ་ལུས་ཆད་ཐ་མའི་ཐ།
།མདོ་མང་ཀློགས་ཅིང་ཕུང་སྲི་མནན། །རྒྱལ་མདོས་མ་མདོས་ཐེའུ་འབྲང་དཀར།
།ཚོགས་བསགས་ཀུན་ཐུབ་འཁོར་ལོ་བཏགས། །བསོད་ནམས་དབང་ཐང་བསྐྱེད་ཐབས་འབད།
།ཁྱོ་ཤུགས་ལྔ་སེར་ནང་འདོམས་ན། །རྩིས་མེད་སྟོང་པའི་འཁོར་ལོ་བཞེས།
།ལྷ་མཆོད་དཀོར་བདག་དམ་སྲི་བཅོས། །སྤྱིར་ནི་བག་མ་གཉིས་ནག་ལོ།
།ཁྱིམ་གསུམ་འགྲིམས་སམ་ཡུགས་གསུམ་ལུས། །ཁྱད་པར་ཕོ་བདུན་མོ་གསུམ་མཐིང་།
།འདོམ་ལ་བཅོས་པའི་ཐབས་མེད་པས། །འབད་པ་ཆེན་པོས་འཛེམ་པར་བྱ།།
ལམ་དུ་འཇུག་ཚུལ་གྱི་རྩིས།
༈
བཞི་པ་ལམ་དུ་འཇུག་པའི་ཚུལ། །ལོ་དང་སྤར་སྨེ་ཟླ་ཚེས་དང་།
།གཟའ་སྐར་ཕྱོགས་དང་ཆས་གོས་དང་། །སྣ་ལེན་བཞག་ས་དང་བཅས་པ། །རྣམ་པ་བརྒྱད་ལ་དང་པོ་ནི།།
ལོའི་སྒོ་ནས་བརྫངས་ཚུལ།
རང་ལོ་བདུན་ཟུར་ལོ་སྐར་ཟུང་།
།དགུ་མིག་དུར་མིག་བབ་དུས་ཡིན། །ལོག་མན་ལྕགས་བཞི་མེ་བརྒྱད་ཤར།
།དེ་དག་ལ་ངན་འགྲོ་དགོས་ན། །རང་རང་གཞུང་གི་བཅོས་རྣམས་དང་། །བྱེ་བྲག་བཅུ་གསུམ་ལ་འགྲོ་ན།
།རང་གླུད་བཅུ་གསུམ་དར་སྣ་ལྔའི། །ཐོད་བཅིངས་འབྲུ་ཕུལ་གང་བཅིངས་པ།
།དགྲ་ཕྱོགས་བསྐྱལ་ཞིང་ཉེར་ལྔ་ལ། །མར་མེ་སཱ་ཙྪ་ཟན་རྡོག་རྣམས།
།ཉེར་ལྔ་རེ་དང་རྣམ་འཇོམས་ནི། །ཉི་ཤུ་ལྔ་འདོན་སོ་བདུན་ལ།
།འབུམ་འདོན་ཀླུ་མཆོད་སྲི་མནན་དང་། །མར་མེ་སཱ་ཙྪ་བདུན་བདུན་བྱ། །བདུན་ཟུར་ལ་ནི་དགྲ་བཟློག་དང་།
།མགོ་གསུམ་ཤེར་ཕྱིན་ཚར་བདུན་ཀློག །དགུ་དུར་རྡོ་རྗེ་སྡེར་མོ་འདོན།
།གནམ་ལོ་སྨེ་བ་གཉིས་ནག་ཤར། །ལོ་ནག་མཆེ་བ་ཅན་ཞེས་ངན། །གསུམ་མཐིང་ལ་ཡང་དེ་དང་མཚུངས།།
སྤར་ཁའི་སྒོ་ནས་བརྫངས་ཚུལ།
༈ གཉིས་པ་སྤར་ཁ་སྐྱེས་སྤར་དང་།
།དུར་འདོམ་དགྲ་འདོམ་འདྲེ་བདུད་སོགས། །བབ་ན་རང་རང་བཅོས་རྣམས་བྱ།
།ཁྱད་པར་ཁེན་ཟོན་ལི་ལ་བབ། །སྤར་ཁའི་གནམ་ཁྱི་ཞེས་ཏེ་ངན། །དེ་དག་ངན་ཀྱང་འགྲོ་དགོས་ན།
།ལི་ལ་འབུམ་གཙུག་རྒྱ་རོལ་འདོན། །བཙན་མདོས་དབང་ཕྱུག་ཟོར་མདོས་བྱ།
།ཁོན་ལ་བགྲེས་ཞུས་ཏོག་གཟུངས་བསྡུས། །ས་སྙིང་བདུད་མདོས་ཀླུ་བསེན་མདོས།
།དྭ་ལ་སྣང་བརྒྱད་འཇམ་སྡུད་བཟང་། །བཙན་མདོས་དགྲ་བཟློག་ཁེན་ལ་ནི།
།ནམ་སྙིང་ལང་གཤེགས་ལྕགས་མཆུ་དང་། །རྒྱལ་པོ་བསྐྱལ་འདེབས་གཟའ་ཆོག་དང་།
།གནམ་ཁྱི་མདོས་དང་གནམ་སྒོ་བཅད། །ཁམ་ལ་སྤྲིན་ཆེན་པད་དཀར་དང་།
།ཀླུ་འབུམ་མཚོ་སྨན་དགུ་མདོས་བཏང་། །གིན་ལ་གླང་རུ་ལུང་བསྟན་དང་།
།རི་རབ་བརྩེགས་མདོས་པེ་ཧར་མདོས། །ཟིན་ལ་ཉི་ཁྲི་སྡོང་རྒྱན་འདོན།
།ཟོན་ལ་མ་མདོས་ཏོག་གཟུངས་བསྡུས། །གནམ་ཁྱི་མོའི་མདོས་ཀྱི་བཅོས།།
གསུམ་པ་སྨེ་བའི་སྒོ་ནས་བརྫངས་ཚུལ།
༈ གསུམ་པ་སྨེ་བ་བབ་སྨེ་དང་།
།ཕ་མའི་སྐྱེས་སྨེ་འཛོམས་པའོ། །ཀེག་ཕྲན་རྣམ་བཞི་འཛོམ་པ་དང་།
།གཉིས་གསུམ་མཐིང་ལྗང་ལྔ་སེར་འཛེམ། །འོན་ཀྱང་སྨེ་བའི་བཅོས་རིམ་ཡང་།
།གཅིག་དཀར་ཚོགས་གསོག་མཎྜལ་བྱས། །གཉིས་ནག་བརྒྱ་བཞི་བདུད་མདོས་དང་།
།རོ་དབྱུང་གཏོ་བྱ་གསུམ་མཐིང་ལ། །སྲིད་བསྒྲུབ་བྱེ་བྲལ་གཏོ་བཅོས་བྱ།
།བཞི་ལྔང་གྲྭ་ལྔ་ལྔ་སེར་ལ། །རྒྱལ་མདོས་འཁྲུགས་བཅོས་བདུན་དམར་ལ།
།དགྲ་བཟློག་བཙན་མདོས་གོད་འགྲེ་དཀར། །དགུ་དམར་ཕ་མིང་གཡང་ཁ་འགྲམ།
།གཡང་ལེན་གསེར་འོད་ནོར་རྒྱུན་གཟུངས།།
བཞི་པ་ཟླའོ་སྒོ་ནས་བརྫངས་ཚུལ།
བཞི་པ་རང་སྐྱེས་ཟླ་བ་དང་།
།དེ་ཡི་བདུན་ཟུར་ལ་ངན་པས། །འགྲོ་ན་འབུམ་ཆེན་སྡེ་ལྔ་འདོན།
།སྟག་ཡོས་ལུག་ཟླར་རྟ་སྦྲུལ་ཁྱི། །བྱ་སྤྲེལ་གླང་ཟླར་བྱི་ཕག་དང་།
།ཁྱི་འབྲུག་གླང་ལུག་འབྲུག་ཟླར་ངན། །འགྲོ་ན་དུར་ཁ་རལ་བ་སྟེ།
།འབྱུང་བ་ལྔ་ཡི་དུར་འདོན་བྱ། །གནམ་ལོའི་ཟླ་དང་དེའི་བདུན་ཟུར། །ལོ་སྐར་ཆེ་ཆུང་ཟླ་ནག་བཅས།
།སྤངས་ལ་གལ་ཏེ་འགྲོ་དགོས་ན། །མར་མེ་སཱ་ཙྪ་ལོ་གྲངས་བྱས།།
ལྔ་པ་ཚེས་གྲངས་གི་སྒོ་ནས་བརྫངས་ཚུལ།
༈
ལྔ་པ་ཚེས་གྲངས་གཅིག་གསུམ་བཞི། །ཉེར་གཅིག་ཉེར་གཉིས་ཉེར་བརྒྱད་སྤངས།
།གནམ་སྟོང་ལ་ནི་ཤིན་ཏུ་ངན། །བདུན་གསུམ་བག་མའི་གནམ་སྒོ་ཡིན། །ཁྱད་པར་ར་བཞི་ཉེར་བདུན་དང་། །འབྲིང་བཞི་བཅུ་བདུན་ཐ་ཆུང་བཞིའི།
།ཚེས་བདུན་ལ་ནི་སྤང་བར་བྱ། །ཉི་མ་རྟ་སྤྲེལ་ཁྱི་གསུམ་སྤང་།
།འགྲོ་ན་གཟུགས་བརྙན་བ་དན་འཕྱར། །གཞན་ཡང་བིཥྚི་རཱ་ཧུ་དང་།
།གཟའ་བདུན་གཟའ་རྒོད་ཟས་འཚོལ་དང་། །ཕུང་ཟོར་ཀི་ཀང་ཀ་ཁྱུང་དང་།
།དབུལ་ཉི་བར་ཁྱི་གནམ་ཁྱི་སྦྱོར། །ཀླུ་གཟའ་བཟློག་བཅས་ཉི་མ་དང་། །ཉི་ནག་ཆེ་ཆུང་རོ་དགུ་རྒྱུ།
།ཟིན་ཕུང་ཧལ་གནམ་ཟས་འཚོལ་དུས། །ཁྲ་དྲུག་མཆེ་ཅན་ངོམ་ཤིང་ཕྱོགས། །ཚེས་གཉན་ཀུན་སྤང་ཡང་ན་བསྒྲིབས།
།ཁྱད་པར་གནམ་ཁྱི་ཞག་འཁོར། །མཆུ་ལ་ཁ་མཆུ་ལྟག་པ་ལ། །ཕ་མིང་ལ་ངན་རྒྱབ་རབ་ཆད།
།སྣ་ལ་མི་བདག་འགུམ་པར་འགྱུར།།གཞན་ཡང་བཟང་ཡང་རྐང་པ་ལ། །ཕ་མིང་ནོར་ལ་གཟན་ཅེས་བཤད།།
དྲུག་པ་གཟའ་སྐར་འཕྲོད་སྦྱོར་དུས་ཚོད་ཀྱི་སྒོ་ནས་བརྫངས་ཚུལ།
༈ དྲུག་པ་གཟའ་སྐར་དུས་ཚོད་ནི།
།ཟླ་བ་ཕུར་བུ་པ་སངས་བཟང་། །ཉི་མ་མིག་དམར་ལྷག་སྤེན་ངན།།
༈ སྣར་མ་རྟ་ཆེན་དབོ་ས་རི།
།མོན་གྲེ་མོན་གྲུ་ཁྲུམས་སྟོད་དབྱུག །གཏོང་དང་ལན་པ་གཉིས་ཀ་བཟང་།
།མགོ་རྒྱལ་སྟོད་སྨད་ས་ག་དང་། །ནམ་གྲུ་ཆུ་སྟོད་ཆུ་སྨད་རྣམས།
།ཚུར་ལན་བཟང་ཡང་ཕར་སྟོང་ངན། །གྲོ་བཞི་ཚུར་ལེན་བཟང་བའང་བཤད། །རྟ་ཆུང་ལ་ནི་རུང་ཙམ་ཡིན།
།གཞན་དག་ཐམས་ཅད་ངན་པས་སྤང་།།
༈ དུས་སྦྱོར་ལུག་སྲང་སྡིག་སྲིན་དང་།
།འཆི་སྦྱོར་འཇིག་བདུད་མི་འཕྲོད་དང་། །མི་མཐུན་ཉི་མ་དག་ལ་ངན།།
༈ དུས་ཚོད་བདུན་ཟུར་དུར་བཤེད་དང་།
།གང་གི་དུས་གཉན་ཚེས་རྒྱུ་དང་། །ཁྱད་པར་གནམ་ཁྱི་ནག་མོའི་དུས། །སྲོད་དང་སྨེ་བདུན་འཆར་འཕྲལ་དང་།
།བག་མ་སྒོར་འདོན་བྱང་དུ་བལྟས། །དེ་བཞིན་སྡེབས་གཅིག་འཛོམས་ན་ངན།
།འགྲིགས་ན་བདུད་རྩི་ཐུན་མཚམས་བསྟུན།།
བདུན་པ་ཕྱོགས་ཀྱི་སྒོ་ནས་བརྫངས་ཚུལ།
༈ བདུན་པ་ཕྱོགས་ཀྱི་སྤང་བླངས་ནི།
།ལོ་འཁོར་གཙང་ཕྱོགས་དག་ནས་བརྫངས། །གཞན་དུ་སེ་བ་སེ་ཤར་དང་།
།ས་འཕྱག་དུས་འཛིན་སྲས་པོ་སྟེ། །ཁྱི་མགོ་ཝང་གིན་དམག་དཔོན་ལས།
།ས་བདག་གཞན་ཀུན་ངེས་པར་སྤང་།།
༈ ཟླ་འཁོར་ས་བདག་ཟླ་དངོས་དང་།
།པི་ལིང་ཧལ་ཁྱི་ཡང་འཁོར་དང་། །ས་རྒྱལ་ས་དམག་བསྟན་མ་དང་།
།ལྷ་ཆེན་བུམ་སྟོང་གནས་ཕྱོགས་སྤང་། །བྱེ་བྲག་གནམ་ཁྱིའི་མགོ་དང་ཁ།
།གྲེ་བ་སྦོ་སྨད་མཚན་མ་མཇུག །སྤང་ཁུང་རྐེ་མཇིང་འཕོང་རྣམས་ངན། །ཉམས་ན་ཧལ་ཁྱིའི་མདོས་ཀྱི་བཅོས།།
༈ སྤར་ཁའི་གནམ་ཁྱི་ཁེན་ཟོན་ལི།
།གཟའ་ཡི་གནམ་ཁྱི་ལྷག་རཱ་ཧུ། །ས་བདག་གནམ་ཁྱི་ཧལ་ཁྱི་ཏེ།
།ཁྱིམ་བདུན་ཁ་ལ་བྱོལ་ཞོས་བཤད།།
༈ བི་ཥྚི་རཱ་ཧུ་སྒྲ་གཅན་དང་།
།རྣལ་འབྱོར་མ་བརྒྱད་རྒྱུ་ཕྱོགས་སོགས། །སྤང་བར་གྲུབ་ན་ཤིན་ཏུ་གཅེས།།
༈ གནམ་སྨན་སྲོག་འཚོ་དཔལ་བསྐྱེད་སོགས།
།བཟང་བའི་ཕྱོགས་སུ་སྣ་དྲངས་ནས། །གོམ་པ་བརྒྱད་ཅུའི་བར་དུ་འགྲོ།
།དེ་ནས་ཅི་བདེར་བགྲོད་པར་བྱ།།
༈ མི་རུང་བཞིན་དུ་འདུ་གོས་སམ།
།ཡང་ན་ལྷ་ལ་མ་བཏགས་པར། །སྒྲིབ་ཤིང་སྐུ་གསུང་ཐུགས་རྟེན་དང་།
།མཚན་བརྗོད་རིང་སྲེལ་རྟེན་བྱིན་ལྡན། །ཀུན་ཐུབ་འཁོར་ལོ་རུས་སྦལ་ཁོག
།སྒང་ཐུར་རྨ་བྱ་བྱ་རོག་སྒྲོ། །ཁྲབ་བྱང་སྟག་རས་གྲུམ་པའི་སྤུ།
།དར་ཚོན་ལྔ་བཅས་ལུས་ལ་འཆང་། །གསེར་རམ་མཚལ་གྱི་ལག་མཐིལ་ལ།
།གཡས་སུ་ལྷ་དང་གཡོན་དུ་ཁྱུང་། །སེན་མོང་ལྷ་སྟག་ཁྱུང་འབྲུག་སེང་།
།རིམ་བཞིན་ཡི་གེར་བྲིས་ཀྱང་དགེ།
བརྒྱད་པ་ཆས་གོས་ཀྱི་སྒོ་ནས་བརྫངས་ཚུལ།
༈ བརྒྱད་པ་ཆས་གོས་སྣ་ལེན་སོགས། །རེ་འུ་མིག་གི་ནང་བཞིན་དང་།
།དབང་ཐང་སྐྱེལ་ལོ་ཕ་མ་འཛོམས། །དབང་པོ་སྐྱོན་མེད་མིང་ཤིས་པ།
།འབྲས་ཞོ་བུ་རམ་རྒུན་འབྲུམ་སོགས། །བཀྲ་ཤིས་ཟས་ཀྱི་ཞལ་གསོ་བྱ།།
༈ སྡོད་གནས་སྒོ་རྒྱབ་ཀ་བའི་རྩ།
།གླ་བག་མེད་དང་སྒོ་ཁང་མིན། །གདན་སྟེང་ནས་དཀར་གཡུ་དྲུང་བྲིས།།
༈ ཁ་ནི་རང་ལོ་གནམ་སྨན་དང་།
།སྲོག་འཚོ་དཔལ་བསྐྱེད་ཕྱྭ་ལོན་དང་། །དཀར་གསུམ་སྨེ་སོགས་བཟང་ཕྱོགས་བསྟན།།
༈ དང་པོ་འོང་དང་སླེབ་ཉིན་ལ།
།ཁྱིམ་དང་ཕ་མིང་གཉིས་ཀ་ནས། །སྣ་ལེན་འཇམ་དཔལ་མཚན་བརྗོད་དང་།
།གཙུག་ཏོར་གདུགས་དཀར་སྟོབས་པོ་ཆེ། །ཕྱོགས་བཅུའི་མུན་སེལ་གཟའ་སྐར་ཡུམ།
།སྨེ་བདུན་ཞེས་པ་སྐར་མའི་མདོ། །ཉེས་སེལ་རྒྱ་ནག་སྐག་བཟློག་དང་།
།རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་། །སྣང་བརྒྱད་དག་པ་གསེར་མདོ་དང་།
།ཤེར་སྙིང་ཚེ་མདོ་ཚེ་གཟུངས་དང་། །ནོར་རྒྱུན་བཀྲ་ཤིས་བརྩེགས་པ་བཅས།
།ཚར་གྲངས་བཅུ་གསུམ་ལ་སོགས་བསྐྱལ། །ས་བདག་འཁྲུགས་བཅོས་གནམ་ཁྱིའི་མདོས།
།སྲི་མནན་གཡང་ལེན་ལྷ་གསོལ་བྱ། །ཟབ་བཅོས་ཕན་གཏོ་དང་དུ་བླངས།། །།
No comments:
Post a Comment