སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་རྒྱ་གར་འཕགས་པའི་མི་རིགས།
རྒྱ་གར་འཕགས་པའི་མི་རིགས་ཀྱི་འབྱུང་ཁུངས་ངོ་མ་འདི་རང་ ཨེ་ཤི་ཡ་དང་ཡུ་རོབ་ས་མཚམས་ཀྱི་ཨུ་རལ་གངས་རི་གི་ལྷོ་ཕྱོགས་ས་གནས་གཅིག་ལས་ཨིན་མས།[4] དེ་གི་མི་རིགས་དེ་ཚུ་ལས་སྡེ་ཚན་གཅིག་ནུབ་ཕྱོགས་ལུ་སོང་སྟེ་ཡུ་རོབ་མི་རིགས་ཀྱི་འབྱུང་ཁུངས་ཆགས་ཡོདཔ་དང་། སྡེ་ཚན་གཅིག་ཤར་ཕྱོགས་ལུ་འོང་སྟེ་ཏུར་ཀིས་ཐཱན་ལུ་གནས་གཞི་ཆགས་ཏེ་དུས་རབས་དག་པ་ཅིག་ལུས། དེ་ལས་ནང་གསེས་སྡེ་ཚན་གཅིག་ལྷོ་ནུབ་ཨི་རན་ཕྱོགས་ལུ་སོང་ཡོདཔ་དང་། ནང་གསེས་སྡེ་ཚན་གཅིག་ཤར་ཕྱོགས་ལུ་འོང་ཏེ་ཨཕ་གྷ་ནིས་ཐཱན་བརྒྱུད་དེ་ པ་ཀིས་ཐཱན་གྱི་པཉྗབ་ཀྱི་གཡུས་ཁར་གནས་གཞི་ཆགས་པའི་དུས་ཚོད་འདི་སྤྱི་ལོའི་གོང་ལོ་༡༥༠༠ཙམ་གཅིག་ལུ་ཨིན་མས།[5]
ཨིན་རུང་རྩོམ་རིག་གཅིག་ནང་ལས་འབད་བ་ཅིན། འཕགས་པའི་མི་རིགས་འདི་ཨུ་རལ་ལྷོ་ཕྱོགས་ལས་འོང་ཞིནམ་ལས་ ཆུ་བོ་ཨོ་ཛསི་(Ozus) ༼ཆུ་བོ་པཀྵུ[6]༽གི་ཉེ་འགྲམ་ས་མར་ཁཎྜ་(Samarkand) ཟེར་སར་གནས་གཞི་ཆགས་པའི་ཤུལ་ལུ་ སྡེ་ཚན་གཅིག་ཨིན་རན་ལུ་སོང་ཡོདཔ་དང་། སྡེ་ཚན་གཅིག་གིས་པ་མིར་དང་། ཧིནྡུ་ཀུཤ་(Pamir, Hindu kush) ཟེར་བའི་གངས་རི་བརྒལ་ཏེ་གངས་རི་མུཛ་ཏག་ཨ་ཏའི་(Muztagh Ata) ཉེ་འགྲམ་ལུ་གནས་གཞི་ཆགས། དེ་ལས་ཡང་སྡེ་ཚན་གཉིས་ལུ་གྱེས་ཏེ་རྒྱ་གར་ཕྱོགས་ལུ་འོང་མི་འདི་ལུ་ཨིན་དོ་ཨརྱན་(Indo Aryan) ཟེར་བའི་རྒྱ་གར་འཕགས་པའི་མི་རིགས་འདི་བྱུང་ཡོདཔ་དང་། མུཛ་ཏག་ཨ་ཏའི་ཉེ་འགྲམ་ལས་ཡར་ཀཎྜ་གྱི་ཆུ་བོ་ཏ་རིམ་(Tarim) ༼ཆུ་བོ་སཱི་ཏཱ།[7]༽ལུང་གཞུང་བརྒྱུད་དེ་གནས་གཞི་ཆགས་ཏེ་ཏོ་ཁ་རིན་(Tocharian) གྱི་ཁ་སྐད་རྐྱབ་མི་དེ་ཚུ་བྱུང་ཡི་ཟེར་ཨིནམ་དང།[8]ཤུལ་ལས་ནང་པའི་ཆོས་ལུགས་འདི་ རྒྱ་གར་ནུབ་བྱང་ལས་བརྒྱུད་དེ་པ་ཀིས་ཐཱན། ཨཕ་གྷ་ནིས་ཐཱན། ཏ་ཇ་ཀིས་ཐཱན། ཤིང་ཅང་། རྒྱའི་དར་ལམ་ཚུན་ཚོད་འཇམ་ཏོང་ཏོ་སྦེ་ཁྱབ་འགྱོ་ཚུགས་མི་འདི་ཡང་ རྒྱལ་ཁབ་དེ་ཚུ་གི་མི་རིགས་དང་རྩ་བའི་ཁ་སྐད་གཅིག་ཨིན་ནི་དེ་གིས་ཨིན་ཟེར་གསུངས་ནུག[9]
ག་ལས་བསྒོར་རུང་ རྒྱ་གར་འཕགས་པའི་མི་རིགས་འདི་ རྒྱ་གར་ནུབ་བྱང་ཕྱོགས་ལས་འོང་ཡོདཔ་དང་། ཁོང་གི་ཆོས་ལུགས་འདི་ཡང་ཧིནྡུ་རིག་བྱེད་ཀྱི་ཆོས་ལུགས་ཨིན་མས། ཁོང་དང་པ་པཉྗབ་གྱི་ས་གནས་ལུ་ལྷོད་པའི་སྐབས་ལུ་རིག་བྱེད་གསུམ་དེ་ཅིག་༼ངེས་བརྗོད་རིག་བྱེད། སྙན་ཚིག་རིག་བྱེད། མཆོད་སྦྱིན་རིག་བྱེད།༽ལས་མེདཔ་དང་། སྲིད་སྲུང་རིག་བྱེད་འདི་ཤུལ་ལས་རྩོམ་སྒྲིག་འབད་འབདཝ་ཨིན་མས། ཁོང་དང་པ་རྒྱ་གར་ནང་ལྷོད་པའི་སྐབས་ལུ་ལྷ་ཟེརཝ་སོ་སོ་གཅིག་མེད་པར་རང་བྱུང་ཁམས་ཀྱི་དངོས་པོ་ལུ་ལྷ་ཟེར་བརྩིཝ་ཨིན་མས། དཔེ་འབད་བ་ཅིན། འཇིག་རྟེན་མ་གྲུབ་པའི་སྐབས་ཀྱི་ནུས་པའི་རང་བཞིན་གྱི་སྟོང་པའི་ཁམས་ལུ་ཁྱབ་འཇུག་དང་། དེ་ལས་ཉིནམ་ལུ་ཚངས་པ། འཇིག་རྟེན་འཇིག་ཏེ་འགྱོ་ནི་ལུ་དབང་ཕྱུག་ཟེར་སླབ་ཨིནམ་དང་།[10]མེ་དང་ཆུ་དང་རླུང་ལ་སོགས་པ་དེ་ཚུ་ལུ་ མེ་ལྷ་ཆུ་ལྷ་རླུང་ལྷ་ཟེར་བཞག་དོ་བཟུམ་ཅིག་ཨིན།[11]ཨིན་རུང་ཤུལ་ལས་རིམ་གྱིས་འགྱུར་བ་འགྱོ་སྟེ་ ལྷའི་གྱངས་ཁ་ལེ་ཤ་འཕེལ་ཡོདཔ་དང་། ལྷ་དེ་ཚུ་ཡང་མི་བཟུམ་སྦེ་སེམས་ལྡན་གྱི་གང་ཟག་གཅིག་ལུ་ངོས་འཛིན་འབད་ནི་འགོ་བཙུགས་ཏེ་འཇིག་རྟེན་འདི་ལྷ་གིས་བཟོ་བཟོཝ་ཨིནམ་དང་། སྣོད་བཅུད་ཀྱི་བདེ་སྡུག་ག་ར་ལྷ་གིས་བཟོཝ་ཨིན་ཟེར་བའི་གནས་ཚུལ་ཚུ་ཡང་བྱུང་ནུག
མི་རིགས་ཀྱི་དབྱེ་བ་བཞི་བྱུང་ཚུལ།
འདི་ཡང་འཕགས་པའི་མི་རིགས་ལས་ཆོས་འབད་མི་དེ་ཚུ་བྲམ་ཟེའི་རིགས། སྲིད་དབང་སྐྱོང་མི་དེ་ཚུ་རྒྱལ་རིགས། ཚོང་ལས་ཞིང་ལས་གཙོ་བོར་སྟོན་མི་དེ་ཚུ་རྗེའུའི་རིགས། དེ་ལས་ཁ་དབང་མེད་པའི་ཉམས་ཐག་དང་། ལྷག་པར་དུ་གདོད་མའི་མི་རིགས་ཚུ་ལུ་དམངས་རིགས་ཟེར་བྲན་གཡོག་བཟུམ་ཅིག་ཨིན་མས། དེ་སྦེ་བྱུང་དགོ་པའི་རྒྱུ་རྐྱེན་འདི་ཡང་། སྟོབས་ཤུགས་ཅན་གྱི་འཕགས་པའི་མི་རིགས་ཀྱིས་རྒྱ་གར་གཡུས་ཁ་ལུ་བཙན་འཛུལ་འབད་བའི་སྐབས་ལུ་ གདོད་མའི་མི་རིགས་དང་དམག་འཁྲུགས་འཐབ་རྩོད་འབད་ཞིནམ་ལས་ རྒྱ་གར་ནུབ་བྱང་གི་ས་ཆ་མང་ཤོ་རང་གི་མངའ་འོག་ལུ་བསྡུ་བའི་སྒང་ལས་ གདོད་མའི་མི་རིགས་དེ་ཚུ་རྒྱ་གར་ལྷོ་ཕྱོགས་ལུ་བྲོས་བྱོལ་སོང་སྟེ་གནས་གཞི་ཆགས། དེ་ལས་ནུབ་བྱང་ལུ་འཕགས་པའི་མི་རིགས་དང་། ལྷོ་ལུ་གདོད་མའི་མི་རིགས་ཟེར་བའི་དབྱེ་བ་བྱུང་ཞིནམ་ལས་ཚུར་ལྷོ་བྱང་གཉིས་པོ་ཕྲལ་ཕྲལ་རང་དམག་འཁྲུགས་ལང་སྟེ་སྡོད་དོ་ཡོདཔ་ཨིན་ཟེར་རང་དབང་གསུམ་པ་ཟེར་མི་གློག་བརྙན་(Tisra Azadi) ནང་གསུངས་ཡོདཔ་དང་། དགའ་བྱེད་རཱ་མའི་རྟོགས་བརྗོད་(ramayan)ཀྱི་གཞི་བཞག་ས་ཡང་འདི་ཨིན་ཟེར་ སྲིད་བློན་ནེ་རུ་མཆོག་གིས་གསུངས་ནུག[12] དེ་ལས་འཕགས་པའི་མི་རིགས་ཀྱིས་ཁོ་རང་ཆོས་དང་ལྡན་པའི་ལྷ་སྦེ་བརྩི། ལྷོ་ཕྱོགས་པ་ལུ་ཆོས་ཀྱི་བཅུད་དང་མི་ལྡན་པའི་ལྷ་མ་ཡིན་ཟེར་བརྩིཝ་ཨིནམ་ལས་[13] ལྷ་དང་ལྷ་མ་ཡིན་གྱི་དམག་འཁྲུགས་ཡང་གོང་ལུ་ཞུ་མི་དེ་རང་ཨིན། དེ་ལས་ལྷ་དང་ལྷ་མ་ཡིན་གྱི་དམག་འཁྲུགས་ཀྱི་རྩ་བ་དཔག་བསམ་གྱི་ཤིང་འདི་ཡང་ གདོད་མའི་མི་རིགས་ཀྱི་རྒྱུ་ནོར་ཆུ་མོ་སིནྡྷུའི་ལུང་གཞུང་(Indus Velly) དང་། ཆུ་མོ་གངྒཱའི་ལུང་གཞུང་(Ganga Velly)དེ་ཚུ་ཨིན་མས།
དེ་ལས་གོ་ལས་སྦེ་འཕགས་པའི་མི་རིགས་ནང་འཁོད་ནང་ དབང་ཚད་ཀྱི་ཐོབ་དབང་སྐོར་ལས་སྟབས་མ་བདེཝ་བྱུང་ནུག འདི་ཡང་བྲམ་ཟེ་ཚུ་གིས་འབད་བ་ཅིན་ཆོས་ཀྱི་དབང་ཆ་ཡོད་ནི་དེ་གིས་ཁོང་ཆ་ཁྱབ་མཐོཝ་ཨིནམ་དང་། རྒྱལ་རིགས་ཚུ་གིས་འབད་བ་ཅིན། སྲིད་ཀྱི་དབང་ཆ་ཡོད་ནི་འདི་གིས་ཁོང་མཐོཝ་སྦེ་བརྩི་ནི་དེ་གིས་དང་པ་རང་རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་བར་ན་དམག་འཁྲུགས་ལང་། དེ་ལས་རིམ་པ་བཞིན་དུ་འཕགས་པའི་མི་རིགས་ནང་འཁོད་མ་འགྲིག་པའི་རྐྱེན་ངན་བྱུངམ་ལས་བརྟེན་ཏེ་ མི་རིགས་ཀྱི་དབྱེ་བ་བཞིཔ་འདི་བྱུང་ཡོདཔ་དང་།[14] མཧཱ་བྷཱ་ར་ཏའི་(Maha Bharat) སྲུང་གི་གཞི་བཞག་ས་ཡང་འདི་ཨིན་ཟེར་སྲིད་བློན་ནེ་རུ་མཆོག་གིས་གསུངས་ནུག
རིགས་བཞི་གི་དབྱེ་བ་དེ་རང་རང་སོ་སོ་གི་ལཱ་འབད་ཐངས་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་རུང་། ཤུལ་ལས་རིགས་བཞིའི་དབྱེ་བ་དར་ཁྱབ་འགྱོ་ཞིནམ་ལས་ཚུར། བྲམ་ཟེ་འདི་ལྷ་ཚངས་པའི་སྤྱལཝ་ལས་སྐྱེས་སྐྱེཝ་ཨིནམ་དང་། རྒྱལ་རིགས་ཕྱག་ལྟག་ཁ་ལས། རྗེ་རིགས་སྤུས་མོ་ལས། དམངས་རིགས་རྐང་པའི་འབོལ་ལས་སྐྱེས་སྐྱེཝ་ཨིན་ཟེར་བའི་རྫུན་གཏམ་བཤད་དེ། རང་རང་སོ་སོའི་རིགས་དང་མཐུན་པའི་ལཱ་འབད་ནི་མ་གཏོགས། རང་གི་རིགས་དང་འགལ་བའི་ལཱ་འབད་མ་ཆོགཔ་བཟོ་སྟེ། དམངས་རིགས་དེ་ཚུ་མི་བརྒྱུད་ལས་མི་བརྒྱུད་གཞན་གྱི་བྲན་གཡོག་རྒྱུགས་ཏེ་སྡོད་དགོཔ་ཐོན་ནུག
རྒྱ་གར་གྱི་རིག་གནས་གསར་བརྗེ།
འཕགས་པའི་མི་རིགས་ཀྱི་ཆོས་དེ་རིག་བྱེད་ཀྱི་ཆོས་ལུགས་(Vedic)ཨིནམ་ལས། ཁོང་གི་ལྟ་གྲུབ་ཀྱི་མནོ་བསམ་གཏང་ཐངས་དེ། སྣོད་བཅུད་ཀྱི་དངོས་པོ་ཡོད་ཚད་འཇིག་རྟེན་བྱེད་པ་པོའི་ལྷ་གིས་བཟོ་བཟོཝ་སྦེ་སྡོད་དོ་ཡོདཔ་དང། སྤྱོད་པ་ཉམས་ལེན་དེ་ཡང་། བྲམ་ཟེ་དང་རྒྱལ་རིགས་དེ་ཚུ་ཆུང་ཀུའི་སྒང་ལུ་སློབ་སྦྱོང་འབད། དེ་ལས་འཇིག་རྟེན་སྐྱོང་། བུ་གཞི་འཕོཝ་རྒྱགསཔ་ད་ཕམ་གཉིས་དབེན་པ་ལུ་ཆོས་འབད་བ་འགྱོ། ཆོས་ཀྱི་ཉམས་རྟོགས་ཆུང་ཀུ་ཅིག་ཐོབ་ཞིནམ་ལས་སྡོད་ས་གཅིག་ལུ་མི་སྡོད་པར། འཚོ་བ་བསོད་སྙོམས་ལུ་བསྟེན་ཞིནམ་ལས་གནས་ངེས་སྦེ་བཞུགས་ནི་གི་ལུགས་སྲོལ་ཡོདཔ་ཨིན།
ཨིན་རུང་དེམ་གཅིག་གི་བར་ན་བསམ་ཚུལ་མ་འདྲཝ་ཅིག་བྱུང་ཡོདཔ་ཨིན་མས། དེ་ཡང་གདོད་མའི་མི་རིགས་དང་། བསམ་བློ་གསར་པའི་མཁས་པ་ཚུ་ རིག་བྱེད་ཀྱི་ཆོས་ལུགས་དེ་གིས་འདོད་བློ་གང་མ་ཚུགས་པར་ ལྟ་གྲུབ་དང་སྤྱོད་པ་ཉམས་ལེན་མ་འདྲཝ་གསརཔ་ཐོན་དོ་ཡོདཔ་ཡོདཔ་ལས། རིག་བྱེད་མིན་པའི་ཆོས་ལུགས་(Non Vedic)དེ་ཚུ་བྱུང་ནུག རིག་བྱེད་མིན་པའི་ཆོས་ལུགས་ཀྱི་གྲངས་སུ་གྲངས་ཅན་པ། གཅེར་བུ་པ། རྒྱང་འཕེན་པ་ལ་སོགས་པ་ཐོན་ཏེ་ ལྟ་བའི་ཆ་ལས་འཇིག་རྟེན་བྱེད་པ་པོ་ཁས་མི་ལེན་པར་ སྣོད་བཅུད་ཀྱི་རྒྱུ་ག་ཅི་ཨིན་ན་མནོ་བསམ་གཏང་དོ་ཡོདཔ་དང་། སྤྱོད་པའི་ཆ་ལས་འཇིག་རྟེན་སྐྱོང་སྟེ་མེན་པར་ མི་ཚེ་གཅིག་དགེ་སྦྱོང་གི་ཆོས་འབད་དེ་བཞུགས་ནི་གི་གསར་བརྗེ་གསརཔ་ཅིག་ཐོན་པའི་ཁ་ལུ། སྐབས་དེ་གི་རྒྱ་གར་ཡུལ་འཁོར་བཅུ་དྲུག་གི་ཞིང་པའི་ཐོན་སྐྱེད་དང་དཔལ་འབྱོར་ཡར་རྒྱས་འགྱོ་སྟེ་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ལས་བསམ་བློ་གསརཔ་ལེ་ཤ་ཐོན་ཏེ་འགྱུར་བ་འགྱོ་ཆོག་ཆོག་སྦེ་སྡོད་པའི་དུས་སྐབས་གཅིག་ལུ་སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་འཛམ་གླིང་འདི་ནང་བྱོན་ནུག།[15]
No comments:
Post a Comment