Monday, August 18, 2014

རྫོང་ཁའི་ཟུང་ལྡན་གྱི་རྩོམ།

རྫོང་ཁའི་ཟུང་ལྡན་གྱི་རྩོམ།
འབྲི་མི།   ཕུན་ཚོགས་ཆོས་སྒྲོན།

རྐང་པ་རེ་རེ་ལ་ཡོད་པའི་ཟུང་ལྡན།

༡༽    རྐང་པ་དང་པོ་ལ་ཡོད་པའི་ཟུང་ལྡན།
༉       ཡར་ཡར་གངས་ལས་འབབ་པའི་ཆུ་མོ་ཁྱོད།།
པདྨའི་ཐང་ལུ་འགྱོ་བའི་ཞོར་ཁ་ལུ།།
ཉ་མོ་ང་ཡང་འདི་ཁར་མ་བཞག་པར།།
ལན་གཅིག་རྒྱ་གཡུས་བསྐོར་བ་འཁྱིད་གནང་མས།།


༢༽     རྐང་པ་གཉིས་པ་ལ་ཡོད་པའི་ཟུང་ལྡན།
༉       དགུང་དང་སྤྲིན་གྱི་མཚམས་ལས།།
ལྡིར་ལྡིར་འབྲུག་སྒྲ་ལྡིར་ཚེ།།
རྒྱ་གར་ཤར་གྱི་རྨ་བྱ།།
དགའ་བའི་བྲོ་ཅིག་འཁྲབ་དོ།།

༣༽     རྐང་པ་གསུམ་པ་ལ་ཡོད་པའི་ཟུང་ལྡན།
༉       གནམ་ཁ་སྟོག་པའི་སྦུག་ནང་ལས།།
ཚེས་ཆེན་བཅོ་ལྔའི་ཟླ་བ་འདི།།
ཆེམ་ཆེམ་ཤར་འདི་འོངམ་ད་ལུ།།
ཀུ་མུད་དོན་ཧིང་འཐོན་འགྱོ་དོ།།

༤༽    རྐང་པ་བཞི་པ་ལ་ཡོད་པའི་ཟུང་ལྡན།
༉       ལུས་སེམས་སྤྲོ་བའི་ཁྲི་གདུགས་ཉི་མ་འདི།།
ཤར་རི་བརྩེ་ལས་ཤར་ཚེ་མདངས་དཀར་བས།།
དགུང་མངོན་དབུས་ལུ་ལྷོད་ཚེ་ལུས་དྲོ་བས།།
ཕར་ཕར་ནུབ་ལུ་གལ་གཡོ་ཚེ་སེམས་འཁྲུལ་བས།།

རྐང་པ་གཉིས་རེ་ལ་ཡོད་པའི་ཟུང་ལྡན།

༥༽     རྐང་པ་དང་པོ་གཉིས་ཀྱི་ཐོག་མར་ཡོད་པ།
༉       ཤར་ཤར་འགྱོ་བའི་གཙང་ཆབ་ཆུ་མོ་འདི།།
མར་མར་རྒྱ་གཡུས་བསྐོར་བ་འགྱོཝ་ད་ལུ།།
ལས་ངན་ཅན་གྱི་གསེར་མིག་ཉ་མོ་ང་།།
སྤང་ལུ་འཐོན་པའི་སྡུག་བསྔལ་མནོ་མ་ཚུགས།།

༉       ཡར་ཡར་གངས་ཀྱི་ཁ་བའི་ས་གཞི་གུར།།
མར་མར་རྒྱ་མཚོ་ནག་རྩི་བླུག་སྟེ་གིས།།
ཧིང་ཁར་མནོ་བའི་སེམས་ཀྱི་རིས་མོ་འདི།།
ད་རེས་ཁྱོད་ལུ་བྲིས་ཏེ་བཞག་ད་གེ།

༦༽     རྐང་པ་དང་པ་དང་གསུམ་པའི་ཐོད་མར་ཡོད་པ།
༉       བསིལ་བསིལ་ཁ་བ་ཅན་གྱི་གཡུས་ཁ་ལས།།
དམ་པའི་ཆོས་ཅིག་འབད་གེ་མནོ་སྟེ་གིས།།
མར་མར་རྒྱ་གར་ལུང་པ་སོང་སོ་སྦ།།
གནམ་བསྐོས་ཅན་གྱི་མི་དང་ཕྱད་པར་མས།།

༉       གནམ་བསྐོས་གནམ་བསྐོས་ཟེར་བ་ཡིད་མ་ཆེ།།
གནམ་བསྐོས་ཐགཔ་འདི་སྐེ་ལས་ཆད་འོང་མས།།
འཕྱད་ཅི་འཕྱད་ཅི་ཟེར་བ་དགའ་མི་དགོ།
སོ་སོར་བྲལ་བའི་སྡུག་བསྔལ་མྱོང་དགོཔ་འོང་།།

༉       ཕར་ཕར་སྤང་ཤོར་ལྡེམ་པའི་ནང་ན་ལས་།།
འཛུམ་མདངས་ཅན་གྱི་སྨན་ཆུང་བུ་མོ་གིས།།
ཚུར་ཚུར་ཤོག་ཟེར་ཨའུ་ས་གཏངམ་ད་ལུ།།
སྟག་ཤར་སྡོད་ས་སེམས་ཀྱིས་བག་མ་ཆགས།།

༉       འཁྲུལ་འཁྲུལ་འདྲ་བའི་གླུ་གཞས་འདི།།
འཁྲུལ་སྣང་ཅན་གྱི་གླུ་གཞས་ཨིན།།
ཡང་ཡང་ཁྱོད་ཀྱིས་གསན་ཏེ་གིས།།
མནོ་བསམ་ཐེབས་ཅིག་གཏང་གནང་མས།།


༧༽     རྐང་པ་དང་པ་དང་བཞི་པའི་ཐོད་མར་ཡོད་པའི་ཟུང་ལྡན།
༉       ལྷང་ལྷང་ཡིད་ལུ་དྲན་པའི་ཡིད་འོང་མ།།
དངོས་སུ་གདོང་སྐོར་རྐྱབ་ནི་མེད་རུང་རང།།
གཉིད་ལམ་ནང་གི་ཨ་ཞེས་འབད་དེ་གིས།།
ཡང་ཡང་ཁྱོད་ཀྱི་ཞལ་འདི་སྟོན་གནང་མས།།

༉       ཡང་ཡང་འཇལ་དགོ་མནོ་བའི་ན་ཟུག་གིས།།
མནོ་བའི་དོན་ཧིང་གཉིས་འབད་གག་འགྱོ་དོ།།
ཟིམ་ཟིམ་མིག་གི་བདུད་རྩི་འབང་མེད་པར།།
རྐང་པའི་རྟིང་མའི་རྩ་བར་བུལ་དོ་མས།།

༨༽     རྐང་པ་གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པའི་ཟུང་ལྡན།
༉       སེར་ཁ་ལང་པའི་ཚང་ཚིང་ནང་།།
ཀུ་ཀུ་ཟེར་བའི་སྒྲ་དེ་ཚུ།།
ལོག་ཅི་ལོག་ཅི་གོཝ་ད་ལུ་།།
འཁྲུལ་སྣང་ལང་པའི་གཞི་རང་མས།།

༉       འཁྲུལ་སྣང་ལང་རུང་ཐབས་མིན་འདུག།།
ཤོག་ཤོག་ཟེར་ཏེ་འབོ་ས་མེད།།
སྡོད་གེ་སྡོད་གེ་ཟེར་ས་མེད།།
མ་མཐོང་ལ་གིས་བཅད་ཆེ་ཡི།།

༩༽     རྐང་པ་གཉིས་པ་དང་བཞི་པ་ལ་ཡོད་པའི་ཟུང་ལྡན།
༉       རྒྱ་ཤོག་དཀར་པོའི་ཐོག་ལུ།།
དགའ་དགའ་འདྲ་བའི་ཧིང་གཏམ།།
བཀོད་དེ་ཡོད་པའི་རིས་མོ།།
ཡང་ཡང་ལྷབ་དགོ་མནོཝ་མས།།

༡༠༽   རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པའི་ཟུང་ལྡན།
༉       གངས་ལུ་ཤར་བའི་མེ་ཏོག་འདི།།
བལྟ་བའི་ཚོས་ཁ་དྭངས་མི་དྭངས།།
ཡར་ཡར་ལྷ་ཡི་རྒྱན་ཆ་བཏུབ།།
མར་མར་ཀླུའི་མཆོད་པ་ཨིན།།

རྐང་པ་གསུམ་གྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན།

༡༡༽    རྐང་པ་དང་པོ་གསུམ་གྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       ཡར་ཡར་གངས་ལས་འབབ་པའི་ཆུ་མོ་ཁྱོད།།
མར་མར་རྒྱ་གཡུས་བསྐོར་བ་ཡར་མ་སོང་།།
འཁྱིལ་འཁྱིལ་ཨོམ་ཆུ་འཛིང་ལུ་འཁྱིལ་ཏེ་གིས།།
གསེར་མིག་ཉ་མོའི་དོན་ལུ་བཞུགས་གནང་མས།།

༢༽   རྐང་པ་སྔ་མ་གཉིས་དང་བཞི་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       བསིལ་བསིལ་གངས་ཀྱི་གཙང་ཆུ་སྔོན་མོ་ང་།།
ཤར་ཤར་རིམ་གྱིས་འབབ་སྟེ་མ་འགྱོ་བར།།
ལེགས་པའི་ཨོམ་ཆུ་འཛིང་ལུ་འཁྱིལ་ཏེ་གིས།།
དགའ་དགའ་འདྲ་བའི་གཡུས་ལུ་སྡོད་ད་ནི།།

༡༣༽   རྐང་པ་ དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       དགའ་དགའ་འདྲ་བའི་གཡུས་ལུ་སྡོད་པའི་ཟེར།།
མཚོ་ཆེན་པདྨ་ཅན་གྱི་མཚོ་སྨནམ་གྱིས།།
ཤར་ཤར་རྒྱ་ལུ་འོང་ནི་མིན་འདུག་ཟེར།།
ལྡིར་ལྡིར་འབྲུག་སྐད་ལྡིར་དེ་མི་ལྡིར་ག།།

༡༤༽   རྐང་པ་ཕྱི་མ་གསུམ་གྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       མཚོ་ཆེན་ཕདྨ་ཅན་གྱི་མཚོ་སྨནམ་གྱིས།།
ལྡིར་ལྡིར་འབྲུག་སྐད་ལྡིར་དེ་ལྡིར་རུང་ར།།
བསིལ་བསིལ་ཁ་བའི་གཙང་ཆུ་སྔོན་མོ་ང་།།
མར་མར་འགྱོ་བའི་བློ་ཐག་བཅད་མ་ཚུགས།།

༡༥༽   རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       མཐུན་མཐུན་སེམས་གཉིས་མཐུན་མི་ང་བཅས་གཉིས།།
དགའ་དགའ་འདྲ་བའི་མི་ཚེ་ཐུང་ཀུ་ནང་།།
སྤྲོ་སྤྲོ་འདྲཝ་འབད་ཅིག་ཁར་འཛོམས་ཏེ་གིས།།
སོ་སོར་ཁ་བྲལ་མེད་པའི་སྨོན་ལམ་ཞུ།།

ཐོག་མའི་བར་ཆོད་པའི་ཟུང་ལྡན།

༡༦༽   རྐང་པ་དང་པོ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       རྫོང་བཀྲིས་ཆོས་རྫོང་དཔལ་གྱི་རྫོང་།།
རྫོང་འདི་གི་ལྡུམ་ར་ཁྲ་མོའི་ནང་།།
ཁོང་ཧ་ལོ་མེ་ཏོག་གཡས་ལས་ཤར།།
རོགས་གསེར་ཤོ་མེ་ཏོད་གཡོན་ལས་ཤར།།

༡༧༽   རྐང་པ་དང་པ་དང་གསུམ་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       ང་ལས་ངན་ཅན་གྱི་བུང་བ་འདི།།
ཕར་མེ་ཏོག་འདི་གུར་ཆགས་སོང་པ།།
ང་ཆགས་པའི་ཧ་ལོ་མེ་ཏོག་འདི།།
ཁོང་སྐྱི་སེར་རླུང་གིས་དཀྲོགས་ད་ཡི།།

༡༨༽   རྐང་པ་དང་པ་དང་བཞི་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       སེམས་ཆགས་པའི་ཧིང་གི་མེ་ཏོག་འདི།།
ཁྱོད་སྐྱི་སེར་རླུང་གིས་གཡབ་སྟེ་གིས།།
ང་གསེར་སྦྱངམ་འདི་གུར་ཆགས་མ་སྟེར།།
སེམས་འཁྲུལ་བ་སྔོན་གྱི་ལས་རང་མས།།

༡༩༽   རྐང་པ་གཉིས་པ་དང་གསུམ་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       ང་འཁྲུལ་སྣང་ཅན་གྱི་བུང་བ་འདི།།
སེམས་འཁྲུལ་རོགས་འབད་མི་མེདཔ་ལས་བརྟེན།།
སེམས་གསེར་ཤོ་གུ་ལུ་ཆགས་པ་ཅིན།།
ཁོང་མེ་ཏོག་སེརཝ་གྱིས་མི་བཅོམ་ག།།

༢༠༽   རྐང་པ་གཉིས་པ་དང་བཞི་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       ཧིང་ཚ་བའི་ཧ་ལོ་མེ་ཏོག་འདི།།
རོགས་སྐྱེ་སེར་རླུང་གིས་གཡབ་ད་རུང་།།
ད་ལེགས་པའི་གསེར་ཤོ་མེ་ཏོག་འདི།།
རོགས་སེརཝ་གིས་ནམ་ཡང་བཅོམ་མ་བཅུག།།

༢༡༽   རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན།
༉       གསེར་ཤོག་ཧ་ལོ་མེ་ཏོག་གཉིས།།
ཞུ་བ་རྒྱལ་པོས་གནང་མ་བཏུབ།།
ལྷང་ན་གཉེར་པས་རེ་མ་སྟེར།།
ལྷང་ནི་བཞག་སྟེ་རྐུ་ཆེ་ནི།།

ཆོད་པའི་ཟུང་ལྡན་རྐང་པ་གསུམ་གྱི་ཐོག་མར་ཡོད་པ།
༢༢༽   རྐང་པ་དང་པོ་གསུམ་གྱི་ཐོག་མར་ཡོད་པའི་ཟུང་ལྡན།
༉       འབྲུག་བཙན་དན་བཀོད་པའི་རྒྱལ་ཁབ་ནང་།།
འབྲུག་ར་ལུང་བཀོད་པའི་གདན་ས་ལས།།
འབྲུག་ཁ་བཞི་དབང་ལུ་བསྡུས་པའི་བདག།།
སྐྱབས་དྲིན་ཅན་ངག་དབང་རྣམ་རྒྱལ་བྱོན།།

༢༣༽   རྐང་པ་དང་པ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པའི་ཟུང་ལྡན།
༉       དཔལ་དྲིན་ཅན་ངག་དབང་རྣམ་རྒྱལ་གྱིས།།
ལྷོ་མུན་པའི་གཡུས་ལུ་ཞབས་ཀྱིས་བཅགས།།
དཔལ་ཆོས་སྲིད་ལུགས་གཉིས་རྒྱལ་མཚན་བཙུགས།།
དཔལ་ཆབ་སྲིད་སངས་རྒྱས་བསྟན་པ་སྤེལ།།

༢༤༽  རྐང་པ་ དང་པོ་གཉིས་དང་ཕྱི་མའི་ཐོག་མར་ཡོད་པའི་ཟུང་ལྡན།
༉       དཔལ་འཁོར་ལོ་དག་པའི་ཞིང་ཁམས་ནང་།།
དཔལ་རྒྱལ་བ་སྐྱབས་རྗེ་མཁན་ཆེན་བཞུགས།།
འཁོར་འཕགས་པའི་དགེ་འདུན་ཚོགས་དམངས་ལུ།།
དཔལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར།།

༢༥༽   རྐང་པ་ཕྱི་མ་གསུམ་གྱི་ཐོག་མར་ཡོད་པའི་ཟུང་ལྡན།
༉       ནང་སངས་རྒྱས་བསྟན་པའི་ཞིང་ཁམས་ནང་།།
འབངས་བདེ་བར་བཀོད་པའི་མི་དབང་འཁྲུངས།།
འབངས་སྐྱོངས་བའི་མཛད་བྱ་བཟང་པོ་གིས།།
འབངས་དགའ་སྐྱིད་ཉི་མ་ཤར་ཏེ་ཡོད།།

ཐོག་མའི་བར་ཆོད་པའི་ཟུང་ལྡན།

༢༦༽  རྐང་པ་བཞི་ཀ་འདྲ་བའི་ཟུང་ལྡན།
༉       དཔལ་ཕུན་སུམ་ཚོགས་པའི་འབྲུག་ཡུལ་ནང་།།
དཔལ་མི་དབང་འབྲུག་རྒྱལ་བཞི་པ་གིས།།
དཔལ་དགའ་སྐྱིད་དཔལ་འཛོམས་གཞི་བཙུགས་གནང་།།
དཔལ་བདེ་སྐྱིད་ཕུན་སུམ་ཚོགས་ཏེ་ཡོད།།

༢༧༽  སྔ་མ་གཉིས་འདྲ་ཕྱི་མ་གཉིས་འདྲ་བའི་ཟུང་ལྡན།
༉       ཡུལ་བཀྲིས་སྐྱེས་པའི་ལྷོ་ལྗོངས་སུ།།
ཡུལ་སེར་གྱི་གདུང་ལས་རྒྱལ་སྲས་འཁྲུངས།།
འབྲུག་རྒྱུད་འཛིན་མི་དབང་མངའ་བདག་གིས།།
འབྲུག་དགའ་སྐྱིད་དཔལ་ལུ་བཀོད་དེ་གནང་།།

༢༨༽   ཐོག་བཐའ་འདྲ་ཞིང་བར་གཉིས་འདྲ་བའི་ཟུང་ལྡན།
༉       མི་སྡེ་ཆབ་སྲིད་དཔལ་འབྱོར་གོང་དུ་འཕེལ།།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དར་ཞིང་རྒྱས།།
རྒྱལ་རྒྱུད་ཅན་གྱི་དམངས་གཙོའི་རིང་ལུགས་འདི།།
མི་འགྱུར་ཡུན་དུ་གནས་པའི་བཀྲིས་ཤོག།།

༢༩༽   དང་གསུམ་འདྲ་ཞིང་གཉིས་བཞི་འདྲ་བའི་ཟུང་ལྡན།
༉       བཀྲ་ཤིས་པའི་སྨན་ལྗོངས་གཡང་ལ་ཆགས།།
འབངས་བདེ་སྐྱིད་ཉི་མ་ཤར་བར་ཤོག།།
བཀྲ་ཤིས་པའི་བསྟན་པ་དར་བཅུག་ཅིག།།
འབངས་མི་སེར་གཡང་ལ་ཆགས་པར་ཤོག།།


ཆོད་ཅིང་མ་ཆོད་པའི་ཟུང་ལྡན།

༣༠༽   སྔ་མ་གཉིས་འདྲ་ཕྱི་མ་གཉིས་འདྲ་བའི་ཆོད་ཅིང་མ་ཆོད་པ།
༉       ཤར་ཤར་གངས་ལས་འབབ་པའི་ཆུ་མོ་འདི།།
ཤར་ཤར་གངས་ལས་འབབ་ཚེ་ལེགས་མི་ལེགས།།
མར་མར་རོང་ལུ་ཐིམ་ཚེ་ཕངས་མི་ཕངས།།
མར་མར་མཚོ་ལུ་འཁྱིལ་ཚེ་འཇའ་མི་འཇའ།།

༣༡༽   སྔ་ཕྱི་འདྲ་ལ་བར་གཉིས་འདྲ་བའི་ཆོད་ཅིང་མ་ཆོད་པ།
༉       ཕངས་ཕངས་འདྲ་བའི་སྨན་ཆུང་ལྷ་བཟུམ་ཅིག།།
ཕར་ཕར་གཡུས་བཟང་ཕྱོགས་ལུ་ཡོད་མནོ་བ།།
ཕར་ཕར་གཡུས་ལུ་བཞུགས་པའི་སྨན་ཆུང་གིས།།
ཕངས་ཕངས་འདྲ་བའི་བུམོ་འབད་མ་བཞུགས་པས།།

༣༢༽   བཞི་ཀ་འདྲ་བའི་ཆོད་ཅིང་མ་ཆོད་པ།
༉       དམ་ཚིག་མེད་པའི་སྨན་ཆུང་གིས།།
དམ་ཚིག་མདུད་ཕུད་འཁྱོལ་དཔ་ལས།།
དམ་ཚིག་ཅན་གྱི་གཉེན་གྲོགས་འདི།།
དམ་ཚིག་མེད་པའི་དགྲ་ལུ་འགྱུར།།


རྐང་པའི་བར་ལ་ཡོད་པའི་ཟུང་ལྡན།

༣༣༽   བར་ལ་ཡོད་པའི་ཆོད་ཅིང་མ་ཆོད་པ།
༉       དཔལ་ཕུན་ཚོགས་ཚོགས་པའི་འབྲུག་ཡུལ་ནང་།།
ཡར་སྐྱབས་རྗེ་རྗེ་མཁན་རིན་ཆེན་བཞུགས།།
གསུངས་ཆོས་འཁོར་འཁོར་བའི་སེམས་ཅན་ལུ།།
ཐུགས་བྱམས་བརྩེ་བརྩེ་བའི་སྒོ་ལས་བསྐོར།།

༣༤༽བར་ལ་ཡོད་པའི་ཆོད་པའི་ཟུང་ལྡན།
༉       རྣམ་པར་བཀྲ་བའི་བཀྲ་ཤིས་ལེགས་སྨོན་འདི།།
ད་རེས་ལེགས་པའི་ལེགས་སོ་ཞུ་ས་ལུ།།
མི་དམངས་ཡོངས་ཀྱིས་ཡོངས་སུ་བསྐོར་བའི་སྦུག།།
ང་གིས་ལན་གཉིས་ལན་གསུམ་གཏབ་བཞག་གེ།

༉       སློབ་ཁང་སྦྱོང་ལཱ་སྦྱོང་བརྡར་འབད་སོང་པ།།
རྣམ་ཤེས་སྒོ་ཚུ་སྒོ་བསྡམ་ཕྱེ་མ་བཏུབ།།
སེམས་ཁར་མནོ་མི་མནོ་སྟེ་ལུས་སོང་ཡི།།
ཡིག་ཐོགས་ཕབས་པ་ཕབས་པའི་ཚིག་མིན་འདུག།།

རྐང་པའི་མཐའ་ལ་ཡོད་པའི་ཟུང་ལྡན།

༣༥༽   མཐའ་མ་ཡོད་པའི་ཆོད་པའི་ཟུང་ལྡན།
༉       ང་མ་སྐྱེས་ཨ་མའི་ཕོཝ་ནང་འཁྲུལ།།
ད་སྐྱེས་ཏེ་ཨ་མའི་སྒོ་ཁར་འཁྲུལ།།
ཕམ་མེད་པར་སྟག་རྩེ་ལུང་པར་འཁྲུལ།།
ད་དཔེ་ཆ་མ་ཤེས་འདི་ནང་འཁྲུལ།།

༣༦༽  མཐའ་ལ་ཡོད་པའི་ཆོད་ཅིང་མ་ཆོད་པ།
༉       ཕ་གཡུས་ལས་འཐོན་ཚེ་འཇའ་ཆི་ཆི།།
ན་ཁྲོམ་ལུ་ལྷོད་ཚེ་འཛུམ་ཤིག་ཤིག།
ད་གྲོགས་དང་ཕྱེད་ཚེ་དཔའ་ཕྲིང་ཕྲིང་།།
ཁོ་གཞན་དང་འགྱོ་ཚེ་ཧམ་ཐལ་ཐལ།།

མཇུག་སྨོན།

༉      བདག་གིས་བགྱིས་པའི་དེ་འདྲའི་ལས་འགུལ་ལས།།
ཡོན་ཏན་སེར་གྱི་ཐིག་པ་རྒྱ་ཆེ་བ།།
མངོན་དུ་མེད་ཀྱང་སྐྱེས་བུ་དམ་པའི་ཐུགས།།
ཅུང་ཟད་དབྱིས་པའི་དགའ་སྟོན་ཕུལ་བར་བརྩམས།།

༉       དུས་མཐའ་སྙིགས་མའི་དུས་ལ་མགུ་རྨོངས་པས།།
ལས་འགུལ་འདི་ལ་ནོར་བ་མེད་མི་སྲིད།།
ནོར་བ་འདི་ལ་ཐུགས་ཀྱི་བཟོད་པ་དང་།།
ཡོན་ཏན་ཐམས་ཅད་ཀུན་ལ་ཕན་འགྱུར་ཅིག།

No comments: