Saturday, August 16, 2014

ས་བཅུ་ལམ་ལྔ། ལས་དང་པོ་པ་ཚུ་གི་དོན་ལུ།

བདག་མེད་གཉིས་ཀྱི་སྒོ་ནས་ས་བཅུ་དང་ལམ་ལྔ་བགྲོད་ཚུལ།
 སྐད་ཡིག རྫོང་ཁ།
དེ་ཡང་དོན་ཚན་ལྔ་གི་ཐོག་ལས་ཞུ་གེ།
༡        གང་ཟག་གི་བདག་མེད། ༢        ཆོས་ཀྱི་བདག་མེད། ༣    ལམ་ལྔ། ༤       ས་བཅུ།
༥        ལམ་ལྔ་དང་ས་བཅུ་གཅིག་ཁར་སྦྱར་ཚུལ། ༦       བདག་མེད་གཉིས་ཀྱི་སྒོ་ལས་ས་བཅུ་དང་ལམ་ལྔ་བགྲོད་ཚུལ།

དང་པོ་གང་ཟག་གི་བདག་མེད།
ང་བཅས་ཀྱིས་ དུས་ཨ་རྟག་ར་ ང་ ང་ ཟེར་མི་གཅིག་མནོ་བསམ་གཏང་ནི་ཡོདཔ་ཨིན་རུང་ ན་ཐན་སྦེ་འཚོལ་ཏེ་བལྟ་བ་ཅིན་ ང་ཟེར་མི་འདི་ རང་གི་གཟུགས་ཀྱི་ཆ་ཤས་ག་ཏེ་ལུ་ཡང་མེདཔ་ཨིན། འ་ནི་ ང་ཟེར་མི་གཅིག་མེད་མི་འདི་ལུ་གང་ཟག་གི་བདག་མེད་ཟེར་སླབ་ཨིན།

གཉིས་པ་ཆོས་ཀྱི་བདག་མེད།
དེ་ལས་རང་གི་གཟུགས་ལས་འགོ་བཙུགས་ཏེ་ ཕྱི་ཁ་གི་ཅ་ལ་ རྐང་ཁྲི། ཉལ་ཁྲི། སྒྲོམ། ཁྱིམ། སྣུམ་འཁོར། རི་དང་ནགས་ཚལ་ལ་སོགས་པ་དེ་ཚུ་ བདེན་པ་ཡོདཔ་བཟུམ་ཅིག་མཐོངམ་ཨིན་རུང་། དེ་ཚུ་ཡང་ལེགས་ཤོམ་སྦེ་བརྟག་ཤིང་དཔྱད་དེ་བལྟ་བ་ཅིན་ དེ་ཚུ་ཡང་ཕན་ཚུན་གཅིག་གི་གཅིག་ལུ་བརྟེན་ཏེ་གྲུབ་གྲུབ་ཅིག་མ་གཏོགས་ ག་ལུ་ཡང་མ་བརྟེན་པར་ བདེན་པ་སྦེ་ གྲུབ་གྲུབ་ཅིག་རྩ་ལས་ལས་མིན་འདུག འ་ནི་བདེན་པ་མ་གྲུབ་པའི་སྟོང་པ་དེ་ལུ་ ཆོས་ཀྱི་བདག་མེད་ཟེར་སླབ་ཨིན།

གསུམ་པ་ལམ་ལྔ།
ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་དང་ལྔ།

ཚོགས་ལམ།
རང་གི་བྱང་ཆུབ་འཐོབ་ནི་གི་དོན་ལུ་ སེམས་བསྐྱེད་ཞིནམ་ལས་ འགོ་བཙུགས་ཏེ་ ཐོས་བསམ་འབད་ནི་མཐར་མ་ཕྱིན་གྱི་བར་ན་ལུ་ཚོགས་ལམ་ཟེར་སླབ་ཨིན།
སྦྱོར་ལམ། 
ཐོས་བསམ་འབད་ནི་རྫོགས་ཞིནམ་ལས་ རང་གི་སེམས་ལུ་བསྒོམ་བྱུང་གི་མྱོང་བ་ཟེར་ ཆོས་ཀྱི་དོན་དེ་ཚུ་ གསལ་རིལ་རིལ་སྦེ་མེན་པར་ ཧ་ལམ་ཙམ་ཅིག་ཤར་ནི་ཡོད། འ་ནི་ལུ་སྦྱོར་ལམ་ཟེར་སླབ་ཨིན།
མཐོང་ལམ།
ཆོས་ཀྱི་དོན་དེ་ཚུ་ རང་གི་སེམས་ལུ་གསལ་རིལ་རིལ་སྦེ་ ཤར་ནི་འགོ་བཙུགས་པའི་ཚེ་འཐོབ་ལམ་ཐོབ་ཨིན།
བསྒོམ་ལམ།
རང་གི་སེམས་ལུ་ཤར་མི་དོན་དེ་ཚུ་ ཡང་ལས་ཡང་དུ་ གོམས་ཆ་འབད་མི་དེ་ལུ་བསྒོམ་ལམ་ཟེར་སླབ་ཨིན།
མི་སློབ་པའི་ལམ།
མི་སློབ་པའི་ལམ།
ཆོས་ཀྱི་དོན་དང་ གནས་ལུགས་ག་ཅི་ཨིན་རུང་ གོམས་ཆ་འབད་མ་དགོ་པར་སེམས་ལུ་ཤར་ཚུགས་མི་དེ་ལུ་མི་སློབ་པའི་ལམ་ཟེར་སླབ་ཨིན།

བཞི་པ་ས་བཅུ།
ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་དང་བཅས་པ་བཅུ་ལུ་ ས་བཅུ་ཟེར་སླབ་ཨིན། ས་བཅུ་གི་དོན་དག་དེ་ཚུ་ མདོ་སྡེ་རྒྱན་ལས་གསུངས་མི་ཚུ་ འོག་ལུ་བཀོད་དེ་ཡོད།

ལྔ་པ་ལམ་ལྔ་དང་ས་བཅུ་སྦྱར་ཚུལ།
ཚོགས་ལམ་དང་སྦྱོར་ལམ་གཉིསཔ་དེ་ ས་བཅུའི་གྲངས་སུ་མི་ཚུད། ས་དང་པོ་ལུ་མཐོང་ལམ་ཟེར་སླབ་ཨིན། ས་གཉིས་པ་ལས་ ས་བཅུ་པ་ཚུན་ཚོད་ཀྱི་ས་དགུ་ལུ་ བསྒོམ་ལམ་ཟེར་སླབ་ཨིན། དེ་ལས་བཅུ་གཅིག་པ་ ཀུན་ཏུ་འོད་ཟེར་མི་འདི་ལུ་ མི་སློབ་ལམ་ཟེར་སླབ་ཨིན།

དྲུག་པ་བདག་མེད་གཉིས་ཀྱི་ཐོག་ལས་ས་བཅུ་དང་ལམ་ལྔ་བགྲོད་ཚུལ།
ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱི་སྐབས་ལུ་ གཙོ་བོ་གང་ཟག་གི་བདག་མེད་བསྒོམ་ནི་དང་། ས་དང་པོ་མཐོང་ལམ་ལས་ གཙོ་བོ་ཆོས་ཀྱི་བདག་མེད་ཟེར་ སྟོང་པ་ཉིད་ཀྱི་དོན་འདི་ གཙོ་བོར་བཏོན་ཏེ་བསྒོམ་ནི་ཨིན།

མདོ་སྡེ་རྒྱན་ལས་གསུངས་མི་ ས་བཅུའི་ངེས་ཚིག
1     བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ།།རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ།།
2        འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ།།
3        ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ།།
4        འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། རབ་ཏུ་སྲེག་བྱེད་འོད་ལྟ་བུ།།དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན།།
5        སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར།།
བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱ་འོ།།
6        ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས།།
གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད།།
7        བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ།།
8        འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད།།
9        སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན།།
10      སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན།།


2 comments:

Phuentsho Tashi said...

བཀའ་དྲིན་ཆེ་ལགས་སློབ་དཔོན། གོ་བ་ལེགས་ཤོམ་སྦེ་ར་ ལེན་ཚུགས་ཅི་ལགས།

Dawa Nedup said...

བཀའ་དྲིན་ཤིན་ཏུ་ཆེ་ལགས་སློབ་དཔོན།