Monday, September 8, 2014

དར་ལ་གློག་མེ་འཕྲུལ་ཁང་ནང་འགྱོ་བའི་སྐབས་ཀྱི་ལོ་རྒྱུས།

དར་ལ་གློག་མེ་འཕྲུལ་ཁང་ནང་འགྱོ་བའི་སྐབས་ཀྱི་ལོ་རྒྱུས།

ཚིག་འབྲུ་བཅུ་གཅིག་མ། ༢༢༢ ༢༡༢
རྫོང་ཁ་བརྡ་དོན་སྤྲོད་ལེན་སྦྱོང་བརྡར་གྱི་དོན་ལུ།།རྫོང་ཁའི་སློབ་དཔོན་ཆ་ཁྱབ་དགེ་འདུ་ལུ་འཛོམས་ཚེ།།
ཉིང་གྲངས་ལྔ་གི་རིང་ལུ་སློབ་སྦྱོང་དང་གཅིག་ཁར།།བལྟ་བཤལ་གོ་སྐབས་ཅིག་ཡང་འགོ་དཔོན་གྱིས་བཟོ་ནུག

ཚིག་འབྲུ་དྲུག་མ། ༢༢༢
སྤྱི་ལོ་ཉི་སྟོང་བཅུ་བཞིའི། །བདུན་པའི་སྤྱི་ཚེས་བཞི་གི།།
ཆུ་ཚོད་བཅུ་གཉིས་ཡོལ་ནས། སྐར་མ་བཞི་བཅུ་ཙམ་ལུ།།
དགེ་འདུའི་རྒྱལ་སྒོ་ན་ལས། །དར་ལའི་ཕྱོགས་ལུ་ཐོན་ཡི།།

ཚིག་འབྲུ་བརྒྱད་མ། ༡༢༢༢༡
ས་དར་ལ་ཕྱོགས་ཀྱི་ཆགས་ཉམས་འདི།།མི་སྒྱུ་མ་མཁན་གྱིས་བཟོ་བཟོཝ་བཟུམ།།
ཕྱོགས་གཡས་གཡོན་ག་ལས་བལྟ་རུ་རང་།།ཉམས་དགའ་བའི་ས་ཆ་ཨིན་མས་ས།།
ངའི་བཟའ་ཚང་ཨ་མའི་ཕ་ཡུལ་འདི།།གཡུས་འདི་གི་གཤམ་ལུ་ཨིན་ཟེར་མནོ།།
ང་དག་སྣང་ལྦ་བ་དཀརཝ་ལས་བརྟེན།།ད་སྤྲོས་སྤྲོས་མཐོང་རུ་རང་སེམས་འཁྲུལ།།

ཚིག་འབྲུ་བརྒྱད་མ། ༢༡༢༢༡
གཡུས་མིང་འདི་རིན་ཆེན་རྩེ་ཟེར་མས།།རིན་ཆེན་གྱི་རྩེ་ལུ་ཁང་བཟང་གཅིག།
ཐང་དཀར་གྱི་རྒོད་པོ་འཕུར་དོ་བཟུམ།།འཕུར་ནི་ར་བཟུམ་སྦེ་བཞེངས་ནུག་ས།།
མར་མར་ར་འགྱོ་སྟེ་བལྟཝ་ད་ལུ།།མཐོང་རྒྱ་ར་ཆེ་བའི་སྤོ་ཏོ་གུ།།
གློག་མེ་གི་ཡིག་ཚང་ལྟེ་བ་འདི།།དགའ་དགའ་ར་འདྲཝ་སྦེ་རྐྱབ་ནུག་ས།།

ཚིག་འབྲུ་བདུན་མ། ༢༡༢༢
དེ་ལས་འདི་མར་མར་བབས་སྟེ།།ལུང་པའི་གི་མདའ་ལུ་ལྷོདཔ་ད།།
བྱག་ཕུག་ནང་འཛུལ་སྒོ་བཟོ་སྟེ།།གློག་མེ་གི་ཁང་བཟང་བཞེངས་ནུག
ཆུ་ཚོད་འདི་གཉིས་དང་ཕྱེད་ལུ།།འཕྲུལ་ཁང་གི་སྒོ་ཁར་ལྷོད་ཅི།།
འཕྲུལ་ཁང་གི་ཨ་མ་དེ་ན།།འཛུལ་ནི་གི་རྟགས་འཛིན་ལེན་ཡི།།

ཚིག་འབྲུ་བརྒྱད་མ། ༢༢༡༢
འཛུལ་སྒོ་ན་ལས་སྦེ་འཛུལ་ཏེ།།གློག་མེ་འཕྲུལ་ཁང་ནང་ལྷོད་ཅི།།
དོན་མེད་གྱིག་རྨོག་རེ་གྱོན་ཏེ།།སྟངས་འཛིན་ཁང་མིག་ནང་འཁྱིདཔ་མས།།
ལམ་སྟོན་གསལ་བཤདཔ་ཅིག་འོང་སྟེ།།གསལ་བཤད་ག་དེ་སྦེ་གནང་རུ།།
འཕྲུལ་རིག་ཤེས་ཚད་དེ་མེདཔ་ལས།།གོ་བ་ལེན་ཐབས་ཅིག་མིན་འདུག།

ཚིག་འབྲུ་བརྒྱད་མ། ༢༡༢༢༡
ཨིན་རུ་ར་རང་གིས་ཚོད་དཔག་སྦེ། །གོ་བ་ཅིག་ལེན་ཏེ་བལྟཝ་ད་ལུ།།
ཆུ་མཛོད་དེ་ཝང་ཁའི་འོག་ལུ་རྐྱབ། །ཆུ་ལམ་དེ་དགེ་འདུའི་ཕྱོགས་ལས་དྲངས།།
དར་ལ་ལས་ཁ་མར་གཟར་ཏེ་གིས། །ཆུ་ཤུགས་འདི་མཐོཝ་སྦེ་བཟོ་བའི་ཤུལ།།
དེ་ལས་འདི་ཆུ་དུང་དྲུག་ལུ་བགོ། །རེ་རེ་གིས་འཕྲུལ་རེ་བསྐོར་བའི་ཚེ།།
འཕྲུལ་འཁོར་གྱི་ཁབ་ལེན་འཐེན་ཤུགས་ཀྱིས། །གློག་མེ་དེ་བཟོ་སྐྲུན་འབད་ཚུགས་པས།།
གློག་མེ་ཚུ་སྒྱུར་བྱེད་འཕྲུལ་འཁོར་དང་། །བཀག་བསྡོམ་གྱི་འཕྲུལ་འཁོར་བརྒྱུད་དེ་གིས།།
ས་གཞི་གི་ཕྱི་ཁར་ཐོན་པའི་ཚེ། །ཁྲི་གདུགས་ཀྱི་ཉིནམ་ཡང་ཟིལ་གྱིས་གནོན།།

ཚིག་འབྲུ་བརྒྱད་མ། ༢༢༢༢
སྤྱི་སྟོང་དགུ་བརྒྱ་གོ་དྲུག་ལོ་ལས། །ཉིས་སྟོང་བཅུ་མེད་བརྒྱད་ལུ་ཚུན་ཚོད།།
ལོ་ངོ་བཅུ་གསུམ་དཀའ་སྤྱད་ཐོག་ལུ། །དར་ལ་གློག་མེ་གཞི་བཙུགས་མཛད་ནུག
སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ་ལུ། །བློན་ཆེན་འཇིག་མེད་ཕྲིན་ལས་མཆོག་དང་།།
རྒྱ་གར་ཀོངྒ་རེས་བློན་ཆེན་མཆོག་གིས། །གློག་མེ་འཕྲུལ་འཁོར་སྒོ་འབྱེད་མཛད་ནུག

ཚིག་འབྲུ་བདུན་མ། ༢༢༡༢
ཡར་ལས་མར་མར་ར་འཁྱིད་དེ། །དམྱལ་བའི་གཏིང་ལུ་ར་ལྷོད་ཅི།།
ཚ་བའི་སྡུག་བསྔལ་ཅིག་མ་གཏོགས།།ཡོན་ཏན་གསར་པ་ཅིག་མ་ཐོབ།།
ཨིན་རུ་བཟོད་པ་ར་བསྒོམ་སྟེ། །ག་ཏེ་འཁྱིད་ས་ར་འགྱོ་ཡི།།
བལྟ་རྒྱ་མཐོང་རྒྱ་གི་དོན་ལུ།།དེ་བཟུམ་བལྟ་དགོཔ་ཡང་འཐོནམ་མས།།
ཁ་ཙ་ཉིན་ཕྱེད་ལས་བཟུང་སྟེ། །ཚད་པའི་ན་ཚ་ཅིག་ཐོབ་ལས།།
གློག་མེ་འཕྲུལ་ཁང་གི་ནང་ལུ། །གོ་ལ་རློནམ་ལུ་ར་གྱུར་སོང་།

ཚིག་འབྲུ་དགུ་མ། ༢༡༢༢༢
ཆུ་ཚོད་འདི་གསུམ་དང་ཞེ་ལྔ་ལངམ་ད།།འཕྲུལ་ཁང་གི་ནང་ལས་ཕྱི་ཁར་ཐོན་ཏེ།།
ཟུར་ཁ་ལུ་ཡོད་པའི་ཁང་མིག་གཅིག་ནང་།།འཕྲུལ་ཁང་གི་འདྲ་གཟུགས་བལྟ་བར་སོང་ཡི།།
འདྲ་གཟུགས་ཀྱི་རྣམ་པ་འདི་ལུ་བལྟ་ཚེ།།ཝང་ཁ་ལས་འཕྲུལ་ཁང་ཨ་མའི་བར་ན།།
གཙང་ཆུ་དང་རི་ལུང་ཁྲོམ་ས་འདི་ཚུ།།དངོས་སུ་ར་ཨིནམ་བཟུམ་བཟོ་སྟེ་བཞག་ནུག

ཚིག་འབྲུ་དགུ་མ། ༢༢༡༢༢
པར་ཅིག་བཏབ་ཆོག་དང་མི་ཆོག་འདྲིཝ་ད།།བཏབ་པར་ཁྱད་མེད་ཟེར་སླབ་ལས་བརྟེན་ཏེ།།
ང་གིས་དང་པ་ར་པར་གཅིག་བཏབ་ད།།ཆ་རོགས་ཚུ་གིས་ཡང་པར་ཆས་བཏོན་དེས།།

ཚིག་འབྲུ་དགུ་མ། ༢༢༢༡༢
འདྲ་གཟུགས་འདི་ལུ་ཐོག་ཁ་ལས་བལྟཝ་ད།།གནམ་གྲུ་ནང་ལས་བལྟཝ་བཟུམ་ར་འདུག་ཟེར།།
ཆ་རོགས་ཚུ་ཡང་སྤྲོ་ཉམས་ཅིག་སྐྱེས་ཏེ།།པར་བཏབ་འབད་མི་གྱངས་ཁ་ཡང་མ་ཆོད།།
ཨིན་རུ་སྐར་ཆ་ལྔ་དྲུག་གི་ཤུལ་ལས།།འཛིན་སྐྱོང་ཧོང་ལས་གློག་མེ་འདི་བསད་ཚེ།།
ག་ར་རེ་རེ་གཉིས་གཉིས་སྦེ་བཙར་ཏེ།།མཐའ་མའི་མཐའ་མཇུག་ལུས་མི་འདི་ང་རང་།།

ཚིག་འབྲུ་དགུ་མ། ༢༢༢༢༡
དེ་ལས་དགེ་འདུ་ཕྱོགས་ལུ་ལོག་ནི་སྦེ།།ག་ར་སྣུམ་འཁོར་ན་ལུ་འཛུལ་བའི་ཚེ།།
རྟགས་འཛིན་མ་ཚང་ཟེར་བའི་ལོ་རྒྱུས་གཅིག།ཐོན་ཏེ་བལྟ་ཚེ་གཅིག་གིས་མ་སྤྲོད་པས།།
དེ་ལས་རང་གི་གནས་ལུ་ལོག་སྟེ་གིས།།ཝ་ཤིང་གནམ་ཐང་དེ་ནང་ཇ་གཅིག་མཐུང་།།
དེ་ལས་འོངས་ཏེ་ཆུ་ཚོད་དྲུག་ཙམ་ལུ།།དགེ་འདུ་ཕྱོགས་ལུ་སྐྱོན་མེད་ངང་ལུ་ལྷོད།།

No comments: