Sunday, September 28, 2014

ཆོས་འཁོར་རིམ་པ་གསུམ།

སྐད་ཡིག རྫོང་ཁ། བློ་གསར་ཚུ་གི་དོན་ལུ་ཨིན།

    སངས་རྒྱས་ཀྱི་མཛད་པ་དེ་ཚུ་གི་གྲལ་ལས་མཛད་པ་རྒྱ་ཆོས་ཤོས་དང་བྱིན་རླབས་ཆེ་ཤོས་འདི་ ཆོས་ཀྱི་འཁོར་ལོ་སྐོར་མི་འདི་ཨིན། ཆོས་ཀྱི་འཁོར་ལོ་འདི་ལུ་ བཀའ་ཐོག་མཐའ་བར་གསུམ་ཟེར་ རིམ་པ་མ་འདྲཝ་གསུམ་སྦེ་ཡོད། དེ་ཡང་བཀའ་དང་པ་བདེན་བཞིའི་ཆོས་འཁོར། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཟེར་མི་དེ་ཚུ་ཨིན། 

༡༽ དེ་ལས་དང་པ་ བདེན་བཞིའི་ཆོས་འཁོར་ཟེར་མི་འདི་ སངས་རྒྱས་དགུང་ལོ་སུམ་ཅུ་སོ་ལྔ་ལུ་ གནས་མཆོག་རྡོ་རྗེ་གདན་ལུ་ ས་ག་ཟླ་བ་ཟེར་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལུ་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཚར་བའི་བདུན་ཕྲག་བདུན་གྱི་ཚེ་ ཆུ་སྟོད་ཟླ་བ་ཟེར་ ཟླ་བ་དྲུག་པའི་ཚེས་བཞི་ལུ་ གཡུས་ཝཱ་ར་ཎ་སི་ཟེར་སར་ འཁོར་ལྔ་སྡེ་བཟང་པོ་ལུ་ བདེན་པ་བཞིའི་སྐོར་ལས་གསུངས་མི་དེ་ལུ་བདེན་བཞི་ཆོས་འཁོར་ཟེར་སླབ་ཨིན།
བདེན་པ་བཞི་ཟེར་མི་དེ་ཡང་། ༡ སྡུག་བསྔལ་བདེན་པ། ༢ཀུན་འབྱུང་བདེན་པ། ༣ལམ་གྱི་བདེན་པ། ༤འགོག་པའི་བདེན་པ་དང་བཞི་ཨིན།
༢༽ གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་མི་འདི་ སངས་རྒྱས་ཚར་ཏེ་ལོ་ངོ་བཅུ་དྲུག་ལངམ་ད་ གཡུས་ རྒྱལ་པོའི་ཁབ་ བྱ་རྒོད་ཕུང་པོའི་རི་ལུ་ འཁོར་བྱང་ཆུབ་སེམས་དཔའི་ཚོགས་ལུ་ འབུམ། ཉི་ཁྲི། བརྒྱད་སྟོང་པ་ལ་སོགས་པའི་ཤེར་ཕྱིན་གྱི་ཆོས་གསུངས་མི་དེ་ལུ་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་སླབ་ཨིན།
དེ་ལུ་མཚན་མེད་པ་ཟེར་སླབ་དགོ་པའི་རྒྱུ་མཚན་འདི་ ཤེར་ཕྱིན་ནང་ལུ་ ཆོས་ཐམས་ཅད་ རང་གྱིས་མ་གྲུབ་པ་དང་ རང་གི་མཚན་ཉིད་ཀྱིས་མ་གྲུབ་ཟེར་གསུངས་ནི་དེ་གིས་ མཚན་ཉིད་མེད་པ་ཟེར་སླབ་ཨིན།
༣༽ བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་ཆོས་འཁོར་ཟེར་མི་འདི་ གཡུས་ ཡངས་པ་ཅན་ཟེར་ས་ལུ་ འཁོར་བྱང་ཆུབ་སེམས་དཔའ་དེ་ཚུ་གིས་སྟོན་པ་ལུ་དྲི་བ་ཅིག་ཞུཝ་ད་ དེ་གི་ལན་སྦེ་ཆོས་འཁོར་མཐའ་དེ་གསུངས་གསུངསམ་ཨིན་མས། དེ་ཡང་མདོ་སྡེ་དགོངས་འགྲེལ་ཟེར་མི་གཞུང་དེ་ནང་ལས་བཤད་དོ་བཟུམ་འབད་བ་ཅིན།  བྱང་ཆུབ་སེམས་དཔའ་ཡང་དག་འཕགས་ཟེར་མི་དེ་གིས་ སངས་རྒྱས་ལུ་དེ་སྦེ་ཞུ་ནུག སྟོན་པ་བཅོམ་ལྡན་འདས་ཀྱིས་ བདེན་བཞི་ཆོས་འཁོར་གྱི་སྐབས་སུ་ གཟུགས་ལ་སོགས་པའི་ཆོས་དེ་ཚུ་ཡོད་ཟེར་གསུངས་ནུག དེ་ལས་མཚན་ཉིད་མེད་པའི་ཆོས་འཁོར་གྱི་སྐབས་སུ་ དེ་ཚུ་ག་ར་རང་བཞིན་གྱིས་མ་གྲུབ་ཟེར་གསུངས་ནུག དེ་གཉིསཔ་དེ་འགལ་བ་བཟུམ་ཅིག་མཐོངམ་ཨིན་མས། དེ་ཚུ་ག་དེ་སྦེ་ཨིན་ན་ལགས། ཟེར་ཞུཝ་ད། སྟོན་པ་བཅོམ་ལྡན་འདས་ཀྱིས་ འདྲི་བ་དེ་གིས་ལན་ལེགས་ཤོམ་སྦེ་སོ་སོར་ཕྱེ་སྟེ་གསུངསམ་ལས་བརྟེན་ཏེ་ ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཟེར་སླབ་ཨིན།

No comments: