Saturday, August 30, 2014

རྫོང་ཁའི་སྡེབ་སྦྱོར་རིག་པའི་ལས་འགུལ།

རྫོང་ཁའི་སྡེབ་སྦྱོར་རིག་པའི་ལས་འགུལ།

ཕུལ་མི་བདེ་ཆེན་དབང་མོ། དམར་རྟགས་ཡོད་མི་ཚུ་ནོར་བཅོས་འབད་འབདཝ་ཨིན།

ངོ་སྤྲོད།
ཀ་དག་རིག་པའི་གནས་ཀྱི་རྒྱ་མཚོ་དེ།།   ཁ་གཏིང་ཟབ་ལས་བརྩོན་པའི་རྩལ་མཁས་རུང་།།
ག་ར་ཤེས་པའི་ནམ་དུས་མེདཔ་ལས་བརྟེན།།   ང་ཡི་ལེགས་བཤདཔ་མཁས་པའི་ཐུགས་བསྐྱེད་ཀྱིས།།
ཅ་ཆས་ལེགས་ཉེས་དབྱེ་བ་ཕྱེ་དོ་བཟུམ།།   ཆ་ཤས་ཕྱེ་སྟེ་རིག་གནས་སློབ་སྦྱོང་འདི།།
ཇ་ཀུས་ཇའི་ ༼ཡི༽ ཚད་གཞི་བཟོ་བ་ལྟར།། ཉག་ཕྲ་ང་ཚོའི་བློ་མཚུངས་གནང་སྟེ་ཡོད།།
ཏ་ལེ་ཚི ༼ག༽ ་གི་རྣམ་པ་འཐོན་པ་ལུ།། ཐ་མལ་རང་ལུ་ཤེས་ཡོན་ཆུང་སོང་རུང་།།      
ད་རེས་སྙན་རྩོམ་ལས་འགུལ་འདི་ལུ་བརྟེན།། ནམ་ཡང་མཁོ་བའི་རིག་པ་ཐོབ་སྟེ་ཡོད།།
པ་ནེ་མེད་ཚེ་རྡོག་མ་མི་ཞིམ་པས།། ཕ་མ་མེད་ཚེ་བུ་གཞི་མི་སྐྱིད་པས།།       
བམ་ཚན་མེད་ན་ཆོས་ཚན་མ་གསལཝ་ལས།། མ་གསལཝ་མེདཔ་སྦེ་ཀ་རྟགས་བཀོད་དེ་ཡོད།།
ཙམ་པ་ཀ་ལྟར་གཞིབ་སྟེ་མེད་རུ་རང་།། ཚང་ཚིང་སྤུངས་པའི་ཚིག་གི་བར་ནང་ལས།།
ཛཱ་ཏི་འདྲ་བའི་སྙན་ཚིག་གཟིགས་པའི་ཚེ།། ཝ་ལེར་ཐུགས་ཀྱི་རླུང་ནད་སེལ་ཕྱིར་བཞེས།།
ཞག་གཅིག་ཞག་གཉིས་བསྣེམ་པའི་སྦང་ཆང་གིས།། ཟ་ཁམས་བཀག་པའི་གཞི་ལས་མེད་དོ་བཟུམ།།
འར་འུར་ངང་ལས་བྲིས་པའི་ལས་འགུལ་འདིར།། ཡར་ཡར་རིག་པ་འཕེལ་བའི་རྐྱེན་མེདཔ་འོང་།།
རང་སྐལ་ཨིན་ཚེ་རྡོ་ཡང་རྨུར་དོ་བཟུམ།། ལམ་སྟོན་བཟང་པོ་སེམས་ལུ་བཞག་སྟེ་གིས།།
ཤ་ཚའི་ཧིང་གིས་བྲིས་པའི་སྙན་རྩོམ་འདིས།། སང་ཕོད་ལོ་ངོ་བཞི་པར་ལྷོད་བཅུག་ཅིག།
ཧན་པའི་ཚིག་གིས་རྒྱན་ཏེ་མེད་རུ་རང་།། ཨམ་སྲུ་རང་གིས་འབད་བརྩོན་བསྐྱེད་དེ་གིས།།
ཧ་ལམ་ཚུལ་དང་མཐུནམ་ཅིག་བྲིས་མི་ལུ།། ཨ་ཙི་བྱམས་པའི་སྒོ་ལས་གཟིགས་གནང་ཞུ།།


·      སྤྱིར་གྱིས་ སྙན་རྩོམ་གྱི་ནང་གསེས་ལུ་ གཅད་ལྷུགས་སྤེལ་མ་འབད་ གསུམ་ཡོད་ས་ལས་ ས་འགུལ་འདི་ནང་ ཚིག་གཅད་ཀྱི་སྒོ་ལས་ སྙན་རྩོམ་གྱི་ཚིག་འབྲུའི་དབྱེ་བ་ སོ་སོར་ཡོད་མི་ཚུ་བཀོད་དེ་ཡོད།
·      འདི་ལུ་ཡང་ ཚིག་འབྲུ་དྲུག་མ། བདུན་མ། བརྒྱད་མ། དགུ་མ། བཅིུག་མ། བཅས་ཡོད་མི་ཚུ་ རེ་རེ་བཞིན་གསལ་ཞུ་འཕུལ་བ་ཅིན།
༡༽ ཚིག་འབྲུ་དྲུག་མ།  ༢་༢་༢
ལས་འཕྲོ་ཅན་གྱི་སྟག་ཤར།།ལ་མོའི་རྒྱབ་ལུ་ཐལ་ཚེ།།
ལས་ངན་སྨན་ཆུང་ང་རང་།།ལཱ་ལུ་ལག་རྩིས་མ་ཐེབས།།

མིག་གཞི་མཐུན་པའི་སྟག་ཤར།།མི་ཡི་དཀྲོགས་ཁ་མ་ཉན།།
མི་འདོད་སེམས་ཀྱི་སྡུག་བསྔལ།།མི་ཁ་དེ་ལས་འཐོན་འོང་།།
   
སྟག་ཤར་ཁྱོད་ཀྱི་སེམས་འདི།།རྟག་པ་མེད་པའི་ཚེ་འདིར།།
བཏབ་པའི་ལོ་ཐོག་བཟུམ་སྦེ།།རྟག་བུ་ང་ལུ་བཞག་གནང་།།   

ཡིད་འོང་ངེ་གི་ལུས་སེམས།།ཡིད་གཉིས་ཐེ་ཚོམ་མེད་པར།།
ཡིད་འཕྲོག་སྟག་ཤར་ཁྱོད་ལུ།།ཡིད་ཆེས་སྒོ་ལས་གཏད་ཡོད།།
                   དགུང་དང་སྤྲིན་གྱི་མཚམས་ལུ།།གསེར་གྱི་ཆོས་རྟེན་བཞེངས་ནུག།
                   སེམས་ཀྱིས་བསྐོར་ན་མ་གཏོགས།།ལུས་ཀྱིས་བསྐོར་ས་མིན་འདུག།

༢  ཀ༽ཚིག་འབྲུ་བདུན་མ།  ༢་༡་༢་༢།
བསིལ་དྲོད་དང་ལྡན་པའི་འབྲུག་ཡུལ།།ཞིང་ཁམས་ལས་ཞན་དྲག་མེན་པས།།
རྒྱལ་ཁབ་ཀྱི་མངའ་བདག་མི་སེར།།མེས་པོ་དང་ལྷ་ཕྲུག་འདྲ་བས།།
                                      ༼གནམ་༽ རྣམ་བཀོད་ཀྱིས་བཀོད་པའི་བུ་ཁྱོད།།ལ་ལུང་གི་རྒྱབ་ལུ་འབད་རུང་།།
                                      ཞལ་འཛུམ་པའི་ཧ་ལོའི་མེ་ཏོག།རང་སེམས་ཀྱི་ལྡུམ་རང ༼རར་༽ ་ཤར་དོ།།
པད་གླིང་གི་གདུང་ལས་བྱོན་པའི།།དྲིན་ཅན་གྱི་མངའ་བདག་ཡབ་སྲས།།
དབང་ཕྱུག་གི་གསེར་ཁྲིའི་སྟེང་ལུ།།འགྱུར་མེད་ཀྱི༌ངང༌ལུ༌བཞུགས༌བཅུག།
༢  ཁ༽ཚིག༌འབྲུ༌བདུན༌མ། ༢་༢་༢་༡
ཁྱོད་ཞལ་བཅོ་ལྔའི་ཟླ་བ་དེ།།ན་ཚའི་ས་སྨུག་མ་སྤུབས་པར།།
རྟག་བུ་ཀུ་མུད་ང་དང་ཆ།།དགའ་སྤྲོའི་ངང་ལས་བཞུགས་གནང་མས།།

ཞལ་རས་ལེགས་ཚེ་མིག་ཁར་ཚུད།།སྐུ་གཟུགས་བྱ་ཚེ་སེམས་ཁར་འབབ།།
གསུང་སྐད་ཧན་ཚེ་རྣ་བར་འཛུལ།།སྟག་ཤར་ལྷ་དང་འདྲ་བ་ལོ།།

སྒྱུ་མའི་ནོར་ལ་ཆགས་པ་གཅིག།མཛེས་པའི་གཟུགས་ལ་ཞེན་པ་གཉིས།།
སྙན་པའི་སྒྲ་ལ་གཏད་པ་གསུམ།།འཁོར་བར་ཐིམ་པའི་རྒྱུ་ཡིན་ ༼ཨིན་༽ པས།།

མཚར་མཚར་ཁྱོད་ཞལ་པད་མ་ལུ།།ཧྲིག་ཧྲིག་མིག་གི་གསེར་སྦྱངམ་གཉིས།།
ཁྱིར་ཁྱིར་ང་ལུ་བལྟ་བའི་ཚེ།།འདར་འདར་ངའི་ ༼ཡི་༽ གཟུགས་རྩ་འདར།།

༢  ག༽ཚིག་འབྲུ་བདུན་མ། ༢་༢་༡་༢
ས་ཐག་རྒྱང་གི་བུ་ཁྱོད་ལུ།།དམ་ཚིག་ཡོད་ག་ང་མི་ཤེས།།
ནཱ་ལུ་སྡོད་མི་བུམོ་ང་ལས།།སེམས་ཀྱི་དམ་ཚིག་ཁྱོད་ལུ་ཡོད།། ༼སེམས་ཀྱི་དམ་ཚིག་དེ་ཡོད་གོ༽

མཐོ་བ་གངས་ཀྱི་ལ་རྩེ་ལུ།།ལ་དར་ཟུང་གཅིག་འཕྱར་ནུག་ལོ།།
དམའ་བ་གཡུས་བཟང་འདི་ཁ་ལུ།།ང་བཅས་གཉིས་ཀུ་འཆམ་ད་གེས།།
༼ཚིགས་བཅད་འདི་༢༢༢༡ཨིན་མས༽
རང་ལུ་ཕན་པ་ཡོདཔ་ཟེར་རུང་།།དམ་པའི་ལྷ་ཆོས་ལས་མིན་འདུག།
ད་ལྟོ་དུས་ཚོད་བཟངམོ་ཐོབ་ད།།འཕྲོ་བརླག་མ་གཏང་ངེ་ ༼ངའི་༽ ཆ་རོགས།།

༣  ཀ༽ཚིག༌འབྲུ༌བརྒྱད༌མ། ༡་༢་༢་༢་༡
ང་གཡུས་ཀྱི་སྨན་ཆུང་བུ་མོ་འདི།།ཕྱི་བལྟ་བའི་ངོ་རིས་མ་ལེགས་རུང་།།
ནང་སེམས་ཀྱི་དམ་ཚིག་གཙངམ་ལས་བརྟེན།།ཁྱོད་ང་དང་སྡོད་ན་མི་དྲག་ག།

མཐོཝ་དགུང་སྔོན་གཡུ་ཡི་ཕོ་བྲང་ནང་།།དགུང་ཁྲི་གདུགས་ཉི་མའི་བྱོན་ལུགས་དེ།།
དམའཝ་འབྲུག་ཡུལ་སྐྱིད་པའི་རྒྱལ་ཁབ་ཀྱི།།དཔོན་མངའ་བདག་བྱོནམ་ད་དབྱེ་བ་མེད།།

མར་ལྡུམ་ར་ནང་གི་ཧ་ལོ་དེ།།ཕྱི་བལྟ་བའི་ཁ་དོག་ལེགས་ཐངས་དང་།།
ནང་ཞིམ་པའི་སྦྲང་རྩི་ལྡན་ལུགས་གཉིས།།ལྕམ་རྗེ་བཙུན་པདྨ་མི་འདྲ་བས་ག?

བུཚུ་ཁྱོད་ཀྱིས་བརྒྱུད་འཕྲིན་ནང་ན་ལས།།གཏམ་ཧན་པའི་ཚིག་གི་མེ་ཏོག་འདི།།
ངེ་སེམས་ཀྱི་ལྡུམ་ར་ཁྲ་མའོའི་ནང་།།དུས་རྟག་བུ་ལོ་འདབ་རྒྱས་ཏེ་ཡོད།།

མར་ལྡུམ་རང་སྐྱེས་པའི་ལ་ཕུག་དེ།།རྩཝ་ཆེ་ཆུང་རང་གིས་མི་ཤེས་པས།།
ཁྱོད་ལེགས་པའི་སྟག་ཤར་གཞོན་པ་དེ།།ནང་བསམ་གཤིས་རང་གིས་མི་མཐོང་མས།།

ང་རྒྱང་ལས་འཁོར་བའི་གསེར་སྦྱངམ་འདི།།ནཱ་མེ་ཏོག་ཁྱོད་ཀྱི་རྩ་བ་ལུ།།
ང་གཤོག་སྒྲོ་ངལ་ངལ་འཕུར་རུ་རང་།།ཁྱོད་ང་ལུ་རྩ་ལས་བལྟ་མ་བཏུབ།།

ངེ་མི་ཚེ་མར་རེ་བཟུམ་འདི་ལུ།།རྐྱེན་རླུང་གིས་གཡབ་སྟེ་སྡོད་མ་སྟེར།།
ད་ཡུདཔ་ཐེངས་གཅིག་གི་མི་ཚེ་འདི།།དགའཝ་སྐྱིད་པའི་ངང་ལས་སྡོད་ད་གེས།།

༣  ཁ༽ཚིག་འབྲུ་བརྒྱད་མ། ༢་༢་༢་༢

ལྷ་མོ་ཁྱོད་ལུ་དངོས་གྲུབ་ཡོད་ན།།གསོལ་བ་བཏབ་མི་ལས་ཀྱིས་འཁོར་ཡོང་།།
སློབ་དཔོན་ཁྱོད་ལུ་ཡོན་ཏན་ཡོདཔ་ལས།།དད་པའི་སློབ་ཕྲུག་བརྟན་དུ་འཁོར་འོང་།།
སྟག་ཤར་ལུས་ཀྱི་ངོ་རིས་ལེགས་ཚེ།།སྨན་ཆུང་བུ་མོ་ཀུན་གྱི་རྒྱན་ཆ།།
ལུས་དང་རྣམ་ཤེས་སོ་སོར་བྱལ་རུང་།།ལེགས་པའི་འཛུམ་མདངས་སེམས་ལས་མ་བརྗེད།།
རང་གཟུགས་ཕ་མའི་འགན་ཁུར་ཕོག་ཚེ།།དྲིན་ཅན་ཕ་མའི་བཀའ་དྲིན་དྲན་དོ།།
རང་ལུ་གཅེས་པར་འཕང་པའི་ཕ་མ།།རང་སྲོག་ལས་ཀྱང་གཅེས་པར་འཛིན་དོ།།
སྟག་ཤར་ཚོགས་པ་པདྨའི་ལྡུམ་རར།།ངོ་རིས་སྦྲང་རྩིའི་བཅུད་ལྡན་མང་བས།།
བློ་སྟོབས་ཆུང་བའི་རྐང་དྲུག་རང་ཉིད།།རེ་ཞིག་མགོ་འཐོམ་ངང་དུ་ལུས་སོང་།། ༼ངང་ལུ་ལུས་དོ།།༽

༣   ག༽ཚིག་འབྲུ་བརྒྱད་མ། ༢་༡་༢་༢་༡
སྐལ་ལྡན་གྱི་སློབ་དཔོན་མཁས་པ་ཚུ།།ཕྱི་ནང་གི་ཡོན་ཏན་མཁས་པའི་གུ།།
འཛུམ་མདངས་ཀྱི་ཞལ་རས་མཚར་བའི་ཁར།།བྱང་ཆུབ་ཀྱི་སེམས་དང་ལྡན་པས་ལོ།།

དེང་སང་གི་སློབ་ཕྲུག་ཕོ་མོ་ཚུ།།རང་དོན་གྱི་ཡོན་ཏན་མ་ལྷབ་པར།།
མི་མཁོ་བའི་བུམོ་དང་སྨྱོ་རྫས་ཚུ།།འཕྲལ་ཕུགས་ཀྱི་བདེ་བར་བསམ་མ་ད།། ༼རྟག་བུ་ར་འཐུང་སྟེ་སྡོདཔ་མས་ས།།༽

ཙན་དན་གྱི་སྡོང་པོ་རིང་རུ་རང་།།ས་ཆུ་ལུ་བརྟེན་ཏེ་སྦོམ་དགོ་པས།།
སྟག་ཤར་གྱི་ངོ་རིས་ལེགས་རུ་རང་།།བྱ་སྤྱོད་ལུ་བལྟ་སྟེ་གདམ་དགོ་པས།།
དཀར་གསལ་གྱི་ཟླ་བའི་འོད་ཟེར་གྱིས།།ཀུ་མུད་ཀྱི་མེ་ཏོག་ཤར་དོ་བཟུམ།།
སློབ་དཔོན་གྱི་མཁས་པའི་ཐབས་ཤེས་ཀྱིས།།ང་བཅས་ཀྱི་རིག་པ་འཕེལ་བ་ལེགས།།

༤༽ཚིག་འབྲུ་དགུ་མ། ༢་༢་༢་༢་༡

གདུང་བརྒྱུད་མི་འདྲ་པད་མ་གླིང་པའི་གདུང་།།དབང་ཕྱུག་བརྒྱུད་འཛིན་རྒྱལ་པོའི་སྲོག་ཤིང་ཨིན།།
འབྲུག་ཡུལ་ལྷ་མི་སྲིད་སྡེའི་སྐྱབས་མགོན་མཆོག།མི་དབང་འཇིགས་མེད་གེ་སར་འཁྲུངས་པ་ལེགས།།
ཡབ་ནི་མི་འདྲ་འཇིགས་མེད་སེང་གེ་མཆོག།ཕྱི་དགྲ་གནོན་པའི་དཔའ་བོའི་སེང་གེ་ཨིན།།
ནང་གི་འཁོར་འབངས་སྐྱོང་བའི་མངའ་བདག་ཨིན།།མི་དབང་འཇིགས་མེད་སེང་གེ་ལྷ་རྒྱལ་ལོ།།

ཡུམ་ནི་མི་འདྲ་ཆོས་རྗེ་འབྲུག་པའི་གདུང་།།རྒྱལ་ཡུམ་ཨ་ཞེ་ཚེ་རིང་དབྱངས་སྒྲོན་མཆོག།
རྒྱལ་བའི་ཡུམ་མཆོག་རྗེ་བཙུན་སྒྲོལ་མ་ཨིན།།མི་དབང་ཨ་ཞེ་རྒྱལ་ལོ་ལྷ་རྒྱལ་ལོ།།

རྒྱལ་བཙུན་མི་འདྲ་རྗེ་བཙུན་པདྨ་མཆོག།ཡེེས་མཁའ་འགྲོ་མི་ཡི་གཟུགས་ལུ་བྱོན།།
ཁ་བཞི་དཔལ་ལྡན་འབྲུག་པའི་ཡུམ་མཆོག་ཨིན།།མི་དབང་རྒྱལ་བཙུན་རྒྱལ་ལོ་ལྷ་རྒྱལ་ལོ།།

མངའ་བདག་མི་འདྲ་འཇིགས་མེ་གེ་སར་མཆོག།ཡབ་རྗེ་དམ་པའི་ཐུགས་དགོངས་གཏད་ས་ཨིན།།
འཁོར་འབངས་ཡོངས་ཀྱི་ཡིད་བཞིན་ནོར་བུ་ཨིན།།མི་དབང་འཇིགས་མེད་གེ་སར་ལྷ་རྒྱལ་ལོ།།

༥༽ཚིག་འབྲུ་བཅིུག་མ། ༢་༢་༢་༢་༡་༢
ལྷ་ཡུལ་ས་ལ་འཕོས་པ་ཁ་བཞི་ཡི་འབྲུག་ཡུལ།།མཐའ་འཁོར་གངས་རི་ར་བས་བསྐོར་བ་ཡི་དབུས་སུ།།
ཤིང་དང་མེ་ཏོག་སྣ་ཚོགས་རང་བཞིན་གྱིས་འཁྲུངས་པས།།སྐྱིད་ཉམས་ལྷ་ཡི་གྲོང་ལས་ཁྱད་དུ་རང་འཕགས་སོང་།།

ཆོས་རྗེ་དཔལ་ལྡན་འབྲུག་པའི་བསྟན་སྲིད་ཀྱི་རྩ་བ།།བཀའ་བརྒྱུད་བསྟན་པའི་ཀ་ཆེན་གྱེན་དུ་ང་འདྲེན་པའི།།
ཆོས་སྡེ་རྫོང་གཞི་གཟི་བརྗིད་ཆེ་བ་ཡི་ཕོ་བྲང་།།ལྷ་ཡི་གཞལ་མེད་ཁང་བཟང་ས་སྟེང་དུ་ཕེབས་སོང་།།

ཆོས་ཕྱོགས་བསྟན་པའི་སྲོག་ཤིང་འཕགས་པ་ཡི་དགེ་འདུན།།སྐྱབས་རྗེ་མཁན་སློབ་རྣམས་ཀྱིས་དབུ་བཞུགས་ཀྱི་འཕགས་ཚོགས།།
ཉིན་མཚན་མེད་པར་སྐྱེ་འགྲོའི་འགྲོ་དོན་གྱི་ ༼དེ་༽ མཛད་པ།།གཡེང་བ་མེད་པའི་འཕྲིན་ལས་ཡ་མཚན་གྱི་གཞི་མ།།

དབང་ཕྱུག་བརྒྱུད་པར་འཛིན་པའི་མངའ་བདག་གི་ཡབ་སྲས།།མཁྱེན་རིག་འཇམ་དཔལ་དབྱངས་ཀྱི་རལ་གྲི་ལས་རྣོ་བ།།
ལྷག་བསམ་སྤྱན་རས་གཟིགས་ཀྱི་སྐུ་མདོག་ལས་དཀར་བ།།མི་དབང་ཡབ་སྲས་གཉིས་པོ་གཙུག་རྒྱན་དུ་བཞུགས་ཡོད།།

ཕྱིའི་ ༼ཡི་༽ དགྲ་རྣམས་མེད་པར་དགའ་བ་ཡི་རྒྱལ་ས།།ནང་གི་རྗེ་འབངས་མཐུན་པ་སྐྱིད་པ་ཡི་འབྲུག་ཡུལ།།
གསང་བར་བྱང་ཆུབ་སེམས་དཔའི་ས་ཐོབ་ཀྱི་ཞིང་ཁམས།།དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འཛམ་གླིང་གི་ལྷ་ཡུལ།། །།

མཇུག་བསྡུ།
ཕྱུག་ཕྱུག་ཐོས་བསམ་རིག་པས་རབ་ཕྱུག་པའི།།བཟང་བཟང་ཐུགས་གཤིས་བཟང་བའི་སློབ་མཆོག་གིས།།
མཐུན་མཐུན་ང་ཚོའི་བློ་མཐུན་ལས་འགུལ་འདིས།།ལྷག་ལྷག་སྔར་ལས་ལྷག་པའི་བློ་རིག་ཤར།།

བློ་དམན་རང་གི་ལྕོགས་གྲུབ་ཆུང་ན་ཡང་།།ཡང་ཅིག་ཐུགས་བསྐྱེད་བཟང་པོས་གཟིགས་པ་ན།།
ན་ལོན་རང་གི་བསམ་པའི་རེ་བ་འདི།།འདི་ནས་ནད་གྲོལ་ནད་པའི་སེམས་ལྟར་དགའ།།

ཕྲན་མོའི་ལས་འགུལ་ཁྲོན་པའི་རང་བཞིན་ལ།།སྐུ་མཆོག་རྒྱ་མཚོའི་ཉ་ཆེན་མཉེས་པའི་རྒྱུ།།
གསལ་ཞིང་དྭངས་པའི་ཆུ་མཛོད་མེད་ན་ཡང་།།བརྩེ་བའི་ཐུགས་ཀྱིས་ཧུབ་གཅིག་གསོལ་བར་ཞུ།།

སྙན་རྩོམ་རིག་པའི་རྒྱ་མཚོ་ཆེན་མོ་ལས།།རང་བློར་མཚམས་པའི་ཆུ་ཕུད་ལག་གང་པོས།།
མ་ཤེས་སྐོམ་པའི་སྡུག་པ་བསལ་ཡོད་པས།།སྐུ་ཉིད་མཆོག་ལ་བཀྲིན་ལེགས་སོ་ཞུ།།

སྙན་རྩོམ་རིག་པའི་གྲིབ་བསིལ་མེད་པའི་དུས།།རེ་ཞིག་ཚ་བས་གདུང་སྟེ་སྡུག་ན་ཡང་།།
གང་སྐུའི་རིག་པའི་གྲིབ་བསིལ་འོག་ཚུད་པས།།ཚ་བ་བསལ་མཛད་སྐུ་ཉིད་བཀྲིན་ཆེ།།

གསལ་གསལ་ཁྲིད་པའི་འགྲོ་སྟངས་གསལ་བའི་ངག།འཇམ་འཇམ་ཚིག་གི་རྣམ་པ་འཇམ་པོའི་གསུང་།།
དག་དག་རྣམ་དག་སློབ་སྟོན་གནང་མི་ལུ།།ཡང་ཡང་བཀྲིན་ཆེ་ཟེར་ཞུ་ནི་ལགས།། །།

ཕུལ་མི:    བདེ་ཆེན་དབང་མོ།
༼ཡང་ཡང་ཚིག་གི་མདའ་མོ་འཕངས་པ་ན། །ཚབ་ཚབ་འབད་དེ་རྩོམ་ཡང་ལྷག་མ་ཚུགས།།
ཤར་ཤར་བལྟ་སྟེ་མཇུག་ལུ་ལྷོད་པའི་ཚེ། །ལྷང་ལྷང་ཁྱོད་ཞལ་ང་ཡི་སེམས་ལ་ཤར།།༽

No comments: